༄༅། །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་རྒྱུད་དོན་རབ་ཏུ་གསལ་བར་བྱེད་པ་ ལེགས་བཤད་ནོར་བུའི་སྒྲོན་མ་ཞེས་བྱ་བ་བཞུགས་སོ། ། སྒ་རབ་འབྱམས་པ་ཀུན་དགའ་ཡེ་ཤེས་ཀྱིས་མཛད།
བསྡོམས་ལྡེབ་ངོས་༡༡ཡོད། ༡༽ ༢༽ ༣༽ ༤༽ ༥༽ ༦༽ ༧༽ ༨༽ ངོས་༩པ། ༡༠༽ ༡༡༽
༈ གཉིས་པ་རྒྱས་པར་བཤད་པ་ལ་གཉིས། གཞན་དོན་སྒྲུབ་པའི་ལམ་དང་། འབྲས་བུ་མངོན་དུ་བྱེད་ཚུལ་ལོ། ། དང་པོ་ལ་བཞི། ཇི་ལྟར་མཛད་པའི་ཚུལ། མཛད་པ་པོའི་རྣམ་པ། ལམ་རང་གི་ངོ་བོ། ལམ་གྱིས་ངེས་པར་འབྱུང་ཚུལ་ལོ། ། དང་པོ་ནི། ལག་པ་བརྒྱ་པོ་ཀུན་བསྐྱོད་ཅིང་། །གོམ་པའི་སྟབས་ཀྱིས་གར་བྱེད་པ། །དཔལ་ལྡན་ལག་པ་བརྒྱས་གང་ལ། །ནམ་མཁའ་ཁྱབ་པར་ གར་བྱེད་པ། །ས་ཡི་དཀྱིལ་འཁོར་གཞི་ཡི་ཁྱོན། །རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང་། །ཚངས་པའི་ཡུལ་ ས་རྩེ་ནས་གནོན། །དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །དམ་པའི་དོན་ནི་འཇིག་པ་མེད། །རྣམ་རིག་སྣ་ཚོགས་གཟུགས་དོན་ཅན། །སེམས་དང་ རྣམ་ཤེས་རྒྱུད་དང་ལྡན། །དངོས་དོན་མ་ལུས་རྣམས་ལ་དགའ། །སྟོང་པ་ཉིད་དགའ་འདོད་ཆགས་བློ། །སྲིད་པའི་འདོད་ཆགས་སོགས་སྤངས་པ། ། སྲིད་གསུམ་དགའ་བ་ཆེན་པོ་སྟེ། །ཞེས་པ་སྟེ། སྒེག་པ་དང་དཔའ་བ་ལ་སོགས་པ་གར་གྱི་བྱེ་བྲག་གིས། ཕྱག་བརྒྱ་དང་། ཞབས་བརྒྱ་ལ་སོགས་པས་ ནམ་མཁའི་ཁམས་ཐམས་ཅད་ཁྱབ་ཅིང་། སྒྱུ་འཕྲུལ་ཆེན་པོའི་གར་གྱི་དབང་ཕྱུག་ཏུ་གྱུར་པ་ཡང་བཅོམ་ལྡན་འདས་ཉིད་དོ་ཞེས་སྟོན་པ་ནི། ལག་པ་བརྒྱ་པོ་ཀུན་བསྐྱོད་ཅིང་། །ཅེས་ཏེ། སེམས་ཅན་སྡུག་བསྔལ་པ་རྣམས་ལ་ཕྱག་ངར་བརྒྱས་སྡུག་བསྔལ་སེལ་བར་བྱེད་ཅིང་། དེའི་ཆེད་དུ་ བསྐྱོད་པའི་ཕྱིར། གོམ་པའི་སྟབས་ཀྱིས་གར་བྱེད་པ་སྟེ། རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་ཀྱིས་མགུ་བར་མཛད་ནས་མི་གནས་པའི་མྱང་འདས་ ལ་འཇོག་པའི་ཕྱིར་དུ། གཡས་བརྐྱང་དང་། གཡོན་བརྐྱང་ལ་སོགས་པའི་གར་དུ་མ་མཛད་པའི་ཕྱིར། ནམ་མཁའ་ལ་སྤྱོད་བྱའི་གར་བསྟན་པའི་ ཕྱིར་དུ། དཔལ་ལྡན་ལག་པ་བརྒྱས་གང་ལ། །ནམ་མཁའ་ཁྱབ་པར་གར་བྱེད་པ་ཞེས་ཏེ། ཚོགས་གཉིས་ཀྱི་དཔལ་དང་ལྡན་པའི་ལག་པ་བརྒྱས། ཡུལ་གང་ལ་ཕན་པར་གཟིགས་པ་ནི། ནམ་མཁའ་ཁྱབ་པར་བསྐྱོད་ཅིང་། ཡོངས་སུ་བསྐོར་བའི་ཚུལ་གྱིས་སེམས་ཅན་རྣམས་ཀྱི་དོན་མཛད་པའི་ གར་གྱི་དབང་ཕྱུག་དམ་པ་ཡིན་པའི་ཕྱིར། འཇིག་རྟེན་ལས་འདས་པའི་གར་གྱི་ཁྱད་པར་སྟོན་པའི་ཕྱིར་དུ། ས་ཡི་དཀྱིལ་འཁོར་གཞི་ཡི་ཁྱོན། ། རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །ཞེས་ཏེ། ས་ཆེན་པོའི་དཀྱིལ་འཁོར་གྱི་གཞིའི་ཁྱོན་ནམ་ངོས་ཐམས་ཅད། ཞབས་ཡ་གཅིག་གི་མཐིལ་གྱིས་ ཀྱང་གནོན་ཅིང་ཁྱབ་པར་མཛད་པའི་ཕྱིར། རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང་། །ཚངས་པའི་ཡུལ་ས་རྩེ་ནས་གནོན་པ་སྟེ། ཞབས་དེའི་མཐེ་ བོའི་སེན་མོ་ཙམ་གྱིས་ཀྱང་། ཚངས་པའི་ཡུལ་ས་སྟེ། སྲིད་པའི་རྩེ་མོའི་སྟེང་ན་ནམ་མཁའི་མཐར་ཐུག་པའི་གཟུགས་སུ། མུ་སྟེགས་པ་རྣམས་ཀྱིས་ ཡོངས་སུ་བཏགས་པ་སྟེ། དེའི་སྟེང་ནས་གནོན་པར་མཛད་པའི་ཕྱིར། ཞེས་འགྲེལ་ཆེན་དུ་འཆད་ལ། དོན་དུ་ན། རྫུ་འཕྲུལ་གྱིས་འདུལ་བའི་སྐྱེ་བོ་ ལ་ཕན་པའི་ཕྱིར་དུ། རྐང་མཐེབ་ཀྱི་སེན་མོ་ཙམ་གྱིས་ཀྱང་། ཚངས་པའི་ཡུལ་གྱི་རྩེ་མོ་མན་ཆད་ཁྱབ་པར་སྟོན་པའི་ཕྱིར། དེ་དག་ཀྱང་གདུལ་ བྱའི་དབང་གིས་བསྟན་པ་ཙམ་ཡིན་གྱི། ངེས་པའི་དོན་དུ་ན། དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །དམ་པའི་དོན་ནི་འཇིག་པ་མེད། །ཅེས་ཏེ། སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་དུ་རོ་གཅིག་ཅིང་། གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཆོས་ཀྱི་དོན་ཙམ་ཡིན་པའི་ཕྱིར་ དང་། གནས་ལུགས་དམ་པའི་དོན་དེ་ནི། ནམ་མཁའ་དང་འདྲ་བར་འཇིག་པ་མེད་པའི་ཕྱིར། དེ་ལྟར་ན་ཡང་། རྣམ་རིག་སྣ་ཚོགས་གཟུགས་དོན་ ཅན་ཏེ། སྔོན་གོམས་པའི་ཐུགས་རྗེ་དང་སྨོན་ལམ་གྱི་མཐུས་རྣམ་རིག་སྣ་ཚོགས་པའི་གཟུགས་ཀྱི་སྣང་བས་འགྲོ་བ་རྣམས་ཀྱི་དོན་མཛད་པའི་ ཕྱིར། སེམས་དང་རྣམ་ཤེས་རྒྱུད་དང་ལྡན་པ་སྟེ། རྟོག་བྲལ་ཡེ་ཤེས་ཀྱི་སེམས་དང་། རྟོགས་བཅས་རྣམ་པར་ཤེས་པའི་མཚན་ཉིད་ཅན་ཏེ། དེ་ གཉིས་ཀྱི་རྒྱུད་དམ་རྒྱུན་རབ་ཏུ་དང་བ་མེ་ལོང་གི་ངོས་དང་འདྲ་བ་ལ་སྐལ་བ་དང་འཚམས་པའི་སྣང་བ་བསྐྱེད་པར་མཛད་པ་དང་ལྡན་པའི་ ཕྱིར། དངོས་དོན་མ་ལུས་རྣམས་ལ་དགའ་བ་སྟེ། དངོས་པོ་ལ་མངོན་པར་ཞེན་པའི་སྐྱེ་བོ་རྣམས་ཀྱི་དོན་དུ། རང་དང་སྤྱིའི་ཚུལ་གྱིས་དངོས་པོ་ རྣམས་ལ་སྐྱེ་བ་དང་གནས་པ་ལ་སོགས་པའི། བརྡ་དང་ཐ་སྙད་རྣམས་སྦྱོར་བར་མཛད་པའི་ཕྱིར། སྟོང་པ་ཉིད་ལ་དགའ་བ་སྟེ། ཆོས་ཐམས་ཅད་ ཀྱི་ཆོས་ཉིད་དེ་བཞིན་ཉིད་ལས། དོན་དམ་པར་མངོན་པར་ཞེན་པ་མེད་པའི་ཚུལ་གྱིས་སྤྲོ་བ་དང་ལྡན་པའི་ཕྱིར། དེས་ན་འདོད་ཆགས་བློ་སྟེ། དེ་ལྟར་དེ་བཞིན་ཉིད་ལ་ཞེན་པ་མེད་པའི་ཚུལ་གྱིས་ཞེན་པ་དེའི་ཕྱིར། སྲིད་པའི་འདོད་ཆགས་སོགས་སྤངས་པ་སྟེ། གཟུགས་དང་གཟུགས་མེད་ པའི་ཁམས་གཉིས་ལ་མངོན་པར་ཞེན་པ་ནི་སྲིད་པའི་འདོད་ཆགས་ཏེ་དེ་ལས་འདས་པའི་ཕྱིར་དང་། སོགས་པའི་སྒྲས་འདོད་པའི་འདོད་ཆགས་ མ་ལུས་པ་སྤངས་པའི་ཕྱིར། སྲིད་གསུམ་དགའ་བ་ཆེན་པོ་སྟེ། དེ་ལྟར་ཆོས་ཉིད་ཐུགས་སུ་ཆུད་པས་སྲིད་པ་གསུམ་ལ་འདོད་ཆགས་དང་བྲལ་དུ་ ཟིན་ཀྱང་། ཐུགས་རྗེ་ཆེན་པོས་སྲིད་པ་གསུམ་གྱི་སེམས་ཅན་རྣམས་གདོན་པར་བྱ་བའི་ཐབས་ལ་དགྱེས་པ་ཆེན་པོ་དང་ལྡན་པའི་ཕྱིར། ༈ གཉིས་པ་མཛད་པ་པོའི་རྣམ་པ་ནི། སྤྲིན་དཀར་དག་པ་བཞིན་དུ་དཀར། །འོད་བཟང་སྟོན་ཀའི་ཟླ་བའི་འོད། །ཉི་མ་འཆར་ཀའི་དཀྱིལ་ལྟར་ མཛེས། །སེན་མོའི་འོད་ནི་ཤས་ཆེར་དམར། །ཅོད་པན་བཟང་པོ་མཐོན་ཀའི་རྩེ། །སྐྲ་མཆོག་མཐོན་ཀ་ཆེན་པོ་ཅན། །ནོར་བུ་ཆེན་པོ་འོད་ཆགས་ དཔལ། །སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན། །ཞེས་པ་ལ། སྤྲིན་དཀར་དག་པ་བཞིན་དུ་དཀར་བ་སྟེ། ཆུ་འཛིན་དཀར་པོ་ཁ་དོག་གཞན་དང་མ་ འདྲེས་པས་དག་པ་བཞིན་དུ། དྲི་མ་དང་བྲལ་བའི་ཤེས་རབ་ཀྱི་རང་བཞིན་ཅན་གྱི་སྐུ་དང་ལྡན་པའི་ཕྱིར། འོད་བཟང་སྟོན་ཀའི་ཟླ་བའི་འོད་ དང་ལྡན་པ་སྟེ། དང་ཞིང་བསིལ་ལ་འགྲོ་བ་རྣམས་ཚིམ་པར་བྱེད་པའི་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་མངའ་བའི་ཕྱིར་དང་། ཤེས་རབ་ཀྱི་ འོད་ཟེར་འཕྲོ་བས་རྣམ་པར་མཛེས་པའི་ཕྱིར། ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས་པ་སྟེ། ཐུགས་རྗེ་ཆེན་པོས་སེམས་ཅན་ལ་ཆགས་པའི་མདངས་ ཀྱིས་ཕྱི་རོལ་ཏུ་འོད་དམར་པོས་མཛེས་པའི་ཕྱིར། སེན་མོའི་འོད་ནི་ཤས་ཆེར་དམར་བ་སྟེ། རྒྱུ་མཚན་སྔ་མ་དེ་ཉིད་ཀྱིས་ན་འོད་དམར་པོ་དང་ ལྡན་པའི་སེན་མོ་མངའ་བའི་ཕྱིར། ཅོད་པན་བཟང་པོ་མཐོན་ཀའི་རྩེ་མོ་ཅན་ཏེ། རིན་པོ་ཆེ་མཐོན་ཀའི་རྩེའམ་མཆོག་གི་ཁ་དོག་ལྟར་སྔོ་ཞིང་ མཛེས་པའི་ཟུར་ཕུད་ལྔ་དང་ལྡན་པའི་ཕྱིར། སྐྲ་མཆོག་མཐོན་ཀ་ཆེན་པོ་ཅན་ཏེ། ནོར་བུ་མཐོན་ཀ་ཆེན་པོ་ལྟར་ཤིན་ཏུ་སྔོ་བའི་སྐྲའི་མཆོག་ འཆང་བའི་ཕྱིར། དེ་ཡང་མཐོན་ཀ་ནི་ཅུང་ཟད་སྔོ་བ། མཐོན་ཀ་ཆེན་པོ་ནི་ཤིན་ཏུ་སྔོ་བའོ། །ནོར་བུ་ཆེན་པོ་འོད་ཆགས་དཔལ་ཏེ། ཡིད་བཞིན་གྱི་ ནོར་བུ་ཆེན་པོ་ལྟར་འགྲོ་བ་མ་ལུས་པའི་མངོན་པར་འདོད་པའི་དོན་མཐའ་དག་རྫོགས་པར་མཛད་པའི་ཕྱིར་དང་། སྤྲུལ་པའི་འོད་ཟེར་རྣམས་ ཀྱིས་མཛེས་པའི་དཔལ་དང་ལྡན་པའི་ཕྱིར། སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན་པ་སྟེ། རིན་པོ་ཆེ་ལ་སོགས་པའི་རྒྱན་ཐམས་ཅད་ཟིལ་གྱིས་ གནོན་པར་བྱེད་པའི་སངས་རྒྱས་ཀྱི་སྤྲུལ་པའི་རྒྱན་གྱིས་ཤིན་ཏུ་ལེགས་པར་བརྒྱན་པའི་ཕྱིར། ༈ གསུམ་པ་ལམ་རང་གི་ངོ་བོ་ནི། འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ། །རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན། །དེ་ཉིད་དྲན་པ་ཆེན་པོ་ འཆང་། །དྲན་པ་བཞི་པོའི་ཏིང་འཛིན་རྒྱལ། །བྱང་ཆུབ་ཡན་ལག་མེ་ཏོག་སྤོས། །དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། །ལམ་གྱི་ཡན་ལག་བརྒྱད་ ཚུལ་རིག །ཡང་དག་སངས་རྒྱས་ལམ་རིག་པ། །སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ནམ་མཁའ་ལྟ་བུར་ཆགས་པ་མེད། །སེམས་ཅན་ཀུན་གྱི་ཡིད་ ལ་འཇུག །སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས། །སེམས་ཅན་ཀུན་གྱི་དབང་དོན་ཤེས། །སེམས་ཅན་ཀུན་གྱི་ཡིད་འཕྲོག་པ། །ཕུང་པོ་ལྔ་དོན་དེ་ ཉིད་ཤེས། །རྣམ་དག་ཕུང་པོ་ལྔ་འཆང་བ། །ཞེས་པ་ལ། འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ། །རྫུ་འཕྲུལ་རྐང་པའི་ སྟོབས་ཆེན་ལྡན། །ཞེས་ཏེ། དེ་ལ་རྫུ་འཕྲུལ་གྱི་རྐང་པ་བཞི་ནི། འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་ པའོ། །དེ་ཡང་ཡུལ་ལ་མངོན་དུ་ཕྱོགས་པའི་འདུན་པས་ནི། ཆོས་དེ་དག་མངོན་པར་བསྒྲུབ་བོ། །དེ་ལ་བཞུགས་པའི་བརྩོན་འགྲུས་ཀྱིས་ནི་རྫོགས་ པར་བྱེད་དོ། །ངོ་བོ་ལ་རྟོག་པར་བྱེད་པའི་སེམས་ཀྱི་ནི་འཇོག་པར་བྱེད་དོ། །ཁྱད་པར་ལ་མཁས་པའི་དཔྱོད་པས་ནི། དེ་དག་རྣམ་པར་འབྱེད་ པར་བྱེད་དོ། །དེ་ལྟ་བུའི་རྫུ་འཕྲུལ་གྱི་རྐང་པའི་སྟོབས་ཆེན་པོ་དང་ལྡན་པས། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་བསྐྱོད་ཅིང་གནོན་པར་མཛད་ པའི་ཕྱིར། འདིར་འཇིག་རྟེན་གྱི་ཁམས་བརྒྱ་ཞེས་པ་ནི་ཉེ་བར་མཚོན་པ་ཙམ་སྟེ། གཞན་དུ་ན་ས་བཅུ་པའི་མདོ་ལས་རྒྱ་ཆེར་གསུངས་པ་ལྟར། བསམ་གྱིས་མི་ཁྱབ་པའི་ཕྱིར། དེ་ཉིད་དྲན་པ་ཆེན་པོ་འཆང་བ་སྟེ། ཡུལ་བཅུ་ལ་དྲན་པ་ཉེ་བར་བཞག་པའི་དྲན་པ་ཆེན་པོ་དེ་དག་དང་ལྡན་ པའི་ཕྱིར། བཅུ་པོ་དེ་ཡང་གང་ཞེ་ན། ལུས་དྲན་པ་ཉེ་བར་བཞག་པ་དང་། ཚོར་བ། སེམས། ཆོས། སངས་རྒྱས་རྗེས་སུ་དྲན་པའི་དྲན་པ་ཉེ་བར་ བཞག་པ་དང་། དེ་བཞིན་དུ་ཆོས། དགེ་འདུན། ཚུལ་ཁྲིམས། གཏོང་བ། ལྷ་རྗེས་སུ་དྲན་པ་ཉེ་བར་བཞག་པའོ། །དྲན་པ་བཞི་པོ་ཏིང་འཛིན་རྒྱལ་ ཏེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རང་བཞིན་གྱིས་འོད་གསལ་བ་དྲན་པའི་ཚུལ་ཅན། དཔའ་བར་འགྲོ་བ་ལ་ སོགས་པའི་ཏིང་ངེ་འཛིན་བརྒྱ་སྟོང་གི་བདག་པོར་གྱུར་པའི་ཕྱིར། བྱང་ཆུབ་ཡན་ལག་མེ་ཏོག་སྤོས་ཏེ། བྱང་ཆུབ་ཀྱི་ཡན་ལག་བདུན་པོ་ཉིད། སྒོམ་ལམ་འབྲས་བུའི་རྒྱུར་གྱུར་པའི་མེ་ཏོག་ཡིན་ལ། དེ་རྣམས་ཀྱི་སྤོས་སམ་དྲི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཁྱབ་པའི་ཡོན་ཏན་དང་། ཡེ་ ཤེས་ཀྱི་རང་བཞིན་དང་ལྡན་པའི་ཕྱིར། དེ་བཞིན་གཤེགས་པའི་ཡོན་ཏན་མཚོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུན་མོང་མ་ཡིན་པའི་ ཡོན་ཏན་མ་འདྲེས་པ་བཅྭོ་བརྒྱད་ལ་སོགས་པ་རྣམས་ཤིན་ཏུ་རྒྱ་ཆེ་ཞིང་། ཡོན་ཏན་རིན་པོ་ཆེའི་འབྱུང་གནས་སུ་གྱུར་པ་དང་ལྡན་པའི་ཕྱིར། ལམ་གྱི་ཡན་ལག་བརྒྱད་ཚུལ་རིག་པ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་དང་། ཐུན་མོངས་མ་ཡིན་ པའི་ཚུལ་གྱིས་མཁྱེན་པའི་ཕྱིར། དེ་ཉིད་ཀྱིས་ན། ཡང་དག་སངས་རྒྱས་ལམ་རིག་པ་སྟེ། སངས་རྒྱས་ཀྱི་ལམ་ཆོས་ཀྱི་དབྱིངས་གཞན་གྱིས་བསྟན་ པ་ལ་མི་ལྟོས་པར། རང་ཉིད་ཀྱི་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པའི་ཕྱིར། སེམས་ཅན་ཀུན་ལ་ཤས་ཆེར་ཆགས་པ་སྟེ། སེམས་ཅན་ཐམས་ཅད་ མི་གནས་པའི་མྱ་ངན་ལས་འདས་པ་ལ་འཇུག་པའི་ཐུགས་རྗེ་ཆེན་པོའི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར། ནམ་མཁའ་ལྟ་བུར་ཆགས་པ་མེད་པ་སྟེ། ཆོས་ཐམས་ཅད་རང་བཞིན་མེད་པར་ཐུགས་སུ་ཆུད་པ། དྲི་མ་མེད་པའི་ཤེར་ཕྱིན་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར། སེམས་ཅན་ཀུན་གྱི་ཡིད་ལ་ འཇུག་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་ཉིད་མཉམ་པ་ཉིད་ཐུགས་སུ་ཆུད་པའི་ཕྱིར། སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས་པ་སྟེ། འདུལ་བའི་དུས་ལས་མི་འདའ་བར་ཅིག་ཆར་དུ་སེམས་ཀྱི་རྗེས་སུ་འགྲོ་བས། ཆོས་ཀྱི་དེ་ཁོ་ན་ཉིད་སྣང་བར་མཛད་པའི་ཕྱིར། སེམས་ཅན་ཀུན་ གྱི་དབང་དོན་ཤེས་པ་སྟེ། དད་སོགས་ཀྱི་དབང་པོ་རབ་འབྲིང་ཐ་མ་མཁྱེན་ནས་དེ་དང་རྗེས་སུ་མཐུན་པའི་ཆོས་སྟོན་པའི་ཕྱིར། སེམས་ཅན་ཀུན་ གྱི་ཡིད་འཕྲོག་པ་སྟེ། སེམས་ཅན་ཐམས་ཅད་དང་རྗེས་སུ་མཐུན་པའི་སྐུ་ཡིད་འཕྲོག་པ་སྟོན་པར་མཛད་པའི་ཕྱིར། ཕུང་པོ་ལྔ་དོན་དེ་ཉིད་ཤེས་ པ་སྟེ། གཟུགས་སོགས་ཀྱི་ཕུང་པོ་རྣམས་ཐ་སྙད་སྒྱུ་མ་ལྟ་བུ་དང་། དོན་དམ་པར་གཟོད་མ་ནས་མ་སྐྱེས་པའི། དེ་ཁོ་ན་ཉིད་ལེགས་པར་མཁྱེན་ པའི་ཕྱིར། རྣམ་དག་ཕུང་པོ་ལྔ་འཆང་བ་སྟེ། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ ཡེ་ཤེས་མཐོང་བའི་ཕུང་པོ་སྟེ། ཟག་པ་མེད་པའི་ཕུང་པོ་ལྔའི་ངོ་བོ་ཉིད་རྟག་ཏུ་འཛིན་པའི་ཕྱིར། ༈ བཞི་པ་ལམ་གྱིས་ངེས་པར་འབྱུང་བའི་ཚུལ་ནི། ངེས་འབྱུང་ཀུན་གྱི་མཐའ་ལ་གནས། །ངེས་པར་འབྱུང་བ་ཀུན་ལ་མཁས། །ངེས་འབྱུང་ཀུན་ གྱི་ལམ་ལ་གནས། །ངེས་པར་འབྱུང་བ་ཀུན་སྟོན་པ། །ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །དག་པ་རྣམ་པ་བཅུ་གཉིས་འཆང་། །བདེན་བཞིའི་ ཚུལ་གྱི་རྣམ་པ་ཅན། །ཤེས་པ་བརྒྱད་པོ་རྟོགས་པ་འཆང་། །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །རྣམ་པ་ཉི་ཤུས་ བྱང་ཆུབ་པ། །རྣམ་པར་སངས་རྒྱས་ཀུན་རིག་མཆོག །ཅེས་པ་ལ། ངེས་འབྱུང་ཀུན་གྱི་མཐའ་ལ་གནས་པ་སྟེ། ཐེག་པ་གསུམ་གྱི་ངེས་པར་འབྱུང་ བའི་མཐར་ཐུག་པ་ལ་གཞན་འཇོག་ཅིང་རང་ཉིད་བཞུགས་པའི་ཕྱིར། ངེས་པར་འབྱུང་བ་ཀུན་ལ་མཁས་པ་སྟེ། དེ་ཐམས་ཅད་ཀྱི་རང་གི་ངོ་བོ་ དང་། ཁྱད་པར་ཇི་ལྟ་བ་བཞིན་ཐུགས་སུ་ཆུད་པའི་ཕྱིར། ངེས་འབྱུང་ཀུན་གྱི་ལམ་ལ་གནས་པ་སྟེ། དེ་ཐམས་ཅད་ལ་རང་ཉིད་བཞུགས་པའི་ཚུལ་ གྱིས་གཞན་འཇུག་པར་མཛད་པའི་ཕྱིར། ངེས་པར་འབྱུང་བ་ཀུན་སྟོན་པ་སྟེ། མཐར་ཐུག་ཐེག་པ་གཅིག་གིས་ལམ་སྟོན་པར་མཛད་ཀྱང་གནས་ སྐབས་གདུལ་བྱའི་ངོར། ཐེག་པ་གསུམ་གྱི་ངེས་པར་འབྱུང་བ་སྟོན་པའི་ཕྱིར། སྔགས་དོན་ལས། ངེས་འབྱུང་ཀུན་གྱི་མཐའ་ལ་གནས། །ཞེས་སོགས་ རྐང་པ་བཞི་རིམ་པ་ལྟར་འཇིག་རྟེན་པ་དང་། ཉན་ཐོས་དང་། རང་རྒྱལ་དང་། ཐེག་ཆེན་གྱི་མྱང་འདས་ལ་སྦྱར་ནས་འཆད་དོ། །ཡན་ལག་བཅུ་ གཉིས་སྲིད་རྩ་བཏོན་པ་སྟེ། མ་རིག་པ་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ཀྱི་མཚན་ཉིད་ཅན་གྱི་སྲིད་པའི་རྩ་ བ་བདག་འཛིན་དྲུང་ཕྱུང་བའི་ཕྱིར། དག་པ་རྣམ་པ་བཅུ་གཉིས་འཆང་བ་སྟེ། ཐབས་དང་ཤེས་རབ་ཀྱི་སྟོབས་ཀྱིས་ཤིན་ཏུ་རྣམ་པར་དག་པའི་ དེ་བཞིན་ཉིད་ཀྱི། སྲིད་པའི་ཡན་ལག་འཛིན་པའི་ཕྱིར་དང་། གཟུང་འཛིན་གྱིས་དབེན་པའི་སྐྱེ་མཆེད་བཅུ་གཉིས་འཆང་བའི་ཕྱིར། བདེན་ བཞིའི་ཚུལ་གྱི་རྣམ་པ་ཅན་ཏེ། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་གྱི་མཚན་ཉིད་ཅན། བདེན་པ་བཞིའི་ཚུལ་ལམ། ལམ་ གྱི་རྣམ་པ་སྣ་ཚོགས་སྟོན་པར་མཛད་པའི་ཕྱིར། ཤེས་པ་བརྒྱད་པོ་རྟོགས་པ་འཆང་བ་སྟེ། བདེན་པ་བཞི་པོ་རེ་རེ་ལ་ཡང་། ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་ཞེས་བྱ་བའི་ཤེས་པ་བརྒྱད་པོ་ཐེག་པ་གསུམ་གྱིས་བསྡུས་པ་རྣམས། གདུལ་བྱ་དང་རྗེས་སུ་མཐུན་པར་ཐུགས་སུ་ཆུད་ཅིང་འཛིན་ པར་མཛད་པའི་ཕྱིར། བདེན་དོན་རྣམ་པ་བཅུ་གཉིས་ལྡན་པ་སྟེ། རྟེན་འབྲེལ་བཅུ་གཉིས་ཀྱི་རྣམ་པས་བདེན་པ་ལ་འཇུག་པའི་ཡེ་ཤེས་ཀྱིས་སྐྱེ་ མཆེད་བཅུ་གཉིས་རྣམ་པར་དག་པ་དང་ལྡན་པའི་ཕྱིར་དང་། ས་བཅུ་གཉིས་ཀྱི་མཐར་ཐུག་པའི་བདེན་པའི་དགོས་པ་དང་ལྡན་པའི་ཕྱིར། དེ་ ཉིད་རྣམ་པ་བཅུ་དྲུག་རིག་པ་སྟེ། ཤེར་ཕྱིན་ལས་གསུངས་པ་ལྟར། ནང་སྟོང་པ་ཉིད་ལ་སོགས་པ། སྟོང་པ་ཉིད་བཅུ་དྲུག་གི་དེ་ཁོ་ན་ཉིད་མཁྱེན་ པའི་ཕྱིར། རྣམ་པ་ཉི་ཤུས་བྱང་ཆུབ་པ་སྟེ། སྔ་མ་དེ་དག་ལས་གཞན་སྟོང་པ་ཉིད་བཞི་དང་བཅས་པའི་སྟོང་པ་ཉིད་ཉི་ཤུའི་རྣམ་པ་ཐུགས་སུ་ ཆུད་པའི་ཕྱིར། བཞི་པོ་དེ་ཡང་མདོ་ལས། རབ་འབྱོར་གཞན་ཡང་དངོས་པོ་ནི་དངོས་པོས་སྟོང་ངོ་། །དངོས་པོ་མེད་པ་ནི་དངོས་པོ་མེད་པས་ སྟོང་ངོ་། །རང་བཞིན་ནི་རང་བཞིན་གྱིས་སྟོང་ངོ་། །གཞན་གྱི་དངོས་པོ་ནི་གཞན་གྱི་དངོས་པོས་སྟོང་ངོ་། །ཞེས་པའོ། །རྣམ་པར་སངས་རྒྱས་ཀུན་ རིག་མཆོག་སྟེ། རྣམ་པ་སྣ་ཚོགས་པས་བྱང་ཆུབ་ཅིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བས་སྲིད་ཞི་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་ཕྱིར། ༈ གཉིས་པ་འབྲས་བུ་མངོན་དུ་བྱེད་པའི་ཚུལ་ལ་གསུམ། འབྲས་བུ་རང་གི་ངོ་བོ། གཞན་དོན་ལྷུན་གྲུབ་ཏུ་འབྱུང་ཚུལ། དེ་དག་གི་འཐད་པ་ བསྟན་པའོ། ། དང་པོ་ནི། སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །བྱེ་བ་དཔག་མེད་འགྱེད་པ་པོ། །སྐད་ཅིག་ཐམས་ཅད་མངོན་པར་རྟོགས། །སེམས་ཀྱི་སྐད་ཅིག་ དོན་ཀུན་རིག །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་ བུར་གནས། །ཉོན་མོངས་ཁམས་རྣམས་དག་པའི་བདག །ལས་ཀྱི་ཁམས་རྣམས་ཟད་བྱེད་པ། །ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ། །སྦྱོར་བའི་དགོན་པ་ ལས་བྱུང་བ། །ཉོན་མོངས་ཉེ་བའི་ཀུན་ཉོན་མོངས། །བག་ཆགས་བཅས་པ་གཏན་སྤངས་པ། །ཞེས་པ་ལ། སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །བྱེ་བ་ དཔག་མེད་འགྱེད་པ་པོ་སྟེ། ཇི་སྐད་བཤད་པའི་ཚུལ་གྱིས་ལམ་མཐར་ཕྱིན་པ་ན། སངས་རྒྱས་ཀྱི་སྤྲུལ་པ་དཔག་ཏུ་མེད་པའི་ཕྲིན་ལས་རྣམས་ ཀྱིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པའི་སེམས་ཅན་རྣམས་ཀྱི་དོན་ཅིག་ཆར་དུ་མཛད་པའི་ཕྱིར། སྐད་ཅིག་ཐམས་ཅད་མངོན་པར་རྟོགས་ པ་སྟེ། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ལ་སོགས་པ་སེམས་ཀྱི་སྐད་ཅིག་གི་བྱེ་བྲག་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར། སེམས་ཀྱི་སྐད་ཅིག་ དོན་ཀུན་རིག་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྐད་ཅིག་གི་དོན་རང་བཞིན་གྱིས་སྐྱེ་བ་མེད་པ་ཇི་ལྟ་བ་བཞིན་མཁྱེན་པའི་ཕྱིར། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ་སྟེ། འཇིག་རྟེན་དང་འཇིན་རྟེན་ལས་འདས་པའི་ཐེག་པ་སྣ་ཚོགས་ཀྱི་ཐབས་ ཚུལ་ལམ། ལམ་བསྟན་པས། འགྲོ་བའི་དོན་མངོན་མཐོ་དང་ངེས་ལེགས་ཐམས་ཅད་རྫོགས་པར་མཛད་པའི་ཕྱིར། ཐེག་པ་གསུམ་གྱི་ངེས་འབྱུང་ ལ། །ཐེག་པ་གཅིག་གི་འབྲས་བུར་གནས་པ་སྟེ། གནས་སྐབས་གདུལ་བྱའི་བསམ་པའི་བྱེ་བྲག་གི་དབང་དུ་མཛད་ནས། ཐེག་པ་གསུམ་གྱི་ལམ་ གྱིས་ངེས་པར་འབྱུང་བའི་ཚུལ་གསུངས་ལ། མཐར་ཐུག་ཐེག་པ་ཆེན་པོ་གཅིག་ཏུ་ཟད་ཅིང་། འབྲས་བུ་ཡང་སངས་རྒྱས་ཁོ་ནར་གནས་པའི་ཕྱིར། ཉོན་མོངས་ཁམས་རྣམས་དག་པའི་བདག་སྟེ། ཆོས་ཐམས་ཅད་བདག་མེད་པར་རྟོགས་པས་ཉོན་མོངས་པ་རྣམས་ཀྱི་ཁམས་སམ་རྒྱུ་མ་ལུས་པ་ དྲུང་ཕྱུང་བའི་ཚུལ་གྱིས་དག་པའི་བདག་ཉིད་ཡིན་པའི་ཕྱིར། ལས་ཀྱི་ཁམས་རྣམས་ཟད་བྱེད་པ་སྟེ། ཁམས་གསུམ་གྱིས་བསྡུས་པའི་ལས་ཀུན་ སློང་དང་བཅས་པ་ཡང་། སྐྱེ་བ་མེད་པའི་ཆོས་ཅན་དུ་རྟོགས་ཤིང་སྟོན་པའི་ཕྱིར། ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ་བ་སྟེ། འདོད་པའི་ཆུ་བོ་དང་། སྲིད་པའི་ཆུ་བོ་དང་། ལྟ་བའི་ཆུ་བོ་དང་། མ་རིག་པའི་ཆུ་བོ་སྟེ། བཞི་པོ་དེ་དག་ནི། སེམས་ཅན་རྣམས་ཀྱི་ལེགས་པའི་ཚོགས་འཕྲོག་པས་ཆུ་བོ་ དང་། བརྒལ་བར་དཀའ་བས་རྒྱ་མཚོ་སྟེ། དེ་ཐམས་ཅད་ལས་ཡང་དག་པར་བརྒལ་ཞིང་། སླར་མི་ལྡོག་པའི་ཚུལ་གྱིས་སྤངས་པའི་ཕྱིར། སྦྱོར་བའི་ དགོན་པ་ལས་བྱུང་བ་སྟེ། འདོད་པའི་སྦྱོར་བ་དང་། སྲིད་པའི་སྦྱོར་བ་དང་། ལྟ་བའི་སྦྱོར་བ་དང་། མ་རིག་པའི་སྦྱོར་བ་རྣམས་ནི། ཁམས་དང་། འགྲོ་བ་དང་། སྐྱེ་གནས་དང་། ས་རྣམས་སུ་སྦྱོར་བས་སྦྱོར་བ། དེ་ཉིད་ཤིན་ཏུ་འཇིགས་སུ་རུང་བས་དགོན་པ་སྟེ། དེ་ཐམས་ཅད་ལས་བྱུང་ཞིང་ ངེས་པར་འཐོན་པའི་ཕྱིར་རོ། །ཉོན་མོངས་ཉེ་བའི་ཀུན་ཉོན་མོངས། །བག་ཆགས་བཅས་པ་གཏན་སྤངས་པ་སྟེ། འདོད་ཆགས་ལ་སོགས་པ་རྩ་ བའི་ཉོན་མོངས་པ་དང་། ཁྲོ་བ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་ཐམས་ཅད། བག་ཆགས་དང་བཅས་པ་མ་ལུས་པ་རྣམ་པ་ཐམས་ཅད་དུ་ སྤངས་པའི་ཕྱིར། ༈ གཉིས་པ་གཞན་དོན་ལྷུན་གྲུབ་ཏུ་འབྱུང་ཚུལ་ནི། སྙིང་རྗེ་ཆེན་པོ་ཤེས་རབ་ཐབས། །དོན་ཡོད་འགྲོ་བའི་དོན་བྱེད་པ། །འདུ་ཤེས་ཀུན་གྱི་ དོན་སྤངས་ཤིང་། །རྣམ་ཤེས་དོན་ནི་འགག་པར་བྱེད། །སེམས་ཅན་ཀུན་ཡིད་ཡུལ་དང་ལྡན། །སེམས་ཅན་ཀུན་གྱི་ཡིད་རིག་པ། །སེམས་ཅན་ ཀུན་གྱི་ཡིད་ལ་གནས། །དེ་དག་སེམས་དང་མཐུན་པར་འཇུག །སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། །སེམས་ཅན་ཀུན་གྱི་ཡིད་དགའ་བ། །ཞེས་ པ་ལ། སྙིང་རྗེ་ཆེན་པོ་ཤེས་རབ་ཐབས། །དོན་ཡོད་འགྲོ་བའི་དོན་བྱེད་པ་སྟེ། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་། སྤྲོས་པ་དང་བྲལ་ བའི་མཁྱེན་རབ་དང་། གདུལ་བྱ་འདུལ་བའི་ཐབས་ལ་མཁས་པ་རྣམས་ཀྱིས། གནས་སྐབས་དང་མཐར་ཐུག་གི་དོན་ཡོད་ཅིང་། འགྲོ་བའི་དོན་ མཐོ་རིས་དང་བྱང་གྲོལ་གྱི་མཚན་ཉིད་ཅན། ཐམས་ཅད་རྫོགས་པར་མཛད་པའི་ཕྱིར། འདུ་ཤེས་ཀུན་གྱི་དོན་སྤངས་པ་སྟེ། མཚན་མར་འཛིན་ པའི་འདུ་ཤེས་ཐམས་ཅད་དང་། དེ་རྣམས་ཀྱི་དོན་ཏེ་དགོས་པར་དམིགས་པ་གང་ཡིན་པ་རྣམས་གནས་ལུགས་རྟོགས་པའི་ཡེ་ཤེས་ཀྱིས་སྤངས་ ཤིང་སྤོང་བར་མཛད་པའི་ཕྱིར། རྣམ་ཤེས་དོན་ནི་འགག་པར་བྱེད་པ་སྟེ། གཟུགས་སོགས་ཀྱི་ཡུལ་རྣམ་པར་རིག་པ་ནི་རྣམ་ཤེས་དང་། དེའི་དོན་ ནི་དེས་གཟུང་བར་བྱ་བའི་ཡུལ་ཏེ། དེ་དག་སྐྱེ་བ་མེད་པར་རྟོགས་པས་ཟག་པ་དང་བཅས་པའི་ཡུལ་དང་། མངོན་ཞེན་ཐམས་ཅད་སྤོང་བར་ མཛད་པའི་ཕྱིར། སེམས་ཅན་ཀུན་ཡིད་ཡུལ་དང་ལྡན་པ་སྟེ། གཟུང་འཛིན་གྱི་སྤྲོས་པ་རྣམ་པར་སྤངས་སུ་ཟིན་ཀྱང་། སེམས་ཅན་ཐམས་ཅད་ཀྱི་ ཡིད་དང་དེའི་སྤྱོད་ཡུལ་དང་བཅས་པ་ལ་དམིགས་ནས་སྐལ་བ་དང་ལྡན་པ་དང་། མི་ལྡན་པ་སོགས་ཐུགས་སུ་ཆུད་པའི་ཕྱིར། སེམས་ཅན་ཀུན་ གྱི་ཡིད་རིག་པ་སྟེ། དབང་པོ་ཐ་དད་པའི་སེམས་ཅན་རྣམས་ཀྱི་སེམས་ཀྱི་བྱེ་བྲག་ཇི་ལྟ་བ་བཞིན་མཁྱེན་པའི་ཕྱིར། སྔགས་དོན་ལས། སངས་རྒྱས་ ཀུན་གྱི་ཐུགས་རིག་པ། །ཞེས་བཏོན་ནས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རིག་པའི་ཕྱིར། ཞེས་འཆད་དོ། །སེམས་ ཅན་ཀུན་གྱི་ཡིད་ལ་གནས་པ་སྟེ། ཐུགས་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་ཡིད་དམ་སེམས་ལ་དམིགས་ནས། སྨིན་གྲོལ་གྱི་དུས་ལ་བབ་པ་ དང་། མ་བབ་པ་སོགས་གཟིགས་པར་མཛད་པའི་ཕྱིར། དེས་ན་དེ་དག་སེམས་དང་མཐུན་པར་འཇུག་པ་སྟེ། དེ་དག་གི་སྐལ་བ་དང་། བསམ་པ་ དང་མཐུན་པར་སྣང་བ་བསྐྱེད་ཅིང་འདོད་དོན་རྫོགས་པར་མཛད་པའི་ཕྱིར། སེམས་ཅན་ཀུན་ཡིད་ཚིམ་པར་བྱེད་པ་སྟེ། ཉེ་རིང་མེད་པ་སེམས་ ཅན་ཐམས་ཅད་ཀྱང་ཟག་པ་མེད་པའི་ཡེ་ཤེས་ཉིད་ལ་སྦྱོར་བའི་ཚུལ་གྱིས་ཚིམ་ཞིང་མགུ་བར་མཛད་པའི་ཕྱིར། དེས་ན་སེམས་ཅན་ཀུན་གྱི་ཡིད་ དགའ་བ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཟག་པ་མེད་པའི་མཆོག་ཏུ་དགའ་བ་ཆེན་པོ་དང་ལྡན་པར་མཛད་པའི་ཕྱིར། ༈ གསུམ་པ་དེ་དག་གི་འཐད་པ་བསྟན་པ་ནི། གྲུབ་པའི་མཐར་ཕྱིན་འཁྲུལ་པ་མེད། །ནོར་པ་ཐམས་ཅད་རྣམ་པར་སྤངས། །དོན་གསུམ་ཐེ་ཚོམ་ མེད་པའི་བློ། །ཀུན་དོན་ཡོན་ཏན་གསུམ་གྱི་བདག །ཕུང་པོ་ལྔ་དོན་དུས་གསུམ་དུ། །སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་ རྫོགས་སངས་རྒྱས། །སངས་རྒྱས་ཀུན་གྱི་རང་བཞིན་འཆང་། །ཞེས་པ་ལ། གྲུབ་པའི་མཐར་ཕྱིན་འཁྲུལ་པ་མེད་པ་སྟེ། གྲུབ་པའི་མཐའ་དང་། མན་ངག་ཐམས་ཅད་ཀྱི་མཐར་ཐུག་པའི་ཕ་རོལ་ཏུ་ཕྱིན་པས། འཁྲུལ་པའི་དྲྭ་བ་ཐམས་ཅད་སྤངས་པའི་ཕྱིར། དེས་ན་ནོར་པ་ཐམས་ཅད་རྣམ་ པར་སྤངས་པ་སྟེ། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་ཕྱིན་ཅི་མ་ལོག་པར་མཁྱེན་པའི་ཕྱིར། དོན་གསུམ་ཐེ་ཚོམ་མེད་པའི་བློ་དང་ལྡན་པ་སྟེ། སྤང་ བར་བྱ་བ་དང་། བླང་བར་བྱ་བ་དང་། བཏང་སྙོམས་སུ་བཞག་པར་བྱ་བའི་ཆོས་གསུམ་ཇི་ལྟ་བ་བཞིན་དུ་སྟོན་པ་ལ། བསླུ་བ་མེད་པའི་མཁྱེན་ པ་དྲི་མ་མེད་པ་མངའ་བའི་ཕྱིར། ཀུན་དོན་ཡོན་ཏན་གསུམ་གྱི་བདག་སྟེ། སྐལ་བ་ཇི་ལྟ་བ་བཞིན་དུ་གདུལ་བྱ་ཐམས་ཅད་ཀྱི་ཕན་པ་དང་། བདེ་བའི་དོན་དུ་འགྱུར་བའི་ཕྱིར་དང་། ཡོན་ཏན་གསུམ་གྱི་བདག་ཉིད་ཅན་གྱི་དེ་བཞིན་གཤེགས་པའི་ངོ་བོ་ཉིད་དུ་སྟོན་པའི་ཕྱིར། དེ་ཡང་ ཡོན་ཏན་གསུམ་ནི། སྙིང་སྟོབས་དང་། རྡུལ་དང་། མུན་པ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་བདག་ཉིད་ཡིན་ལ། དེ་དག་གིས་ འདུལ་བའི་སེམས་ཅན་རྣམས་ཀྱི་དོན་དུ་དེའི་རྣམ་པར་སྟོན་པ་ཡིན་གྱི། གྲངས་ཅན་གྱིས་བཏགས་པ། བེམས་པོའི་ངོ་བོར་གྱུར་པའི་ཡོན་ཏན་ནི་ མ་ཡིན་ཏེ། དེ་ནི་ཚད་མའི་སྟོབས་ཀྱིས་ཁེགས་པའི་ཕྱིར། དེ་བཞིན་དུ་ཕུང་པོ་ལྔ་དོན་དུས་གསུམ་དུ་སྟོན་པ་སྟེ། གཟུགས་སོགས་ཀྱི་ཕུང་པོ་ལྔའི་ དོན་དུས་གསུམ་གྱིས་བསྡུས་པ། དེ་དང་དེར་སོ་སོར་སྣང་བ་བསྐྱེད་པར་མཛད་པའི་ཕྱིར། སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད་པ་སྟེ། སྐད་ཅིག་མ་ བཅུ་དྲུག་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་ལམ་ལ་སོགས་པ་སོ་སོར་རྟོགས་ཤིང་སྟོན་པར་མཛད་པའི་ཕྱིར། དེ་ལྟར་སྣ་ཚོགས་སུ་སྟོན་ ཀྱང་། རང་གི་ངོ་བོ་ནི། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་པ་སྟེ། སྐད་ཅིག་མ་གཅིག་ཁོ་ན་ལ་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ མཐར་ཐུག་པ་མངོན་དུ་མཛད་པའི་ཕྱིར། སངས་རྒྱས་ཀུན་གྱི་རང་བཞིན་འཆང་བ་སྟེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ ནམ། མཚན་ཉིད་ཆོས་ཀྱི་སྐུའི་བདག་ཉིད་ཀྱིས་རྟག་ཏུ་གནས་པའི་ཕྱིར་རོ། ། ༈ གསུམ་པ་དོན་བསྡུ་བ་ནི། ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་རྟོགས་པ་པོ། །གཟུགས་རྣམས་སྣ་ཚོགས་ཀུན་ཏུ་སྟོན། །ནོར་བུ་ ཆེན་པོ་རིན་ཆེན་ཏོག །ཅེས་ཏེ། སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཀྱི་སྐུས་སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་རྣམ་པ་ཐམས་ཅད་དུ་ མཛད་པ་ལ། རང་དབང་དུ་གྱུར་ཅིང་གཟུགས་ཐམས་ཅད་ལས་ལྷག་པའི་སྐུར་སྤྲུལ་པས་གཟུགས་ཀྱིས་མངོན་པར་རློམ་པའི་སེམས་ཅན་རྣམས་ ཀྱི་དྲེགས་པ་བསལ་ནས། དོན་མཛད་པ་ལ་མཁས་པར་བསྟན་པའི་ཕྱིར་དུ། ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ཅེས་གསུངས་ཏེ། ཆོས་ཀྱི་དབྱིངས་ ཀྱི་རང་བཞིན་ཉིད་ཡིན་པས་བེམས་པོས་བསྡུས་པའི་ལུས་མེད་ཅིང་། ལོངས་སྐུ་མཚན་དཔེས་བརྒྱན་པའི་ཚུལ་གྱིས་ལྷ་ལ་སོགས་པ་ཐམས་ཅད་ ལས་ཆེས་མཆོག་ཏུ་གྱུར་པའི་གཟུགས་ཀྱི་སྐུ་སྟོན་པའི་ཕྱིར། ལུས་ཀྱི་མཐའ་ནི་རྟོགས་པ་པོ་སྟེ། གཟུགས་དེ་ཡང་གདུལ་བྱའི་དབང་གིས་མཐའ་ ཡས་ཤིང་གྲངས་མེད་པར་སྤྲུལ་ཞིང་འཕྲོ་བར་མཛད་པའི་ཕྱིར། གཟུགས་རྣམས་སྣ་ཚོགས་ཀུན་ཏུ་སྟོན་པ་སྟེ། ལྷ་ལ་སོགས་པ་གང་དང་གང་གི་ འདུལ་བ་རྣམས་ལ། དེ་དང་དེའི་གཟུགས་མ་ལུས་པ་རྣམ་ཀུན་ཏུ་སྟོན་པའི་ཕྱིར།