|
སྭསྟི། འགྲོ་ཀུན་དགའ་བའི་སྙིང་པོར་ཉེར་སྨིན་བསོད་ནམས་ཡེ་ཤེས་ཚོགས་ཟུང་གི།
།རྩེ་མོར་རབ་སོན་གྲགས་པའི་རྒྱལ་མཚན་མངོན་པར་
མཐོ་བས་མཁས་པ་ཀུན། །རྟག་ཏུ་དགའ་ཞིང་བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་བའི་དགེ་མཚན་ཅན།
།བློ་གྲོས་རྨད་བྱུང་བསྟན་པའི་རྒྱལ་
མཚན་མཚུངས་པ་མེད་རྣམས་ལ་ཕྱག་འཚལ། །དུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡབ།
།རྒྱལ་སྲས་ཚུལ་འཛིན་བཅོམ་ལྡན་འཇམ་
པའི་དབྱངས། །སྙིགས་དུས་གངས་ཅན་འགྲོ་བའི་དཔལ་གྱུར་པ། །རྗེ་བཙུན་ས་སྐྱ་པ་ལ་གསོལ་བ་འདེབས།
།འགག་མེད་སྤྲོས་བྲལ་རིག་སྟོང་ཟུང་
འཇུག་གཞི། །ཟབ་དང་རྒྱ་ཆེའི་ལམ་གྱིས་སྦྱངས་པའི་མཐུས། །སྐུ་གསུམ་མངོན་གྱུར་དོན་གཉིས་མཐར་ཕྱིན་པ།
།རྗེ་བཙུན་ས་སྐྱ་པ་ལ་གསོལ་བ་
འདེབས། །མི་བཟད་སྲིད་མཚོར་གཡེངས་པའི་འགྲོ་གཟིགས་ནས། །སྙིང་རྗེའི་རླུང་ཤུགས་ཆེན་པོས་རབ་བསྐྱོད་པའི།
།རྒྱ་ཆེན་བྱང་ཆུབ་སེམས་
ཀྱི་གྲུར་ཞུགས་པ། །རྗེ་བཙུན་ས་སྐྱ་པ་ལ་གསོལ་བ་འདེབས། །ཚོགས་གཉིས་རྒྱ་མཚོར་གྲངས་མེད་གསུམ་རོལ་ཞིང་།
།སྒྲིབ་གཉིས་དྲི་བྲལ་ཡོན་
ཏན་ནོར་བུའི་གཏེར། །སྲིད་ཞིའི་རྒུད་པ་མ་ལུས་སེལ་མཛད་པ། །རྗེ་བཙུན་ས་སྐྱ་པ་ལ་གསོལ་བ་འདེབས།
།གདོད་ནས་རྣམ་དག་སྤྲོས་ཀུན་ཉེར་
ཞིའི་དབྱིངས། མཚན་འཛིན་རྟོག་པའི་སྤྲིན་ལས་ངེས་གྲོལ་ཏེ། །ཟག་མེད་ཡེ་ཤེས་བྱེ་བས་ཉེར་བཀྲ་བ།
།རྗེ་བཙུན་ས་སྐྱ་པ་ལ་གསོལ་བ་འདེབས། །
རྣམ་དག་ཞིང་དུ་འགྱུར་མེད་བདེ་ཆེན་སྐུ། །རྒྱལ་སྲས་ཀླུ་དབང་ཀུན་གྱིས་ཉེར་སྤྱད་གཞི།
།ཐེག་མཆོག་བདུད་རྩིའི་ཆུ་གཏེར་མི་ཟད་པ། །རྗེ་
བཙུན་ས་སྐྱ་པ་ལ་གསོལ་བ་འདེབས། །སྤྲོས་བྲལ་ངང་ནས་རབ་འབྱམས་ཞིང་ཀུན་ཏུ། །ཡེ་ཤེས་སྒྱུ་མའི་རྣམ་འཕྲུལ་མཐའ་ཡས་ཀྱིས།
།བསམ་གྱིས་
མི་ཁྱབ་བཀོད་པས་རྣམ་རོལ་བ། །རྗེ་བཙུན་ས་སྐྱ་པ་ལ་གསོལ་བ་འདེབས། །གྲངས་མེད་འགྲོ་བའི་བསམ་པའི་རྗེས་འབྲངས་པས།
།ལ་ལར་ཞི་
དང་གཞན་དུ་དྲག་ཆེན་སྐུ། །དགྲ་བཅོམ་རང་རྒྱལ་ཚངས་སོགས་དུ་མར་སྟོན། །རྗེ་བཙུན་ས་སྐྱ་པ་ལ་གསོལ་བ་འདེབས།
།ཕྱོགས་འདིར་སྙིང་པོ་
རྩེ་མོ་རྒྱལ་མཚན་ཞབས། །བཟང་པོའི་ཞབས་སོགས་ཐ་མལ་གཟུགས་འཛིན་པས། །མཐའ་ཡས་འགྲོ་ལ་དྲི་མེད་ལམ་སྟོན་པ།
།རྗེ་བཙུན་ས་སྐྱ་པ་ལ་
གསོལ་བ་འདེབས། །མགོན་ཁྱོད་ཕལ་ཆེར་བསྐལ་བཟང་འགྲོ་བ་ལ། །གཞོན་ནུ་རྣམ་པར་རོལ་ཞིང་འགྱིངས་པའི་སྐུ།
།མཚན་དཔེའི་དཔལ་འབར་
མཁྱེན་པའི་གཏེར་ཞེས་གྲགས། །རྗེ་བཙུན་ས་སྐྱ་པ་ལ་གསོལ་བ་འདེབས། །དྲི་མེད་གསེར་བཟང་དྭངས་འབར་བའི་མདངས་ལྡན་ཞིང་།
།ཨུཏྤལ་
སྟེང་འཛིན་རལ་གྲི་གླེགས་བམ་བསྣམས། །རིན་ཆེན་རྒྱན་སྤྲས་འོད་ཟེར་ཕུང་པོ་ཅན།
།རྗེ་བཙུན་ས་སྐྱ་པ་ལ་གསོལ་བ་འདེབས། །དེ་ལྟར་འགྲོ་
སེམས་དྭངས་རྙོག་བྱེ་བྲག་གིས། །དཔག་མེད་སྐུ་ཡི་རྣམ་འཕྲུལ་ཉེར་སྟོན་ཀྱང་།
།ཟག་མེད་དབྱིངས་དང་ཀུན་ཏུ་རོ་གཅིག་པ། །རྗེ་བཙུན་ས་སྐྱ་པ་
ལ་གསོལ་བ་འདེབས། །འཁོར་ཚོགས་རྒྱ་མཚོའི་དབུས་སུ་བསྙེངས་བྲལ་བས། །དྲུག་ཅུའི་དབྱངས་ལྡན་ཐེག་གསུམ་སེངྒེའི་སྒྲ།
།རྟག་ཏུ་སྒྲོགས་པའི་
ཆོས་ཚུལ་རྒྱ་མཚོའི་གཏེར། །རྗེ་བཙུན་ས་སྐྱ་པ་ལ་གསོལ་བ་འདེབས། །ཉོན་མོངས་བག་ཆགས་བཅས་པའི་རྡུལ་སྤངས་པས།
།ཆོས་ཀུན་གསལ་
དང་མཉམ་དགོངས་མ་འདྲེས་གཟིགས། །དོན་ཀུན་གྲུབ་པའི་ཡེ་ཤེས་མཆོག་བརྙེས་པ། །རྗེ་བཙུན་ས་སྐྱ་པ་ལ་གསོལ་བ་འདེབས།
།ཐུགས་རྗེ་རྒྱ་
མཚོས་བསྐྲུན་པའི་སྨོན་ལམ་གྱི། །སྤྲིན་ཆེན་ལས་འོངས་རྣམ་དཀར་ཕྲིན་ལས་ཆར།
།རྣམ་གྲོལ་ལོ་ཏོག་རབ་ཏུ་རྒྱས་པའི་དཔལ། །རྗེ་བཙུན་ས་སྐྱ་
པ་ལ་གསོལ་བ་འདེབས། །བུམ་བཟང་དཔག་བསམ་ཤིང་དང་ནོར་བུ་ལྟར། །རིགས་གསུམ་འགྲོ་ལ་རང་རང་མོས་པ་བཞིན།
།སྣ་ཚོགས་ཐབས་
ཀྱིས་འདོད་དགུའི་མཆོག་སྩོལ་བ། །རྗེ་བཙུན་ས་སྐྱ་པ་ལ་གསོལ་བ་འདེབས། །འཇམ་མགོན་བླ་མའི་རྣམ་འཕྲུལ་རྒྱ་མཚོ་བཞིན།
།བདག་གི་སྤྲུལ་
པ་རྒྱ་མཚོས་སྲིད་པའི་བར། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་ཁྱོད་མཆོད་ཅིང་།
།རྟག་ཏུ་ཁྱོད་ཞབས་བསྟེན་པར་བྱིན་གྱིས་རློབས། །ཚེ་རབས་
ཀུན་ཏུ་རྒྱལ་བ་རྒྱ་མཚོ་ཡི། །སྐུ་ཡི་བཀོད་པ་རྒྱ་མཚོ་མངོན་གྱུར་ནས། །གསུང་རབ་རྒྱ་མཚོའི་དཔལ་ལ་དབང་སྒྱུར་ཞིང་།
།ཡེ་ཤེས་རྒྱ་མཚོར་
འཇུག་པར་ཕྱིན་གྱིས་རློབས། །མཁའ་དང་ཉི་མ་གློག་འོད་རྒྱ་མཚོ་ལྟར། །རྒྱ་ཆེ་གསལ་དང་མྱུར་འཇུག་རབ་ཟབ་པའི།
།རྨད་བྱུང་བློ་གྲོས་མཐའ་
ཡས་མྱུར་བསྐྱེད་ནས། །ཆོས་ཀུན་ཇི་བཞིན་རྟོགས་པར་བྱིན་གྱིས་རློབས། །ཐོས་དང་མཐོང་དང་རྟོགས་པའི་ཆོས་ཚུལ་ཀུན།
།ཚིག་དོན་ཇི་བཞིན་
བསྐལ་པ་རྒྱ་མཚོའི་བར། །བདེ་བླག་འཛིན་པའི་རླབས་ཆེན་གཟུངས་ཀྱི་སྒོ། །ཕུལ་བྱུང་མྱུར་དུ་ཐོབ་པར་བྱིན་གྱིས་རློབས།
།འཆད་དང་རྩོད་དང་
རྩོམ་པའི་ལེགས་བཤད་ཀྱིས། །དད་ལྡན་ཕྱིར་རྒོལ་མཁས་པའི་འགྲོ་མང་ཚོགས། །ཡིད་ཆེས་ཟིལ་གནོན་མགུ་བ་བསྐྱེད་ནུས་པའི།
།ངག་གི་དབང་
ཕྱུག་འགྲུབ་པར་བྱིན་གྱིས་རློབས། །འདིས་མཚོན་དུས་གསུམ་དགེ་བ་རྒྱ་མཚོས་བདག
།སྲས་བཅས་རྒྱལ་བའི་ཕྲིན་ལས་རྒྱ་མཚོ་ལ། །དབང་སྒྱུར་
སྒོ་ནས་སྐྱེ་དགུ་རྒྱ་མཚོ་ཡི། །དགེ་ལེགས་རྒྱ་མཚོ་འབྱུང་བའི་གཞིར་གྱུར་ཅིག
།སྐྱེ་བ་འདིར་ཡང་ཉེར་འཚེ་ཀུན་བྲལ་ནས། །ཁྱེད་ཞལ་ཟླ་བ་རྟག་
ཏུ་མཐོང་བ་དང་། །ཁྱེད་གསུང་ཐོས་ཤིང་ཡེ་ཤེས་གཟིགས་པ་ཡི། །བྱིན་རླབས་རྒྱ་མཚོ་མྱུར་དུ་འཇུག་གྱུར་ཅིག
།ཅེས་འཇམ་པའི་དབྱངས་ཀྱི་རྣམ་
འཕྲུལ་རྗེ་བཙུན་ས་སྐྱ་པ་ལ་བསྟོད་ཅིང་གསོལ་བ་འདེབས་པའི་ཚུལ་འདི་ནི།
བསྟོད་ཡུལ་ལ་མི་ཕྱེད་པའི་དད་པ་དང་ལྡན་པའི་ཚིག་སྦྱོར་སོགས་
ལ་བློ་གྲོས་ཀྱི་སྣང་བ་ཅུང་ཟད་སྐྱེས་པ་ཤཱཀྱའི་དགེ་སློང་མང་དུ་ཐོས་པའི་སྨྲ་བ་པོ་ཨཱ་ནནྟ་ཛྙཱ་ནས།
དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་
བའོ། །བྷ་ཝནྟུ། ཚེ་རབས་ཀུན་ཏུ་རྗེ་བཙུན་ས་སྐྱ་པའི། །ལེགས་གསུངས་མདོ་རྒྱུད་ཀུན་གྱི་སྙིང་པོའི་དོན།
།ཇི་བཞིན་རྟོགས་ནས་གཞན་ལ་སྤེལ་བ་
ཡིས། །བསྟན་འགྲོའི་དོན་ཆེན་འགྲུབ་པར་བྱིན་གྱིས་རློབས། །ཞེས་མགོ་གཤམ་དུ་ཚིགས་བཅད་རེ་རེ་བླ་མ་འགའ་ཞིག་གི་ཕྱག་སྲོལ་ལྟར་ལུང་
རྒྱུན་སྤེལ་ཆེད་དུ་སྙན་གྲགས་ལུང་རིགས་ཉི་མས་སྨྲས་པའོ། །དགེའོ། །སརྦ་མངྒ་ལཾ།
กก |