ལྕགས་ཁུང་ཀརྨ་རིག་འཛིན་ནམ་མིང་གཞན་ལུག་ལོ། བོད་རབ་རྒྱལ་མེ་ལུག་(སྤྱི་ལོ་༡༩༦༧)ཆོ་འཕྲུལ་ཟླ་བའི་ཚེས་༡༦ཉིན་མདོ་སྨད་
ཛམ་ཐང་རྫོང་གཙོས་མདའ་གྲོང་དུ་སྐྱེས། ལོ་བདུན་ནས་ཡུལ་ཚོའི་སློབ་ཆུང་དུ་རྒྱ་ཡིག་ལོ་ལྔ་བསླབས། རྫོང་སློབ་འབྲིང་དུ་ལོ་གསུམ་ལ་
གཙོ་བོ་རྒྱ་ཡིག་བསླབས་ཤིང་ཞོར་དུ་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་ལ་བལྟས་པས་བོད་ཡིག་གི་ཀློག་ཚེགས་མེད་དུ་ཤེས།
 ༡༩༨༣ལོར་སི་བོད་སློབ་གྲྭ་ནས་ལོ་བཞིའི་རིང་སུམ་རྟགས་དག་གསུམ། ལོ་རྒྱུས། སྙན་ངག སྐར་རྩིས། རི་མོ་དང་རྒྱ་བོད་ཡིག་སྒྱུར་སོགས་
བསླབས།
 ༡༩༨༧ལོར་སློབ་གྲྭ་དེ་ལས་མཐར་ཕྱིན་རྗེས་ཛམ་ཐང་རྫོང་རིག་གནས་ཁང་དུ་ལོ་གཉིས་ལ་དམངས་ཁྲོད་གཏམ་དཔེ་བསྡུ་སྒྲིག་སོགས་
ཀྱི་ལས་ཀ་བྱས།
 ༡༩༩༠ལོ་ནས་ཛམ་ཐང་རྫོང་དཔེ་མཛོད་ཁང་དུ་དཔེ་མཛོད་བདག་གཉེར་པའི་ལས་དོན་བསྒྲུབས།
 ༡༩༩༥ལོ་ནས་༡༩༩༧ལོའི་བར་དབྱིན་ཡིག་དང་བོད་བརྒྱུད་ནང་བསྟན་བྱུང་རིམ་ལ་བསླབས།
 ༡༩༩༧ལོ་ནས་༢༠༠༠ལོའི་བར་བྷལ་འཇེམ་དང་སུད་སིའི་རྒྱལ་མཚམས་མེད་པའི་སྨན་པའི་སྒྲིག་འཛུགས་ཀྱི་སྐད་སྒྱུར་བྱས།     ༢༠༠༡ལོར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་འབྲོང་ཤོག་ཡུལ་ཚོ་མི་དམངས་སྲིད་གཞུང་ནས་ལས་དོན་སྒྲུབ་ཞོར་དུ་
དར་རྒྱས་ཐེབས་རྩ་ཚོགས་པའི་སྐད་སྒྱུར་བྱས།  
  ༢༠༠༢ལོ་ནས་༢༠༠༤ལོའི་བར་མཚོ་སྔོན་རྒྱང་བསྒྲགས་བརྙན་འཕྲིན་སློབ་གྲྭ་ཆེན་མོའི་ཡུལ་ཤུལ་ཡན་ལག་སློབ་གྲྭའི་བོད་ཀྱི་སྐད་
ཡིག་སྡེ་ཁག་ཏུ་སློབ་སྦྱོང་བྱས། མིག་སྔར་སྦྱིན་པ་ཐེབས་རྩ་ཚོགས་པ་ཡུལ་ཤུལ་ལས་ཚན་གཞུང་དོན་ཁང་དུ་ཡིག་སྒྱུར་བྱེད་མུས་ལགས།
དེ་སྔར། མདོ་སྨད་རྡོ་ཡུལ་སྲས་མཁར་དགུ་ཐོག་གི་ལོ་རྒྱུས། མདོ་སྨད་གསང་སྔགས་ཤུགས་འབྱུང་གླིང་གི་གདན་རབས། བསྙུང་གནས་
བླ་མ་རིན་ཆེན་དར་རྒྱས་ཀྱི་རྣམ་ཐར། མདོ་སྨད་རྡོ་ཡུལ་རྟག་བརྟན་དམ་ཆོས་གླིང་གི་ལོ་རྒྱུས། བེ་རུ་མཁྱེན་བརྩེ་སྐུ་ཕྲེང་རིམ་བྱོན་གྱི་
རྣམ་ཐར། རིགས་སྔགས་འཆང་བ་ངག་དབང་ཡེ་ཤེས་རྒྱ་མཚོའི་རྣམ་ཐར་བཅས་བརྩམས་ཀྱང་དཔར་དུ་འཁོད་མེད།
¡¡