|
སྭསྟི། དམ་པ་རིན་པོ་ཆེ་ཁུ་དབོན་ལ་བསྟོད་པ། ནོར་བུའི་ཕྲེང་མཛེས་ཞེས་བྱ་བ།
བླ་མ་དམ་པ་རྣམས་དང་ལྷག་པའི་ལྷ་བཅོམ་ལྡན་འདས་
འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །རྒྱལ་སྲས་དམ་པའི་སྤྱོད་པ་ལ་གནས་ཤིང་།
།ལུང་རྟོགས་དམ་པའི་དཔལ་ལ་དབང་འབྱོར་
པས། །ས་གསུམ་འགྲོ་ལ་དམ་པར་རབ་གྲགས་པ། །དམ་པ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །ཐུབ་བསྟན་ཀུན་དགའི་ཆུ་ཀླུང་ཆེ་དབུས་སུ།
།རྨད་
བྱུང་གྲགས་པའི་སྤྲིན་སྒྲ་ཆེར་སྒྲོགས་ཤིང་། །རྣམ་དཀར་ཕྲིན་ལས་ཆེན་པོའི་ཆར་འབེབས་པ།
།དམ་པ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །དུས་གསུམ་
རྒྱལ་བ་ཀུན་གྱི་མཐུ་སྟོབས་སྐུ། །ཐེག་གསུམ་དམ་ཆོས་ཀུན་གྱི་མི་ཟད་གཏེར། །སྲིད་གསུམ་འགྲོ་བ་ཀུན་གྱི་མགོན་གྱུར་པ།
།དམ་པ་རིན་པོ་ཆེ་ལ་
ཕྱག་འཚལ་ལོ། །ཟག་མེད་དགའ་བཞིའི་བགྲོད་པ་མཐར་ཕྱིན་པས། །འགྱུར་མེད་ལྷན་སྐྱེས་དགའ་བའི་རྣམ་རོལ་ཅན།
།ཁྱབ་བདག་དགའ་ཆེན་
ཧེ་རུ་ཀ་ཡི་དངོས། །དམ་པ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །སྙན་པའི་གྲགས་པས་ཕྱོགས་ཀྱི་མཐའ་ཁྱབ་ཅིང་།
།རྣམ་འཕྲུལ་བྱེ་བའི་གྲགས་པའི་ཆོ་
འཕྲུལ་གྱིས། །གྲུབ་པའི་དབང་ཕྱུག་ཆེན་པོར་རབ་གྲགས་པ། །དམ་པ་རིན་པོ་ཆེ་ལ་ཕྱག་འཚལ་ལོ།
།གྲུབ་པ་རིག་འཛིན་རྣམས་ཀྱི་གཙོ་བོ་
མཆོག །ལྷ་མིའི་དབང་པོ་རྣམས་ཀྱི་གཙུག་གི་རྒྱན། །ཕྱོགས་ལས་རྣམ་པར་རྒྱལ་བའི་མཐུ་སྟོབས་ཅན།
།དམ་པ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །
བསྟན་པའི་སྲོག་ཤིང་འགྲོ་བ་ཀུན་གྱི་སྐྱབས། །དངོས་གྲུབ་གཉིས་ཀྱི་དགའ་སྟོན་ཆེན་པོའི་དཔལ།
།སྟོབས་ཀྱི་མགོན་པོ་གྲགས་པའི་དཔལ་
འབར་བ། །དམ་པ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །མ་རུངས་བདུད་ཀྱི་དཔུང་ཚོགས་ཀུན་འཇོམས་ཤིང་།
།དཀར་ཕྱོགས་ལྷ་རྣམས་དགའ་བ་
བསྐྱེད་མཛད་པ། །གྲགས་པའི་འོད་ཟེར་ཕྲེང་བས་རྣམ་མཛེས་པའི། །དམ་པ་རིན་པོ་ཆེ་ཡིས་བྱིན་གྱིས་རློབས།
།རྒྱ་ཆེན་ཚོགས་གཉིས་ཆུ་གཏེར་
ལས་འཁྲུངས་ཤིང་། །མཁྱེན་བརྩེ་ནུས་པའི་གཟི་འབར་དབང་གི་རྒྱལ། །མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་དཔལ།
།དྲུང་ཆེན་རིན་པོ་ཆེ་ལ་
གསོལ་བ་འདེབས། །ཐུབ་བསྟན་རྒྱ་མཚོ་ཀུན་ནས་མཛེས་པའི་རྒྱན། །དོན་གཉིས་ནོར་བུའི་དགའ་སྟོན་ཆེན་པོའི་མཛོད།
།རྣམ་གྲོལ་ཡེ་ཤེས་
མཆོག་གི་དཔལ་བརྙེས་པ། །དྲུང་ཆེན་རིན་པོ་ཆེ་ལ་གསོལ་བ་འདེབས། །དྲི་མེད་ཚུལ་ཁྲིམས་རྒྱན་གྱིས་མཛེས་པའི་སྐུ།
།རིག་སྔགས་བྱེ་བའི་
གཟི་བརྗིད་འབར་བའི་གསུང་། །བདེ་སྟོང་མཆོག་གི་དཔལ་ལ་རོལ་པའི་ཐུགས། །དྲུང་ཆེན་རིན་པོ་ཆེ་ལ་གསོལ་བ་འདེབས།
།ཟབ་མོའི་དེ་ཉིད་
གཟིགས་པའི་མཁྱེན་པ་ཅན། །འགྲོ་ལ་མ་ལྟར་བརྩེ་བའི་ཐུགས་རྗེ་ཅན། །སངས་རྒྱས་བསྟན་པ་རྒྱས་པའི་ཕྲིན་ལས་ཅན།
།དྲུང་ཆེན་རིན་པོ་ཆེ་ལ་
གསོལ་བ་འདེབས། །ཀུན་མཁྱེན་བསྟན་པའི་རྒྱལ་མཚན་རྩེར་གནས་ཤིང་། །ཟབ་ལམ་དགའ་སྟོན་ཆེན་པོས་འགྲོ་བ་རྣམས།
།སྐུ་གསུམ་ཡེ་ཤེས་
མཆོག་ལ་སྦྱོར་མཛད་པ། །དྲུང་ཆེན་རིན་པོ་ཆེ་ལ་གསོལ་བ་འདེབས། །ས་སྐྱོང་དྲེགས་ལྡན་རྣམས་ཀྱི་བསྟི་གནས་མཆོག
།མཐའ་ཡས་འགྲོ་བར་
རྗེས་སུ་འཛིན་པའི་དཔལ། །བཀའ་སྲུང་མཁའ་འགྲོ་བྲན་ལྟར་འཁོལ་མཛད་པ། །དྲུང་ཆེན་རིན་པོ་ཆེ་ལ་གསོལ་བ་འདེབས།
།ལྷག་པའི་ལྷ་མཆོག་
ཀུན་གྱིས་རྗེས་བཟུང་ནས། །ཕྲིན་ལས་རྣམ་བཞིའི་དགའ་བའི་དཔལ་རྒྱས་པས། །ཡེ་ཤེས་རྒྱ་མཚོའི་དབུས་ན་ལྷམ་མེ་བ།
།དྲུང་ཆེན་རིན་པོ་ཆེ་
ལ་གསོལ་བ་འདེབས། །དམ་པའི་མགོན་གྱིས་རྟག་ཏུ་རྗེས་འཛིན་ཅིང་། །དམ་པའི་སྤྱོད་པ་དྲི་མེད་ལྷུར་བླངས་པས།
།དམ་པའི་སྐྱེ་བོས་མངོན་
པར་བསྔགས་པའི་གནས། །དམ་པའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན།
།རྟག་ཏུ་ངུ་དང་གཞོན་ནུ་
ནོར་བཟང་བཞིན། །སྤངས་རྟོགས་ཡོན་ཏན་རྒྱ་མཚོའི་མཛོད་འཛིན་པའི། །བླ་མ་དམ་པ་རྟག་ཏུ་མཉེས་བྱེད་ཤོག
།དམ་པ་དམ་པའི་སྤྲུལ་པ་དང་
བཅས་ལ། །བསྟོད་པའི་བསྟོད་ཚིག་ནོར་བུའི་ཕྲེང་མཛེས་འདི། །དྲུང་པ་དྲུང་སྐོར་བཅས་པའི་བཀས་བསྐུལ་ནས།
།བློ་ཆེན་བློ་ཡི་ཆུ་གཏེར་ལས་
འཁྲུངས་སོ། །ཞེས་པ་འདི་ནི་ཐམས་ཅད་འདུལ་གྱི་ལོ་སྨིན་དྲུག་ཟླའི་དཀར་པོའི་ཚེས་གཅིག་གི་སྔ་དྲོ།
མང་དུ་ཐོས་པའི་དགེ་སློང་ཀུན་དགའ་ཡེ་
ཤེས་ཀྱིས་མྱུར་མགྱོགས་སུ་བྲིས་པའོ། ། ༈
གང་ལ་བསྟོད་ཚིག་ནོར་བུའི་ཕྲེང་མཛེས་ཀྱི། །སྤར་དུ་བསྐྲུན་པའི་ལེགས་བྱས་གྲུ་བོ་ཆེས།
།བདག་
སོགས་འགྲོ་ཀུན་སྲིད་མཚོ་ལས་བསྒྲལ་ནས། །སྐུ་གཉིས་བདེ་བའི་ཕ་རོལ་ཕྱིན་གྱུར་ཅིག
།ཅེས་པའི་སྤར་བྱང་སྨོན་ཚིག་འདིའང་མཁས་གྲུབ་མིང་
གིས་སྣང་རྩེ་རི་ཁྲོད་ནས་སྤེལ་བའོ། །སརྦ་མངྒ་ལཾ། །
กก |