|
ཨོཾ་སྭསྟི་སིངྔྷཾ།
དཔལ་ནག་པོ་ཆེན་པོ་ལྕམ་དྲལ་གྱི་མཆོད་བསྐང་བར་ཆད་ཀུན་སེལ་ཞེས་བྱ་བ།
བླ་མ་དམ་པ་རྣམས་དང་ཁྱབ་བདག་རྡོ་རྗེ་
སེམས་དཔའ་ལ་ཕྱག་འཚལ་ལོ། །ཧཱུྃ། འདྲེན་མཆོག་ཐུགས་རྗེའི་དབང་ཕྱུག་བླ་མ་རྗེ།
།བསླུ་མེད་སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ། །དངོས་
གྲུབ་གཏེར་ཆེན་ཡི་དམ་ཞི་ཁྲོ་རྣམས། །འགྲོ་བའི་དོན་ཕྱིར་གནས་འདིར་གཤེགས་སུ་གསོལ།
།སངས་རྒྱས་བསྟན་པའི་སྲུང་མ་དམ་ཚིག་ཅན། །
དྲག་ཤུལ་ཆེན་པོས་དགྲ་བགེགས་འདུལ་མཛད་པ། །མཐུ་སྟོབས་མཉམ་མེད་བཀའ་སྲུང་མཁའ་འགྲོའི་ཚོགས།
།དམ་བཅས་ཐུགས་རྗེའི་དབང་
གིས་གནས་འདིར་གཤེགས། །ཁྱད་པར་མ་ཧཱ་ཀཱ་ལ་ལྕམ་དྲལ་དང་། །དཔལ་ལྡན་ཞལ་བཞི་གཉན་པོ་འཁོར་བཅས་རྣམས།
།ཕྱི་ནང་བར་ཆད་
བཟློག་ཕྱིར་གནས་འདིར་གཤེགས། །དམ་ཉམས་དགྲ་བགེགས་བསྒྲལ་ཕྱིར་གནས་འདིར་གཤེགས།
།བསྟན་པ་རྒྱ་མཚོ་བསྲུང་ཕྱིར་གནས་འདིར་
གཤེགས། །ཕྲིན་ལས་རྒྱ་མཚོ་བསྒྲུབ་ཕྱིར་གནས་འདིར་གཤེགས། །མཆོད་གཏོར་རྒྱ་མཚོ་བཞེས་ཕྱིར་གནས་འདིར་གཤེགས།
།དངོས་གྲུབ་རྒྱ་མཚོ་
སྩོལ་ཕྱིར་གནས་འདིར་གཤེགས། །ཕྱི་ནང་གསང་བའི་དཀྱིལ་འཁོར་ཆེན་པོ་ནས། །ཐོགས་མེད་རྫུ་འཕྲུལ་སྟོབས་ཀྱིས་འདིར་གཤེགས་སྟེ།
།དམ་
རྫས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་ནས། །རིག་འཛིན་བདག་གི་རེ་བ་སྐོང་བར་མཛོད།
།ཧཱུྃ། སྤྲོས་བྲལ་ཆོས་དབྱིངས་ནམ་མཁའི་ཀློང་
དཀྱིལ་དུ། །ཏིང་འཛིན་སྒྱུ་མའི་རྣམ་འཕྲུལ་གྱིས་སྤྲུལ་པའི། །མཆོད་སྤྲིན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པ།
།བདེ་ཆེན་འབར་བའི་རྫས་འདི་བཞེས་
སུ་གསོལ། །རྨད་བྱུང་དངོས་གྲུབ་རིན་ཆེན་འབྱུང་བའི་གནས། །བཀའ་སྲུང་དམ་ཅན་མཁའ་འགྲོ་འདུ་བའི་གཞི།
།བླ་མེད་དམ་རྫས་ཤ་ལྔ་བདུད་
རྩི་ལྔ། །སྨན་རཀ་བདུད་རྩིའི་རྒྱ་མཚོ་བཞེས་སུ་གསོལ། །ཧཱུྃ།
མ་ཧཱ་ཀཱ་ལ་འཇིགས་བྱེད་དྲག་པོའི་སྐུ། །བསྟན་སྐྱོང་གཙོ་བོ་བདུད་སྡེ་བརླག་མཛད་
པ། །མཐུ་ཆེན་དཔའ་བོ་འཁོར་དང་བཅས་རྣམས་ལ། །དམ་རྫས་མཆོད་གཏོར་འབུལ་ལོ་བཞེས་སུ་གསོལ།
།དགྲ་བགེགས་མ་ལུས་བསྒྲལ་བ་ལས་
བྱུང་བའི། །དམར་ཆེན་ཁྲག་ཞག་རྒྱ་མཚོའི་ཨརྒྷཾ་དང་། །དབང་པོའི་མེ་ཏོག་ས་གཞི་ཀུན་ཁྱབ་པ།
།བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་
འབུལ། །ཚིལ་ཆེན་དུད་པའི་སྤྲིན་ཕུང་མཁའ་ཁྱབ་ཅིང་། །ཞུན་ཆེན་སྒྲོན་མེ་ཉི་ཟླའི་མདངས་འཕྲོག་པ།
།མཁྲིས་པའི་དྲི་ཆབ་ཕྱོགས་བཅུར་ངད་
ལྡང་རྣམས། །བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ། །ཤ་རུས་བཟའ་བའི་རི་བོ་ལྷུན་སྟུག་ཅིང་།
།རྔ་ཆེན་དུང་སྒྲ་ས་གསུམ་འདར་
བྱེད་པ། །གཡང་གཞིའི་བླ་བྲེ་རྒྱུ་རློན་ལྡ་ལྡི་སོགས། །བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ།
།གཡབ་དར་ནག་པོ་དུས་ཀྱི་མུན་པའི་
གཟུགས། །དར་ལྕེ་དམར་པོ་བསྐལ་པའི་མེ་འོད་ཅན། །མགོན་པོ་འཁོར་བཅས་བསྟེན་དང་འབོད་པའི་རྫས།
།བཀའ་སྲུང་དམ་ཅན་རྒྱ་མཚོའི་
ཚོགས་ལ་འབུལ། །གྲི་ཐོད་རློན་པ་མཚན་ལྡན་ལྕང་ལོ་ཅན། །དམ་ཉམས་སྙིང་དང་ཤ་སྣས་རབ་བཀང་བའི།
།དམ་རྫས་གཏོར་ཆེན་སྤྲིན་གྱི་ཕུང་
པོ་འདི། །བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ། །རྟ་ནག་དྲེའུ་ནག་གཡག་ནག་ལུག་ནག་དང་།
།བྱ་ནག་ཁྱི་ནག་ལྕེ་སྤྱང་ནག་པོ་
སོགས། །གསང་བའི་བསྟེན་རྫས་སྤྲིན་གྱི་ཕུང་པོ་འདི། །བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ།
།སེང་གེ་སྟག་གཟིག་དོམ་དང་དྲེད་ལ་
སོགས། །གཅན་ཟན་གདུག་པའི་ང་རོ་ཆེར་སྒྲོག་པ། །སྤྱན་གཟིགས་དཀོར་ནོར་སྤྲིན་གྱི་ཕུང་པོ་འདི།
།བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་
འབུལ། །གསེར་དངུལ་བྱི་རུ་མུ་ཏིག་བཻཌཱུརྻ། །སྤུག་དང་མན་ཤེལ་རྡོ་ཡི་སྙིང་པོ་སོགས།
།སྣ་ཚོགས་རིན་ཆེན་སྤྲིན་གྱི་ཕུང་པོ་འདི། །བཀའ་སྲུང་
དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ། །གཞན་ཡང་རྡོ་རྗེ་ནག་པོ་མཉེས་པའི་རྫས། །ཁྲབ་རྨོག་བེར་དང་ཕུབ་སོགས་གོ་ཆ་དང་།
།དར་ཟབ་སྣ་
ཚོགས་སྤྲིན་གྱི་ཕུང་པོ་འདི། །བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ། །རིན་ཆེན་མཆོག་དང་མི་ཡི་རུས་པའི་རྒྱན།
།སྦྲུལ་ནག་ཆུན་པོ་
སྟག་གི་ཤམ་ཐབས་སོགས། །སྣ་ཚོགས་རྒྱན་གོས་སྤྲིན་གྱི་ཕུང་པོ་འདི། །བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ།
།རྩ་སྔགས་སྙིང་པོ་ཉེ་
སྙིང་ལ་སོགས་པ། །དྲག་སྔགས་ང་རོ་འབྲུག་གི་སྒྲ་ལྡན་དང་། །བསྟོད་པའི་སྒྲ་དབྱངས་སྤྲིན་གྱི་ཕུང་པོ་འདི།
།བཀའ་སྲུང་དམ་ཅན་རྒྱ་མཚོའི་
ཚོགས་ལ་འབུལ། །རྡོ་རྗེ་གྲི་གུག་ཁ་ཊྭཱཾ་དགྲ་སྟ་དང་། །རལ་གྲི་ཆུ་གྲི་མདུང་དང་མདའ་ལ་སོགས།
།རབ་འཇིགས་མཚོན་ཆའི་སྤྲིན་གྱི་ཕུང་པོ་
འདི། །བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ། །གཉིས་མེད་ཡེ་ཤེས་འོད་གསལ་ཕྱག་རྒྱ་ཆེར།
།རྣམ་པར་རོལ་པ་ལས་བྱུང་འགྱུར་མེད་
མཆོག །ཟག་མེད་བདེ་ཆེན་སྤྲིན་གྱི་ཕུང་པོ་འདི། །བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ།
། ༈ དེ་ལྟར་མཆོད་སྤྲིན་ནམ་མཁའ་ཁྱབ་
པ་འདིས། །དཔལ་ལྡན་རྡོ་རྗེ་ནག་པོའི་ཐུགས་དམ་བསྐང་། །ལྷ་དབང་ཡེ་ཤེས་མགོན་པོའི་ཐུགས་དམ་བསྐང་།
།བསྟན་སྐྱོང་བདུད་འདུལ་ཆེན་
པོའི་ཐུགས་དམ་བསྐང་། །དམ་ཅན་རིག་འཛིན་སྲུང་མའི་ཐུགས་དམ་བསྐང་། །རྣལ་འབྱོར་དགྲ་བླ་གཉན་པོའི་ཐུགས་དམ་བསྐང་།
།སྟོབས་
ཆེན་ཞིང་སྐྱོང་ཆེན་པོའི་ཐུགས་དམ་བསྐང་། །མཐུ་ཆེན་སྲོག་གི་བདག་པོའི་ཐུགས་དམ་བསྐང་།
།དཔལ་འབར་འཇིགས་བྱེད་ཆེན་པོའི་ཐུགས་
དམ་བསྐང་། །གཏུམ་ཆེན་ཁྲོ་རྒྱལ་ཆེན་པོའི་ཐུགས་དམ་བསྐང་། །དབང་སྒྱུར་ཚོགས་བདག་ཆེན་པོའི་ཐུགས་དམ་བསྐང་།
།དྲག་ཆེན་སྟོབས་ཀྱི་
མགོན་པོའི་ཐུགས་དམ་བསྐང་། །ཡུམ་ཆེན་ཨེ་ཀ་ཛ་ཊིའི་ཐུགས་དམ་བསྐང་། །འདོད་ཁམས་དབང་ཕྱུག་ལྷ་མོའི་ཐུགས་དམ་བསྐང་།
།དཔལ་
ལྡན་སྲིད་གསུམ་བདག་མོའི་ཐུགས་དམ་བསྐང་། །མ་གཅིག་མཁའ་འགྲོའི་གཙོ་མོའི་ཐུགས་དམ་བསྐང་།
།བཀའ་ཉན་གནོད་སྦྱིན་ཡབ་ཡུམ་
ཐུགས་དམ་བསྐང་། །ལས་མཁན་པུ་ཏྲ་ལྕམ་དྲལ་ཐུགས་དམ་བསྐང་། །སྒོ་སྐྱོང་གདོང་ཅན་རྣམ་བཞིའི་ཐུགས་དམ་བསྐང་།
།དྲེགས་པ་སྡེ་བརྒྱད་
ཚོགས་ཀྱི་ཐུགས་དམ་བསྐང་། །དུར་ཁྲོད་བདག་པོ་ཡབ་ཡུམ་ཐུགས་དམ་བསྐང་། །རུ་འདྲེན་སྡེ་བཞིའི་དམག་གི་ཐུགས་དམ་བསྐང་།
།གཞན་
ཡང་བསྟན་པ་སྲུང་བའི་མཐུ་བོ་ཆེ། །ཞིང་སྐྱོང་གདོང་བཞི་རྩལ་ཆེན་འཁོར་བཅས་སོགས།
།བཀའ་སྲུང་མཁའ་འགྲོའི་ཚོགས་རྣམས་མ་ལུས་
པ། །དམ་རྫས་མཆོད་པའི་སྤྲིན་གྱིས་མཉེས་གྱུར་ཅིག ། ༈
ཁྱོད་ནི་ཡེ་ཤེས་སྒྱུ་མའི་རྣམ་འཕྲུལ་ཏེ། །བདག་ཀྱང་སྣང་སེམས་སྒྱུ་མའི་དབང་གྱུར་
པས། །མཆོད་སྤྲིན་ཏིང་འཛིན་སྒྱུ་མས་སྤྲུལ་པ་འདི། །དམིགས་མེད་སྒྱུ་མའི་ངང་དུ་དགྱེས་པར་རོལ།
། ༈ ཧཱུྃ། བཀའ་སྲུང་མཁའ་འགྲོའི་ཐུགས་
དང་འགལ་གྱུར་པ། །སྒྲུབ་ལ་གཡེལ་དང་མཆོད་གཏོར་འགྱངས་པ་སོགས། །མི་ཤེས་བག་མེད་སྙོམས་ལས་དབང་གྱུར་པའི།
།སེམས་འཁོན་སྦྱང་
ངོ་ཉེས་པ་བཟོད་པར་གསོལ། །སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི། །དམ་ཚིག་ཆག་ཉམས་ཅི་མཆིས་མཐོལ་ལོ་བཤགས།
།བཟོད་པར་
བཞེས་ནས་ཚངས་པའི་དངོས་གྲུབ་སྩོལ། །ཉམས་གྲིབ་དག་ཅིང་དམ་ཚིག་སྐོང་བར་མཛོད།
། ༈ ཧཱུྃ། བསྟེན་ནོ་བསྒྲུབ་བོ་མགོན་པོ་རྒྱང་མ་རིང་། །
བོས་སོ་གཡབ་བོ་ལེགས་ལྡན་སྤྱན་མ་རྟུལ། །མཆོད་དོ་བཀུར་རོ་ལྷ་དབང་མགུ་མ་དཀའ།
།གཏད་དོ་གཉེར་རོ་བཀའ་སྲུང་དམ་མ་གཡེལ། །
བཅོལ་ལོ་སྦྲན་ནོ་བཀའ་ཉན་དུས་མ་འགྱང་། །བསྐུལ་ལོ་རྦད་དོ་ལས་མགོན་མཐུ་མ་ཆུང་།
།འགྱེད་དོ་མངགས་སོ་ཕོ་ཉ་བང་མ་བུལ། །རེའོ་
གསོལ་ལོ་བདག་དོན་མྱུར་དུ་སྒྲུབས། །ཧཱུྃ། ཕྲིན་ལས་དུས་ལ་བབ་བོ་དམ་ཚིག་ཅན།
།བློ་ལྟོས་སྙིང་ནས་འཆའ་འོ་ལྷ་སྲུང་རྣམས། །མི་འབྲལ་རྒྱུན་
དུ་འགྲོགས་སོ་མཁའ་འགྲོའི་ཚོགས། །དོ་གལ་གཏིང་ནས་མཆིས་སོ་མཐུ་རྩལ་ཅན། །ཁྱོད་ནི་ཆགས་ཐོགས་བྲལ་བའི་མཁྱེན་བརྩེའི་གཏེར།
།
ཁྱོད་ནི་མུ་མཐའ་མེད་པའི་བྱིན་རླབས་མཚོ། །ཁྱོད་ནི་བསམ་ལས་འདས་པའི་རྣམ་འཕྲུལ་ཅན།
།དེ་བས་རིག་འཛིན་བདག་གི་ཕྲིན་ལས་མཛོད། །
སྩོལ་ཅིག་སྒྲུབས་ཤིག་དངོས་གྲུབ་ཕྲིན་ལས་རྒྱུན། །སྒྱུར་ཅིག་ཟློག་ཅིག་ཆགས་ཆེན་ལྟས་སྡིག་རྣམས།
།སོལ་ཅིག་གཞིལ་ཅིག་ཕྱི་ནང་བར་ཆད་
ཀུན། །སོད་ཅིག་སྒྲོལ་ཅིག་དམ་ཉམས་དགྲ་བགེགས་ཚོགས། །ཧཱུྃ།
བཀའ་སྲུང་མཁའ་འགྲོ་རྒྱ་མཚོ་མ་གཡེལ་བར། །སྔོན་གྱི་ཁས་བླངས་དམ་ཚིག་
རྗེས་དགོངས་ནས། །སངས་རྒྱས་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །རྣལ་འབྱོར་བསམ་པ་འགྲུབ་པའི་ཕྲིན་ལས་མཛོད།
།དུས་མིན་འཆི་བ་
བཟློག་པའི་ཕྲིན་ལས་མཛོད། །ཚེ་དང་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད། །སྐྱེ་འགྲོ་དབང་དུ་འདུ་བའི་ཕྲིན་ལས་མཛོད།
།ཉན་བཤད་
སྒྲུབ་པ་འཕེལ་བའི་ཕྲིན་ལས་མཛོད། །ཡིད་ལ་བཀྲ་བའི་དངོས་གྲུབ་མ་ལུས་པ། །ད་ལྟ་ཉིད་དུ་འགྲུབ་པར་མཛད་དུ་གསོལ།
།ཅེས་པ་འདི་ནི་
རིག་པ་འཛིན་པའི་རྣལ་འབྱོར་པ་ཨཱ་ནན་ཏ་ཛྙཱ་ནས་སྐྱེས་བདག་གི་ལོ་ཁྲུམས་སྟོད་ཟླ་བའི་ཉེར་བདུན་གྱི་ཕྱི་དྲོ།
འཕྲལ་དགོས་ཞིག་གི་ཆེད་དུ་
ཤིན་ཏུ་མྱུར་བར་བྲིས་པ་སྟེ།
འདི་ལ་བརྟེན་ནས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་གྱུར་ཅིག མངྒ་ལཾ་བྷ་ཝ་ཏུ།
སྭསྟི། ༈ མཆོད་བསྐང་
བར་ཆད་ཀུན་སེལ་སྤར་གྱི་འཕྲུལ། །སྒྲུབ་བརྩོན་ངག་དབང་ཉི་མས་བསྐྲུན་པའི་དགེས།
།རྒྱལ་བསྟན་དར་རྒྱས་ཡུན་དུ་གནས་པ་དང་། །འགྲོ་
ཀུན་ཕན་བདེའི་དཔལ་ལ་སྤྱོད་གྱུར་ཅིག །བདག་ཉིད་ཆེན་པོ་རབ་འབྱམས་ཆོས་ཀྱི་རྗེ།
།ཚུལ་ཁྲིམས་རྣམ་དག་བསྟན་པའི་རྒྱལ་མཚན་འཛིན། །
འགྲོ་ཀུན་དགའ་མཛད་ཕྱོགས་ལས་རྣམ་པར་རྒྱལ། །མཁན་སློབ་དམ་པ་གསུམ་གྱི་བསྟན་པ་རྒྱས་གྱུར་ཅིག
།སྲིད་ཞིའི་དཔལ་འབྱོར་མ་ལུས་
འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང་། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་ཀུན།
།དཔལ་འབྱོར་གྱིས་བརྒྱན་ཡུན་རིང་
ཞབས་བརྟན་མཛོད། །བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས།
།དོན་རྣམས་ཐམས་ཅད་
ཡིད་བཞིན་འགྲུབ་པ་དང་། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་མཛོད། །སྤར་འདི་ཐར་ལམ་ལྷུན་གྲུབ་བདེ་ཆེན་གླིང་གི་ཆོས་གྲྭ་ཆེན་པོར་
བཞུགས། སརྦ་མངྒ་ལཾ། ཤུ་བྷཾ། །
กก |