กก

༄༅། །བདག་ཉིད་ཆེན་པོ་གཞུང་ལུགས་རབ་འབྱམས་པ་ཀུན་དགའ་ཡེ་ཤེས་ཀྱི་བསྟོད་པ་བཞུགས་སོ། །
ཤཱཀྱའི་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད།

    ལྡེབ་ངོས་པུའོ། །

    ཨོཾ་སྭསྟི། རབ་འབྱམས་གཞུང་ལུགས་ཀུན་ལ་མཐར་སོན་ཅིང་། །ཚད་མེད་བརྩེ་བས་ལེགས་བཤད་དགའ་སྟོན་འགྱེད། །ཟབ་མོ་རྟེན་འབྱུང་
གཟིགས་པའི་ཡེ་ཤེས་ཅན། །ཆོས་རྗེ་བླ་མའི་ཞབས་ལ་གསོལ་བ་འདེབས། །ལུང་རྟོགས་ཡོན་ཏན་དཀྱིལ་འཁོར་རབ་རྫོགས་ཤིང་། །ཕྲིན་ལས་
འོད་དཀར་དྲྭ་བ་རྣམ་པར་གཡོ། །ཐུབ་བསྟན་ནམ་མཁའི་དབུས་ན་ལྷམ་མེ་བ། །ཆོས་རྗེ་བླ་མའི་ཞབས་ལ་གསོལ་བ་འདེབས། །ཕྲ་རགས་ཉེས་
པའི་རྡུལ་གྱིས་མ་གོས་ཤིང་། །ཚུལ་ཁྲིམས་ཕུང་པོས་རྣམ་པར་མཛེས་པའི་སྐུ། །ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས་ཀྱི་གཙོ། །ཆོས་རྗེ་བླ་མའི་ཞབས་
ལ་གསོལ་བ་འདེབས། །བྱམས་པའི་ཁྱོན་ཡངས་སྙིང་རྗེའི་ཆུ་དབུས་སུ། །བྱང་ཆུབ་སེམས་ཀྱི་རྐང་འཐུང་དབང་པོའི་ཚལ། །ལྷག་བསམ་མེ་ཏོག་
དཀར་པོའི་དཔལ་ལྡན་པ། །ཆོས་རྗེ་བླ་མའི་ཞབས་ལ་གསོལ་བ་འདེབས། །ཐུན་མོང་ལམ་གྱི་རིམ་པས་རྒྱུད་སྦྱངས་ནས། །གསང་ཆེན་རྡོ་རྗེ་ཐེག་
པའི་ལམ་ཞུགས་ཏེ། །སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མེད་པ། །ཆོས་རྗེ་བླ་མའི་ཞབས་ལ་གསོལ་བ་འདེབས། །དང་པོར་བྱང་ཆུབ་ཆེན་པོར་
ཐུགས་དམ་བཅས། །བར་དུ་ཤེས་བྱ་ཀུན་ལ་མཁས་པར་སྦྱངས། །མཐར་ཐུག་ཆོས་རྣམས་ཀུན་གྱི་དེ་ཉིད་གཟིགས། །ཆོས་རྗེ་བླ་མའི་ཞབས་ལ་
གསོལ་བ་འདེབས། །མང་དུ་ཐོས་པའི་ལུས་བཟང་དང་ལྡན་ཞིང་། །ཡང་དག་རིགས་པའི་རྒྱན་གྱིས་མཛེས་འབར་བ། །དྲི་མེད་གདམས་པའི་
བདུད་རྩིས་ཉེར་འཚོ་བ། །ཆོས་རྗེ་བླ་མའི་ཞབས་ལ་གསོལ་བ་འདེབས། །ཤེས་བྱ་ཀུན་ལ་མི་འཇིགས་མཁྱེན་པ་ཅན། །ལུས་ཅན་ཀུན་ལ་མ་ལྟར་
བརྩེ་བ་ཅན། །རྒྱལ་བ་ཀུན་གྱི་མཛད་པའི་ཕུལ་འཛིན་པ། །ཆོས་རྗེ་བླ་མའི་ཞབས་ལ་གསོལ་བ་འདེབས། །འཆད་ན་ཚངས་པའི་དབྱངས་ལྟར་
རབ་སྙན་ཅིང་། །རྩོད་ན་རྡོ་རྗེའི་ཆར་ལྟར་ཕས་རྒོལ་གཞོམ། །རྩོམ་ན་རིན་ཆེན་ཕྲེང་ལྟར་ཡིད་འཕྲོག་པ། །ཆོས་རྗེ་བླ་མའི་ཞབས་ལ་གསོལ་བ་
འདེབས། །མི་ཕམ་ཀླུ་སྒྲུབ་ཆོས་ཀྱི་གྲགས་པ་ཡི། །གཞུང་ལུགས་པདྨོའི་དགོངས་དོན་སྙིང་པོ་མཆོག །ཅི་བཞིན་འབྱེད་པའི་རྣམ་དཔྱོད་འོད་སྟོང་
ཅན། །ཆོས་རྗེ་བླ་མའི་ཞབས་ལ་གསོལ་བ་འདེབས། །ཀུན་རྟོག་མ་ལུས་དགའ་བཞིའི་ཏིང་འཛིན་གྱིས། །ལེགས་པར་སྦྱངས་པས་སྣ་ཚོགས་ཉོན་
མོངས་རྣམས། །ཟག་མེད་ཡེ་ཤེས་ཆེན་པོར་གནས་གྱུར་པ། །ཆོས་རྗེ་བླ་མའི་ཞབས་ལ་གསོལ་བ་འདེབས། །བསམ་གྱིས་མི་ཁྱབ་གསང་བ་རྒྱ་
མཚོའི་དོན། །གང་གི་ཡེ་ཤེས་གཟིགས་པའི་ཆ་ཙམ་གྱིས། །མངོན་དུ་མཛད་ནས་ཚུལ་བཞིན་ལེགས་འདོམས་པ། །ཆོས་རྗེ་བླ་མའི་ཞབས་ལ་
གསོལ་བ་འདེབས། །མདོ་རྒྱུད་དགོངས་པ་ཅི་བཞིན་འཆད་པའི་ཚེ། །དཀར་ཕྱོགས་ལྷ་རྣམས་གུས་པའི་ཆོ་འཕྲུལ་གྱིས། །མཐའ་ཡས་འགྲོ་བའི་
དད་པ་བསྐྱེད་མཛད་པ། །ཆོས་རྗེ་བླ་མའི་ཞབས་ལ་གསོལ་བ་འདེབས། །མཁའ་ལ་ཡིད་འཕྲོག་འཇའ་རིས་བཀྲ་བ་དང་། །ས་གཞི་མེ་ཏོག་
དཀར་པོའི་ཆར་གྱིས་ཁེབ། །སྣ་ཚོགས་སྤོས་དང་རོལ་མོས་ལེགས་མཆོད་པ། །ཆོས་རྗེ་བླ་མའི་ཞབས་ལ་གསོལ་བ་འདེབས། །འཇམ་མགོན་བླ་
མ་ཆོས་རྗེ་རིན་པོ་ཆེ། །འགྲོ་ཀུན་དགའ་མཛད་ཡེ་ཤེས་བསམ་མི་ཁྱབ། །མཁས་པའི་དབང་པོ་གཞུང་ལུགས་རབ་འབྱམས་པ། །ཁྱོད་ལ་རྣམ་པ་
ཀུན་ཏུ་བདག་སྐྱབས་མཆི། །འདྲེན་མཆོག་ཁྱོད་ལ་གསོལ་བ་བཏབ་པའི་མཐུས། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པས། །ཀུན་དགའི་
གསུང་རབ་རིན་ཆེན་འབྱུང་བའི་གནས། །ཡེ་ཤེས་རྒྱ་མཚོ་ཐོབ་པར་བྱིན་གྱིས་རློབས། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །ཁྱོད་ཞབས་
པདྨོ་གུས་པས་བསྟེན་པ་དང་། །ཁྱོད་གསུང་བདུད་རྩི་རྟག་ཏུ་མྱང་བ་དང་། །ཐུགས་རྗེ་ཆེན་པོས་ཉེ་བར་བཟུང་དུ་གསོལ། ། ༈ ཁྱད་པར་དགེ་
འདུན་འདུས་ཚོགས་རབ་རྒྱས་ཤིང་། །ཀུན་ཀྱང་ཐུགས་མཐུན་ཚུལ་གནས་ཁྲིམས་ཀྱིས་མཛེས། །ཐོས་བསམ་བསྒོམ་པའི་བྱ་བས་དུས་འདའ་
ཞིང་། །ཆོས་མཐུན་དཔལ་འབྱོར་རྒྱས་པར་མཛད་དུ་གསོལ། །སྐྱབས་གནས་དཀོན་མཆོག་གསུམ་གྱི་བདེན་པ་དང་། །འཇམ་དབྱངས་བླ་མ་ཀུན་
དགའ་ཡེ་ཤེས་ཀྱི། །ཐུགས་བསྐྱེད་སྨོན་ལམ་རྣམ་པར་དག་པའི་མཐུས། །ཇི་ལྟར་གསོལ་བའི་འདོད་དོན་ཀུན་འགྲུབ་ཤོག །ཅེས་པ་འདི་ནི་སྒར་
རྒྱུད་ཀྱི་བླ་མ་དུ་མས་ནན་གྱིས་བསྐུལ་བ་ལ་བརྟེན་ནས་འཇམ་མགོན་བླ་མ་ཆོས་ཀྱི་རྗེ་ལ་མི་ཕྱེད་པའི་དད་པ་དང་ལྡན་པ། ཚིག་སྦྱོར་སོགས་
ལ་བློ་ཡི་སྣང་བ་ཅུང་ཟད་ཐོབ་པ་ཤཱཀྱའི་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་སྦྱར་བའོ། །མཇུག་གི་ཤློ་ཀ་གཉིས་པོ་གསར་དུ་བཅུག་ནས་
༧ཤཱཀྱའི་དགེ་སློང་ངག་དབང་ལེགས་པས་ལུང་སྤེལ་བགྱིས་པ་སིངྔྷི་རསྟུ། །
กก

    ལྡེབ་ངོས་པུའོ། །