กก

༄༅། །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་རྒྱུད་དོན་རབ་ཏུ་གསལ་བར་བྱེད་པ་
ལེགས་བཤད་ནོར་བུའི་སྒྲོན་མ་ཞེས་བྱ་བ་བཞུགས་སོ། །
སྒ་རབ་འབྱམས་པ་ཀུན་དགའ་ཡེ་ཤེས་ཀྱིས་མཛད།

  བསྡོམས་ལྡེབ་ངོས་༡༡ཡོད།       ༡༽   ༢༽   ༣༽   ༤༽   ༥༽   ༦༽   ངོས་པ།   ༨༽   ༩༽   ༡༠༽   ༡༡༽

    ༈ གཉིས་པ་རྒྱས་པར་བཤད་པ་ལ་གཉིས། འབྲས་བུའི་ངོ་བོ་ཙམ་བཤད་པ། ལམ་དང་འབྲས་བུའི་ཁྱད་པར་བཤད་པའོ། །
    དང་པོ་ལ་གསུམ། སྤྱིར་བསྟན་པ། སོ་སོར་བཤད་པ། མཇུག་བསྡུ་བའོ། །
    དང་པོ་ལ་གཉིས། རྟེན་སྐུའི་རྣམ་པ། བརྟེན་པ་ཕྲིན་ལས་ཀྱི་འཇུག་ཚུལ་ལོ། །
    དང་པོ་ནི། གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །
གཟུགས་བརྙན་མ་ལུས་འཆང་བ་པོ། །ཚུགས་པ་མེད་ཅིང་ཆེ་བར་གྲགས། །ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། །འཕགས་ལམ་ཤིན་ཏུ་མཐོ་ལ་
གནས། །དར་བ་ཆེན་པོ་ཆོས་ཀྱི་ཏོག །འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །གནས་བརྟན་རྒན་པོ་སྐྱེ་དགུའི་བདག །སུམ་ཅུ་རྩ་གཉིས་མཚན་
འཆང་བ། །སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །ཞེས་པ་ལ། གཟུགས་མེད་ཅེས་ཀྱང་བྱ་སྟེ། ཆོས་ཀྱི་སྐུའི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར། གཟུགས་
བཟང་དམ་པ་སྟེ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར། སྣ་ཚོགས་གཟུགས་ཅན་ཏེ། གདུལ་བྱ་རྣམས་དང་མཐུན་པར་སྤྲུལ་པ་སྣ་ཚོགས་པའི་སྐུ་ཡང་དག་པར་སྟོན་པའི་ཕྱིར། ཡིད་ལས་སྐྱེས་པ་སྟེ། དེ་ཡང་ཕྱི་རོལ་དོན་གྱིས་སྟོངས་
ཤིང་། ཡེ་ཤེས་ཀྱི་བདག་ཉིད་ཙམ་ལས་བྱུང་བའི་ཕྱིར། གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ་ཏེ། གཟུགས་ཐམས་ཅད་གསལ་བར་སྟོན་པ་
ལ་དབང་སྒྱུར་བའི་ཕྱིར། གཟུགས་བརྙན་མ་ལུས་འཆང་བ་པོ་སྟེ། གདུལ་བྱའི་སྐྱེ་བོ་དྭངས་པའི་དད་པ་དྲི་མ་མེད་པའི་ཆུ་ལྟ་བུ་དང་ལྡན་པ་རྣམས་
ཀྱི་རྒྱུད་ལ། སྐལ་བ་དང་འཚམས་པའི་གཟུགས་བརྙན་སོ་སོར་སྣང་བར་མཛད་པའི་ཕྱིར། ཚུགས་པ་མེད་ཅིང་ཆེ་བར་གྲགས་པ་སྟེ། ཡུལ་དུས་ཐམས་
ཅད་དུ་ཐོགས་པ་མེད་པའི་ནུས་པས། གཞན་གྱིས་མི་བསྐྱོད་པའི་མཆོག་ཏུ་གྲུབ་པའི་ཕྱིར། ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། ཁམས་གསུམ་གྱི་
བདག་པོ་དབང་ཕྱུག་ཆེན་པོ་ལ་སོགས་པའིའང་བདག་པོར་གྱུར་པའི་ཕྱིར། དེ་ཉིད་ཀྱི་ཕྱིར་ཆེ་བར་གྲགས་པའང་ཡིན་ནོ། །འཕགས་ལམ་ཤིན་ཏུ་
མཐོ་ལ་གནས་པ་སྟེ། འཕགས་པའི་ཡན་ལག་བརྒྱད་པ་ཤིན་ཏུ་ཕུལ་དུ་བྱུང་བ་ལ་བཞུགས་པའི་ཕྱིར། དར་བ་ཆེན་པོ་ཆོས་ཀྱི་ཏོག་སྟེ། ཆོས་ཐམས་
ཅད་འབྱུང་ཞིང་དར་བའི་མཚན་མ་ཆེན་པོ་ཡང་དག་པའི་ཡེ་ཤེས་ཀྱི་ཏོག་གམ་རྒྱལ་མཚན་བསྒྲེང་བ་ཉིད་ཡིན་པའི་ཕྱིར། འཇིག་རྟེན་གསུམ་ན་
གཞོན་ལུས་གཅིག་སྟེ། ས་འོག ས་སྟེང་། ས་བླ་ཐམས་ཅད་དུ། གཞོན་ནུའི་ལུས་ཅན་འགྲན་ཟླ་མེད་པའི་སྐུ་དང་ལྡན་པའི་ཕྱིར། གནས་བརྟན་ཏེ། ཉན་ཐོས་སོགས་དགེ་འདུན་ཐམས་ཅད་ཀྱི་ནང་ནས་གནས་བརྟན་ཉིད་དུ་བསྟན་པས་མཆོག་ཏུ་གྱུར་པའི་ཕྱིར། རྒན་པོ་སྟེ། ཐམས་ཅད་མཁྱེན་
པའི་ཡེ་ཤེས་བརྙེས་ནས་ཡུན་རིང་དུ་ལོན་པའི་ཕྱིར་དང་། རང་རྒྱལ་རྣམས་ཀྱི་མཆོག་ཏུ་སྟོན་པའི་ཕྱིར། སྐྱེ་དགུའི་བདག་སྟེ། ཚངས་པ་ལ་སོགས་
པའི་གཟུགས་ཀྱིས་སྐྱེ་དགུ་ཐམས་ཅད་སྐྱོང་བའི་ཕྱིར་དང་། ཡང་ཡང་སྐྱེ་བ་བྱང་སེམས་རྣམས་ཀྱི་བདག་པོ་ཡིན་པའི་ཕྱིར། སུམ་ཅུ་རྩ་གཉིས་མཚན་
འཆང་བ་སྟེ། ཕྱག་ཞབས་འཁོར་ལོས་མཚན་པ་སོགས་སྐྱེས་བུ་ཆེན་པོར་མཚོན་པའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་སྐུ་མངའ་
བའི་ཕྱིར། སྡུག་གུ་འཇིག་རྟེན་གསུམ་ན་མཛེས་པ་སྟེ། སེན་མོ་ཟངས་ཀྱི་མདོག་ལྟར་དམར་བ་སོགས་དཔེ་བྱད་བཟང་པོ་བརྒྱད་ཅུས་ཡན་ལག་དང་
ཉིང་ལག་ཐམས་ཅད་མཛེས་པས། སེམས་ཅན་ཐམས་ཅད་ཀྱིས་བལྟ་བས་མི་ངོམས་པའི་ཕྱིར།
    ༈ གཉིས་པ་བརྟེན་པ་ཕྲིན་ལས་ཀྱི་འཇུག་ཚུལ་ནི། འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། །འཇིག་རྟེན་སློབ་དཔོན་འཇིགས་པ་མེད། །མགོན་སྐྱོབ་
འཇིག་རྟེན་ཡིད་གཅུགས་པ། །སྐྱབས་དང་སྐྱོབ་པ་བླ་ན་མེད། །ནམ་མཁའི་མཐའ་ལ་ལོངས་སྤྱོད་པ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །ཞེས་པ་
ལ། འཇིག་རྟེན་ཤེས་ལེགས་སློབ་དཔོན་སྟེ། འཇིག་རྟེན་པའི་ཡེ་ཤེས་དང་ཡོན་ཏན་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སློབ་དཔོན་གྱི་གནས་ཐོབ་པའི་
ཕྱིར། འཇིག་རྟེན་སློབ་དཔོན་ཏེ། ཆོས་དང་རྗེས་སུ་མཐུན་པའི་འཇིག་རྟེན་གྱི་ཐ་སྙད་རྣམས་ཀྱིས་ལོག་པའི་ལམ་ལས་བཟློག་ཅིང་། དམ་པའི་སྤྱོད་
པ་འཛིན་དུ་འཇུག་པའི་ཕྱིར། འཇིགས་པ་མེད་པ་སྟེ། དེ་ལྟར་འཇིག་རྟེན་གྱི་དོན་མཛད་པ་ན་ཡང་། ཐ་སྙད་ཀྱི་ཉེས་པའི་དོགས་པ་དང་། བསྙེངས་
པ་ཐམས་ཅད་དང་བྲལ་བའི་ཕྱིར། མགོན་སྐྱོབ་འཇིག་རྟེན་ཡིད་གཅུགས་པ་སྟེ། དེ་ཉིད་གཅིག་པུ་འགྲོ་བ་རྣམས་ཀྱི་མགོན་དུ་གྱུར་པའི་ཕྱིར་དང་། ངན་སོང་སོགས་ཀྱི་འཇིགས་པ་ལས་སྐྱོབ་པའི་ཕྱིར་དང་། གནས་ལུགས་ཟབ་མོ་བསྟན་པས་འཇིག་རྟེན་ཐམས་ཅད་མི་བསླུ་ཞིང་ཉེས་པ་ཐམས་ཅད་
དང་བྲལ་བར་མཛད་པའི་ཕྱིར། སྐྱབས་དང་སྐྱོབ་པ་བླ་ན་མེད་པ་སྟེ། ཉོན་མོངས་པའི་དགྲ་བོ་ཐམས་ཅད་ཀྱིས་འཇིགས་ཤིང་སྐྲག་པ་རྣམས་ཀྱི་
འཇིགས་པ་དེ་དག་ཞི་བར་མཛད་པའི་སྐྱབས་ཡིན་པའི་ཕྱིར་དང་། དགེ་བའི་སྟོབས་གོང་ནས་གོང་དུ་ཉེ་བར་བརྟན་པར་བྱེད་པའི་ཚུལ་གྱིས་སྐྱོབ་
པར་བྱེད་པའི་ཕྱིར་དང་། ཚུལ་དེ་དག་ཚངས་པ་དང་བརྒྱ་བྱིན་སོགས་དང་། འདོད་ཆགས་དང་བྲལ་བ་གཞན་རྣམས་ལ་ཡོད་པ་མ་ཡིན་པའི་ཕྱིར། ནམ་མཁའི་མཐའ་ལ་ལོངས་སྤྱོད་པ་སྟེ། ནམ་མཁའི་ཁམས་ཁྱབ་པའི་ལོངས་སྤྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ངོ་བོར་གྱུར་པའི་ཆོས་ལ་
ལོངས་སྤྱོད་པས་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་སྲིད་ལ་དབང་སྒྱུར་བའི་གཙོ་བོ་ཡིན་པའི་ཕྱིར། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ་ཞེས་བྱ་སྟེ། ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་མཐར་ཐུག་རྒྱ་མཚོ་ཆེན་པོ་དང་འདྲ་བ་ཉིད་ཡིན་པའི་ཕྱིར།
    ༈ གཉིས་པ་ཡོན་ཏན་གྱི་ཆོས་སོ་སོར་བཤད་པ་ལ་གཉིས། རང་དོན་སྤངས་རྟོགས་ཀྱི་ཡོན་ཏན། གཞན་དོན་ཕྲིན་ལས་ཀྱི་ཡོན་ཏན་ནོ། །དང་པོ་
ནི། མ་རིག་སྒོ་ངའི་སྦུབས་འབྱེད་པ། །སྲིད་པའི་དྲྭ་བ་འཇོམས་པ་པོ། །ཉོན་མོངས་མ་ལུས་ཞི་བྱེད་པ། །འཁོར་བའི་རྒྱ་མཚོའི་ཕ་རོལ་ཕྱིན། །ཡེ་ཤེས་
དབང་བསྐུར་ཅོད་པན་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །གསུམ་སེལ་མཐའ་ཡས་གྲོལ་གསུམ་
ཐོབ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཉོན་མོངས་དྲི་མ་ཀུན་ལས་འདས། །དུས་གསུམ་དུས་མེད་རྟོགས་པ་
པོ། །ཞེས་པ་ལ། མ་རིག་སྒོ་ངའི་སྦུབས་འབྱེད་པ་སྟེ། ཆོས་ཐམས་ཅད་བདག་མེད་པར་ཐུགས་སུ་ཆུད་པའི་རྡོ་རྗེས་བདག་ཏུ་རྨོངས་པ་ལ་སོགས་པའི་
རབ་རིབ་ཐམས་ཅད་ཡང་དག་པར་གསལ་བའི་ཕྱིར། སྲིད་པའི་དྲྭ་བ་འཇོམས་པ་པོ་སྟེ། འགྲོ་བ་ལྔའི་སྲིད་པ་ཐར་བར་དཀའ་ཞིང་འཆིང་བའི་
གནས་སུ་གྱུར་པའི་དྲྭ་བ་མཐའ་དག ཤེས་རབ་ཀྱི་རལ་གྲིས་རྣམ་པར་འཇོམས་པའི་ཕྱིར། ཉོན་མོངས་མ་ལུས་ཞི་བྱེད་པ་སྟེ། ལས་ཀྱི་ཀུན་ནས་ཉོན་
མོངས་པ་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་དང་། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་མ་ལུས་པ་སྤོང་བར་བྱེད་པའི་ཕྱིར། འཁོར་བའི་རྒྱ་
མཚོའི་ཕ་རོལ་ཕྱིན་པ་སྟེ། ཉོན་མོངས་སྤངས་པ་དེ་ཉིད་ཀྱིས་ཟབ་ཅིང་བརྒལ་བར་དཀའ་བའི་འཁོར་བ་ལས་གྲོལ་ཏེ། མྱང་འདས་སུ་ཕྱིན་པའི་ཕྱིར། ཡེ་ཤེས་དབང་བསྐུར་ཅོད་པན་ཅན་ཏེ། ཀུན་ཏུ་བཟང་པོའི་ཡེ་ཤེས་ཀྱི་དབང་བསྐུར་བས་ཡེ་ཤེས་ལྔའི་ངོ་བོ་ཡང་དག་པར་རྫོགས་པའི་སངས་
རྒྱས་ལྔའི་དབུ་རྒྱན་དང་ལྡན་པའི་ཕྱིར། རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས་པ་སྟེ། སངས་རྒྱས་དེ་དག་གི་རྒྱན་གྱིས་བརྒྱན་པའི་ཕྱིར། སྡུག་བསྔལ་
གསུམ་གྱི་སྡུག་བསྔལ་ཞི་བ་སྟེ། རིམས་དང་། ཕོལ་མིག་ལྟ་བུ་སྡུག་བསྔལ་གྱི་སྡུག་བསྔལ་དང་། དུག་གིས་སྦགས་པའི་ཁ་ཟས་ལྟར་ཆགས་སོགས་སྡུག་
བསྔལ་གྱི་རྒྱུར་གྱུར་པ་འགྱུར་བའི་སྡུག་བསྔལ་དང་། སྐྱེ་གནས་འཇིག་པའི་བདག་ཉིད་ཅན་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་མ་ལུས་པ་སྤོང་བར་
མཛད་པའི་ཕྱིར། གསུམ་སེལ་ཏེ། སྡུག་བསྔལ་གསུམ་པོ་དེ་རྣམས་ཀྱང་རྒྱུ་དང་བཅས་པ་མཐར་དབྱུང་ཞིང་། སླར་མི་སྐྱེ་བའི་ཆོས་ཅན་དུ་མཛད་
པའི་ཕྱིར། མཐའ་ཡས་ཞེས་བྱ་སྟེ། རང་ཉིད་མི་གནས་པའི་མྱ་ངན་ལས་འདས་པ་བརྙེས་ནས། སེམས་ཅན་མཐའ་ཡས་པའི་དོན་མཛད་པའི་ཕྱིར། གྲོལ་གསུམ་ཐོབ་སྟེ་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དང་བླ་ན་མེད་པའི་ཡོན་ཏན་བརྙེས་པས་ཆགས་པའི་སྒྲིབ་པ་དང་ཐོགས་
པའི་སྒྲིབ་པ་དང་དམན་པའི་སྒྲིབ་པ་ལས་གྲོལ་བ་གསུམ་ཐོབ་པའི་ཕྱིར། ཡང་ན་ཉོན་སྒྲིབ་ཤེས་སྒྲིབ་སྙོམས་འཇུག་གི་སྒྲིབ་པ་ལས་གྲོལ་བ་གསུམ་
ཐོབ་པའི་ཕྱིར། སྒྲིབ་པ་ཀུན་ལས་ངེས་པར་གྲོལ་བ་སྟེ། ཉོན་མོངས་པ་དང་། ཤེས་བྱ་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཕྱིར། མཁའ་
ལྟར་མཉམ་པ་ཉིད་ལ་གནས་པ་སྟེ། དེ་ལྟར་སྒྲིབ་པ་ཐམས་ཅད་དང་བྲལ་བ་དང་། སེམས་ཅན་ཐམས་ཅད་ལ་གོ་འབྱེད་པར་མཛད་པའི་ཕྱིར། ཉོན་
མོངས་དྲི་མ་ཀུན་ལས་འདས་པ་སྟེ། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་དྲུང་འབྱིན་པའི་ཚུལ་གྱིས་སྤངས་པའི་ཕྱིར། དུས་གསུམ་
དུས་མེད་རྟོགས་པ་པོ་སྟེ། དུས་གསུམ་དོན་དམ་པར་དུས་མེད་པའི་ངོ་བོ་ཉིད་དུ་རྟོགས་པའི་ཕྱིར། དེ་ཡང་འདས་པ་ནི་འདས་ཟིན་པ་ཉིད་ཀྱི་ཕྱིར་
དང་། མ་འོངས་པ་ནི་མ་ཐོབ་པ་ཉིད་ཀྱི་ཕྱིར་དང་། དེ་གཉིས་ཀ་མེད་པས་ད་ལྟར་བྱུང་བ་ཡང་བར་དུ་གནས་པ་མེད་པའི་ཕྱིར་རོ། །
    ༈ གཉིས་པ་གཞན་དོན་ཕྲིན་ལས་ཀྱི་ཡོན་ཏན་ནི། སེམས་ཅན་ཀུན་གྱི་ཀླུ་ཆེན་པོ། །ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད། །ཉོན་མོངས་ཀུན་ལས་
རྣམ་གྲོལ་བ། །ནམ་མཁའི་ལམ་ལ་རབ་གནས་པ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག །དཔག་བསམ་ཤིང་ཆེན་
རྒྱས་པ་སྟེ། །བུམ་པ་བཟང་པོ་ཆེ་བའི་མཆོག །བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཕན་འདོད་སེམས་ཅན་མཉེས་གཤིན་པ། །བཟང་ངན་ཤེས་ཤིང་
དུས་ཤེས་ལ། །ཁྱབ་བདག་དམ་ཤེས་དམ་ཚིག་ལྡན། །དུས་ཤེས་སེམས་ཅན་དབང་པོ་ཤེས། །རྣམ་གྲོལ་གསུམ་ལ་མཁས་པ་པོ། །ཞེས་པ་ལ། སེམས་ཅན་
ཀུན་གྱི་ཀླུ་ཆེན་པོ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་གདུང་བ་ཞི་བར་མཛད་ཅིང་། ཆོས་ཀྱི་ཆར་འབེབས་པའི་རྒྱུར་གྱུར་པས། ཀླུ་ཆེན་
པོ་དང་འདྲ་བའི་ཕྱིར། ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད་དེ། ཡོན་ཏན་ཉིད་ནི་ཐམས་ཅད་ལས་རབ་མཆོག་རྩེ་མོར་གྱུར་པའི་ཕྱིར་ན། མེ་ཏོག་གི་
ཐོད་བཞིན་དུ་ཐོད་ཡིན་ལ། དེ་དང་ལྡན་པ་ནི་ཡོན་ཏན་ཐོད་ཅན་ཏེ། དེ་རྣམས་ཀྱི་ཡང་རྩེ་མོར་གྱུར་པའི་ཡོན་ཏན་གྱི་ནོར་བུ་ཡིན་པའི་ཕྱིར། ཉོན་མོངས་ཀུན་ལས་རྣམ་གྲོལ་བ་སྟེ། རྩ་བ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ལས་ངེས་པར་གྲོལ་བའི་ཕྱིར། ནམ་མཁའི་ལམ་ལ་རབ་གནས་
པ་སྟེ། ནམ་མཁའི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཤིན་ཏུ་གནས་པའི་ཕྱིར་དང་། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཉིད་ལ་ལེགས་པར་
བཞུགས་ཤིང་མི་གཡོ་བའི་ཕྱིར། ཡིད་བཞིན་ནོར་བུ་ཆེན་པོ་འཆང་བ་སྟེ། རྣམ་པར་མི་རྟོག་བཞིན་དུ་སེམས་ཅན་མ་ལུས་པའི་མངོན་པར་འདོད་
པའི་དོན་ཐམས་ཅད་རྫོགས་པར་བྱེད་པའི་ཕྱིར། ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ནི་ཡུལ་དུས་ཐམས་ཅད་དུ་
ཁྱབ་པའི་བདག་ཉིད། རྣམ་མཁྱེན་ལ་སོགས་པའི་འདོད་དོན་ཐམས་ཅད་སྟེར་བར་བྱེད་པས་ནི། ཕྱི་རོལ་གྱི་ཡིད་བཞིན་ནོར་བུ་སོགས་ལས་ཆེས་
མཆོག་ཏུ་གྱུར་པའི་ཕྱིར། དེ་བཞིན་དུ་དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། ཆོས་ཀྱི་དབྱིངས་ལ་མ་གཏོགས་པའི་ཆོས་ནི་འགའ་ཡང་མེད་དོ་ཞེས་བྱ་
བའི་རིགས་པས་ཐམས་ཅད་དུ་ཁྱབ་པའི་གྲིབ་མ་དང་ལྡན་ཞིང་། དགོས་འདོད་ཐམས་ཅད་འབྱུང་བའི་ཕྱིར། བུམ་པ་བཟང་པོ་ཆེ་བའི་མཆོག་སྟེ། ནམ་མཁའ་དང་མཚུངས་པར་དགབ་པ་མེད་ཅིང་། ཐམས་ཅད་ལ་ཁྱབ་པའི་ཁ་དང་ལྡན་པས་འདོད་དོན་ཐམས་ཅད་རྫོགས་པར་བྱེད་པའི་ཕྱིར། གལ་ཏེ་དཔེར་གཅིག་གིས་ཀྱང་འདོད་དོན་རྫོགས་པ་རྟོགས་པར་འགྱུར་ན། དཔེ་གཞན་གྱིས་ཅི་ཞིག་བྱ་ཞེ་ན། བདེན་མོད་ཀྱི། གང་ཟག་སོ་སོ་ལ་
དཔེ་སོ་སོར་གྲགས་པ་ཡོད་པའི་ཕྱིར་དང་། ནུས་པ་མཆོག་འབྲིང་ཐ་མ་རྣམས་བསྟན་པའི་ཡང་ཕྱིར་ཏེ། དེ་ཡང་ཡིད་བཞིན་ནོར་བུས་ནི་དཔག་
ཚད་སྟོང་གི་བར་དུ་གནས་པ་རྣམས་ཀྱི་དང་། དཔག་བསམ་གྱི་ཤིང་གིས་ནི་རང་གི་གྲིབ་མའི་ནང་དུ་ཆུད་པ་རྣམས་ཀྱི་དང་། བུམ་པ་བཟང་པོས་
ནི་དེར་ལག་པ་ཆུད་པ་རྣམས་ཀྱི་འདོད་དོན་རྫོགས་པར་བྱེད་པའི་ཕྱིར་རོ། །བྱེད་པ་སེམས་ཅན་ཀུན་དོན་བྱེད་པ་སྟེ། སྔོན་གྱི་སྨོན་ལམ་གྱི་དབང་
གིས་སྐལ་བ་འཚམས་པར་ཆོས་སྟོན་པ་སོགས། མཛད་པ་ཐམས་ཅད་སེམས་ཅན་གྱི་དོན་ཉིད་མཛད་པའི་ཕྱིར། ཕན་འདོད་སེམས་ཅན་མཉེས་
གཤིན་པ་སྟེ། རྣམ་པ་ཐམས་ཅད་དུ་གཞན་ལ་ཕན་པ་ཐམས་ཅད་རྫོགས་པར་མཛད་ཅིང་། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་སྡུག་ཅིང་
གཅེས་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཕྱིར། བཟང་ངན་ཤེས་པ་སྟེ། མཐོ་རིས་དང་ཐར་པའི་རྒྱུར་གྱུར་པ་དགེ་བ་དང་། ངན་འགྲོ་ལ་སོགས་
པའི་རྒྱུར་གྱུར་པའི་མི་དགེ་བ་དག་གི་དབྱེ་བ་ཡང་དག་པར་མཁྱེན་པ་ལ་དབང་བསྒྱུར་བའི་ཕྱིར། དུས་ཤེས་པ་སྟེ། ཆོས་བསྟན་པ་དང་། བཏང་
སྙོམས་སུ་བཞག་པ་དང་། མི་མཐུན་ཕྱོགས་ལས་ཡོངས་སུ་རྒྱལ་བ་མངོན་སུམ་དུ་བྱ་བའི་དུས་ཀྱི་རྣམ་པར་དབྱེ་བ་མཁྱེན་པའི་ཕྱིར། ཁྱབ་བདག་སྟེ། གྲུབ་མཐའ་དང་བསྟན་བཅོས་ཐམས་ཅད་མཛད་ཅིང་། རྒྱུ་དང་། འབྲས་བུ་ཐམས་ཅད་མཁྱེན་ཅིང་དབང་བསྒྱུར་བའི་ཕྱིར། དམ་ཚིག་ཤེས་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་བརྡ་དང་། སྐད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་པ་ཐམས་ཅད་མཁྱེན་པའི་ཕྱིར། དམ་ཚིག་
ལྡན་པ་སྟེ། དེ་དག་ཐམས་ཅད་མཁྱེན་པ་མངའ་བ་དེ་ཉིད་ཀྱི་ཕྱིར། དུས་ཤེས་སེམས་ཅན་དབང་པོ་ཤེས་པ་སྟེ། སེམས་ཅན་ཡོངས་སུ་སྨིན་པའི་དུས་
ལས་མི་འདའ་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་ཀྱི་དད་སོགས་ཀྱི་དབང་པོ་རབ་འབྲིང་ཐ་མའི་དབྱེ་བ་ལེགས་པར་མཁྱེན་པའི་ཕྱིར། རྣམ་
གྲོལ་གསུམ་ལ་མཁས་པ་པོ་སྟེ། ཐེག་པ་གསུམ་གྱི་རྣམ་པར་གྲོལ་བ་མཐའ་དག་མངོན་སུམ་དུ་མཁྱེན་པའི་ཕྱིར།
    ༈ གསུམ་པ་མཇུག་བསྡུ་བ་ནི། ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས། །ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་
པའི་བཀྲ་ཤིས་སྙན་གྲགས་དགེ། །དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། །དགའ་ཆེན་རོལ་མོ་ཆེན་པོ་སྟེ། །བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས། །མཆོག་
ཏུ་དགའ་བ་གྲགས་བདག་དཔལ། །མཆོག་ལྡན་མཆོག་སྦྱིན་གཙོ་བོ་སྟེ། །སྐྱབས་ཀྱི་དམ་པ་སྐྱབས་སུ་འོས། །འཇིགས་ཆེན་དགྲ་སྟེ་རབ་ཀྱི་མཆོག །
འཇིགས་པ་མ་ལུས་སེལ་བ་པོ། །ཞེས་པ་ལ། ཡོན་ཏན་ལྡན་པ་སྟེ། སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་
པར་མངའ་བའི་ཕྱིར། ཡོན་ཏན་ཤེས་པ་སྟེ། རང་དང་གཞན་གྱི་ཡོན་ཏན་རྣམས་ཁྱད་པར་དང་བཅས་པ་མཁྱེན་པའི་ཕྱིར། ཆོས་ཤེས་པ་སྟེ། འཁོར་
འདས་ཀྱི་ཆོས་ཐམས་ཅད་སྒྱུ་མ་དང་འདྲ་བ་སོགས། གནས་ཚུལ་ཇི་ལྟ་བ་བཞིན་དུ་མཁྱེན་པའི་ཕྱིར། བཀྲ་ཤིས་པ་སྟེ། རྣམ་པ་ཐམས་ཅད་དུ་ཡོངས་
སུ་དག་པའི་བསོད་ནམས་ཀྱི་རང་བཞིན་ཅན་ཡིན་པའི་ཕྱིར། བཀྲ་ཤིས་འབྱུང་བ་སྟེ། འཁོར་འདས་ཀྱི་བདེ་ལེགས་ཐམས་ཅད་འདི་ལས་འབྱུང་བའི་
ཕྱིར། སླར་ཡང་བཀྲ་ཤིས་ཞེས་བྱ་སྟེ། བཀྲ་ཤིས་ཐམས་ཅད་ཀྱི་རྒྱུ་དང་འབྲས་བུར་གྱུར་པ་ཉིད་ཡིན་པའི་ཕྱིར། ཀུན་གྱི་བཀྲ་ཤིས་པ་སྟེ། བཀྲ་ཤིས་
ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར། གྲགས་པའི་བཀྲ་ཤིས་ཞེས་བྱ་སྟེ། གྲགས་པའི་རྒྱུ་དང་ངོ་བོ་ཉིད་ཡིན་པའི་ཕྱིར་དང་། དཔལ་ཐམས་ཅད་ཀྱི་
འབྱུང་གནས་སུ་གྱུར་པའི་ཕྱིར། སྙན་གྲགས་ཏེ་དྲི་མ་མེད་པའི་ཡོན་ཏན་དང་། བསོད་ནམས་ཀྱི་ཕུང་པོ་ཉིད་ཀྱི་སྒོ་ནས། དྲི་མ་མེད་པའི་གྲགས་
པའི་གཞིར་གྱུར་པའི་ཕྱིར། དགེ་བ་སྟེ། ཚོགས་གཉིས་ཀྱི་དགེ་བའི་རང་བཞིན་ཡིན་པའི་ཕྱིར་དང་། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྒྱུར་གྱུར་
པའི་ཕྱིར། དབུགས་འབྱིན་ཆེན་པོ་སྟེ། སེམས་ཅན་ཐམས་ཅད་འཇིགས་སྐྲག་ཐམས་ཅད་དང་བྲལ་བར་དབུགས་འབྱིན་པར་མཛད་པའི་ཕྱིར། དགའ་སྟོན་ཆེན་པོ་སྟེ། སྲིད་གསུམ་ཐམས་ཅད་ཀྱི་དགའ་སྟོན་ཆེན་པོའི་རྒྱུ་དང་ངོ་བོ་ཉིད་དུ་གྱུར་པའི་ཕྱིར། དགའ་ཆེན་ཏེ། བདེ་བ་ཆེན་པོའི་ངོ་བོ་
ཉིད་དུ་གྱུར་པའི་ཕྱིར་དང་། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་དགའ་བའི་རྒྱུར་གྱུར་པའི་ཕྱིར། རོལ་མོ་ཆེན་པོ་སྟེ། སངས་རྒྱས་ཉིད་དུ་གྱུར་པ་ལ་
དགའ་ཞིང་ཆགས་པའི་ཕྱིར་དང་། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའི་ཆགས་པ་ཆེན་པོ་དང་། ཟག་པ་མེད་པའི་དགའ་བ་ཆེན་པོ་ལ་རོལ་
པའི་ཕྱིར། བཀུར་བསྟི་དང་ལྡན་པ་སྟེ། ཁམས་གསུམ་དུ་མཆོད་པར་འོས་པའི་གནས་ཐོབ་པའི་ཕྱིར། རིམ་འགྲོ་དང་ལྡན་པ་སྟེ་དོན་གཉིས་ཕུན་སུམ་
ཚོགས་པས་མཛེས་ཤིང་དམ་པར་གྱུར་པ་ཡིན་པའི་ཕྱིར། ཕུན་སུམ་ཚོགས་པ་སྟེ། འབྱོར་པ་ཐམས་ཅད་ཀྱི་རྒྱུར་གྱུར་པ་བསོད་ནམས་ཀྱི་ཚོགས་ཆེན་
པོའི་བདག་ཉིད་ཅན་ཡིན་པའི་ཕྱིར། མཆོག་ཏུ་དགའ་བ་སྟེ། བདེ་བ་དང་། ཡིད་བདེ་བ་ཐམས་ཅད་ཀྱི་རང་བཞིན་ཅན་ཡིན་པའི་ཕྱིར། གྲགས་
བདག་སྟེ། རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པའི་ཡོན་ཏན་གྱི་རང་བཞིན་ཅན་ཡིན་པའི་ཕྱིར། དཔལ་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་
ཆེན་པོའི་བདག་ཉིད་ཡིན་པའི་ཕྱིར། མཆོག་ལྡན་སྟེ། མཆོག་གམ་དམ་པ་སངས་རྒྱས་ཉིད་དུ་འཇོག་པའི་ཆོས་དང་ལྡན་པའི་ཕྱིར། མཆོག་སྦྱིན་གཙོ་
བོ་སྟེ། སྐལ་བ་དང་འཚམས་པར་ཁ་ན་མ་ཐོ་བ་མེད་པའི་མཆོག སངས་རྒྱས་ཉིད་ལ་སོགས་པ་རྩོལ་བར་མཛད་པའི་ཕྱིར། སྐྱབས་ཀྱི་དམ་པ་སྟེ། ཇི་
ལྟར་འདོད་པ་བཞིན་དུ་སྐྱབས་དང་དཔུང་གཉེན་སོགས་སུ་གྱུར་པའི་ཕྱིར། སྐྱབས་སུ་འོས་པ་སྟེ། དབང་ཕྱུག་ཆེན་པོ་ལ་སོགས་པ་རྣམས་ཀྱི་ཡང་
སྐྱབས་གནས་ཡིན་པའི་ཕྱིར། འཇིགས་པ་ཆེན་པོའི་དགྲ་སྟེ། བདག་དང་གཞན་གྱི་རྒྱུད་ལ་གནས་པའི་འཇིགས་པ་ཆེན་པོ། སྒྲིབ་གཉིས་ཀྱི་དྲི་མ་
ཐམས་ཅད་འཇོམས་བྱེད་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར། དེ་ཡང་རབ་ཀྱི་མཆོག་སྟེ། ཉན་རང་རྣམས་ཀྱི་རྟོགས་པ་ནི། འཇིགས་པ་ཆེན་པོ་དེ་
རྣམས་ཀྱི་དགྲ་ཙམ་ཡིན་ཀྱང་། སྤངས་རྟོགས་ཉི་ཚེ་བ་ཉིད་ཀྱིས་རབ་ཀྱི་མཆོག་མ་ཡིན་ལ། འདིར་ནི་སྤངས་རྟོགས་མཐར་ཐུག་པ་ཉིད་ཡིན་པའི་
ཕྱིར། འཇིགས་པ་མ་ལུས་སེལ་བ་པོ་སྟེ། མཚན་མར་དམིགས་པའི་རྩ་བ་ཅན་གྱི་འཇིགས་པ་ཐམས་ཅད་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་དྲུང་
ནས་འབྱིན་པར་མཛད་པའི་ཕྱིར།
    ༈ གཉིས་པ་ལམ་དང་འབྲས་བུའི་ཁྱད་པར་བཤད་པ་ལ་གསུམ། ལམ་ལ་འཇུག་ཚུལ་གྱི་ཁྱད་པར། སྐུ་གསུམ་གྱི་ཡོན་ཏན་གྱི་ཁྱད་པར། རིག་
སྔགས་སུ་སྟོན་ཚུལ་གྱི་ཁྱད་པར་རོ། །
   དང་པོ་ནི། གཙུག་ཕུད་ཕུད་བུ་ལྕང་ལོ་ཅན། །རལ་པ་མུན་ཛ་ཅོད་པན་ཐོགས། །གདོང་ལྔ་གཙུག་ཕུད་ལྔ་དང་ལྡན། །ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །
མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་པ། །ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག །དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། །གཙང་གནས་དམ་པ་གོའུ་
ཏམ། །བྲམ་ཟེ་ཚངས་པ་ཚངས་པ་ཤེས། །མྱ་ངན་འདས་པ་ཚངས་པ་ཐོབ། །གྲོལ་བ་ཐར་པ་རྣམ་གྲོལ་ལུས། །རྣམ་གྲོལ་ཞི་བ་ཞི་བ་ཉིད། །མྱ་ངན་
འདས་ཞི་མྱ་ངན་འདས། །ལེགས་པར་མྱ་ངན་འདས་དང་ཉེ། །བདེ་སྡུག་སེལ་བར་མཐར་གྱུར་པ། །ཆགས་བྲལ་ལུས་ལས་འདས་པ་པོ། །ཐུབ་པ་མེད་
པ་དཔེ་མེད་པ། །མི་མངོན་མི་སྣང་གསལ་བྱེད་མིན། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཕྲ་ཞིང་ཟག་མེད་ས་བོན་བྲལ། །ཞེས་ཏེ། མུ་སྟེགས་རྣམས་ཀྱིས་
ཡོངས་སུ་བཏགས་པའི་བརྟུལ་ཞུགས་སོགས་གང་དང་གང་ལ་གུས་པ་རྣམས་ལ། དེ་དང་དེའི་གཟུགས་ཀྱིས་ཀྱང་སྣང་བར་མཛད་པ་བསྟན་པའི་
ཕྱིར། ཐོག་མར་གཙུག་ཕུད་ཅན་ཏེ། སྐྲ་དང་ཁ་སྤུ་བྲེག་ནས་གཙུག་ཕུད་ཙམ་གྱི་མཚན་མ་འཇོག་པ་ཀུན་ཏུ་རྒྱུ་བའི་གཟུགས་འཛིན་པའི་ཕྱིར། ཕུད་བུ་ཅན་ཏེ། མགོའི་དབུས་ཀྱི་སྐྲ་བྲེག་ནས་དཔྲལ་བའི་སྐྲ་མཐིང་ཀ་འཇོག་པའི་ཕྱིར། ཞེས་དང་། དཔྲལ་བ་དང་། མགོ་བོའི་དབུས་དང་། རྒྱབ་
ཀྱི་ཕྱོགས་ཏེ་གསུམ་དུ་ཕུད་བུ་གསུམ་འཇོག་པའི་ཕྱིར། ཞེས་དང་། གཙུག་ཕུད་ཅན་ནི་རྨ་བྱ་སྟེ། དེ་ལ་ཞོན་པ་གཞོན་ནུ་གདོང་དྲུག་གི་གཟུགས་
འཛིན་པའི་ཕྱིར། ཞེས་འཆད་དོ། །ལྕང་ལོ་ཅན་ཏེ། ཤིང་ཤུན་དང་རལ་པ་འཕྱང་ཞིང་། ལྷ་ཆེན་པོ་ལ་དད་པའི་དྲང་སྲོང་གི་གཟུགས་འཛིན་པར་
མཛད་པའི་ཕྱིར། རལ་པ་ཅན་ཏེ། སྐྲའི་རྩ་བ་ལ་སོགས་པ་ཐམས་ཅད་སྦོམས་པའི་རལ་པ་བསྡུས་པ་ཡོད་པའི་ཕྱིར། མུན་ཛ་ཅན་ཏེ། སྐེ་རགས་འཆིང་
བ་ཡོངས་སུ་མ་བཏང་བས་ཚངས་པར་སྤྱོད་པ་ཡོངས་སུ་བསྲུང་བའི་ཕྱིར་དང་། མུན་ཛའི་སྐེ་རགས་ཅན་གྱི་བརྟུལ་ཞུགས་འཛིན་པའི་ཕྱིར། ཅོད་
པན་ཐོགས་པ་སྟེ། རྩེ་བྲན་འཆང་བའི་ལྷའི་བུའི་གཟུགས་འཛིན་པའི་ཕྱིར། གདོང་ལྔ་པ་སྟེ། སེངྒེའི་བརྟུལ་ཞུགས་འཆང་བའི་གཟུགས་འཛིན་པའི་
ཕྱིར་དང་། ཡང་ན་མཧཱ་དེ་བ་མཚོན་ཆ་ཅན་ནི་གདོང་ལྔ་པ་སྟེ་དེའི་གཟུགས་འཛིན་པའི་ཕྱིར། ངེས་པའི་དོན་དུ་ན། གདོང་ལྔ་ནི་སྒོ་ལྔ་སྟེ། སྟོང་པ་
ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་མ་བྱས་པ་དང་། རང་བཞིན་གྱི་འོད་གསལ་བའི་ངོ་བོ་ཉིད་དོ། །གཙུག་
ཕུད་ལྔ་དང་ལྡན་པ་སྟེ། །ཕྱོགས་བཞི་དང་། སྤྱི་བོ་སྟེ་ལྔར་གཙུག་ཕུད་འཆང་བ། གཞོན་ནུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་གཟུགས་འཛིན་པའི་
ཕྱིར་དང་། དྲི་ཟའི་རྒྱལ་པོ་གཙུག་ཕུད་ལྔ་པས་འདུལ་བ་རྣམས་ལ། དེའི་གཟུགས་འཛིན་པར་མཛད་པའི་ཕྱིར། ངེས་པའི་དོན་དུ་ན་གཙུག་ཕུད་ལྔ་
ནི་ཡེ་ཤེས་ལྔའི་ངོ་བོ་ཉིད་དོ། །ཟུར་ཕུད་ལྔ་པ་མེ་ཏོག་ཐོད་ཅན་ཏེ། ཟུར་ཕུད་ལྔ་དང་ལྡན་པའི་མེ་ཏོག་གི་ཐོད་དང་བཅས་པའི་ཅོད་པན་འཆང་
བའི་ཕྱིར། མགོ་ཟླུམ་པ་སྟེ། གཙུག་ཕུད་ལ་སོགས་པ་བོར་ཞིང་། མགོ་བོ་བྲེགས་པ་ཙམ་གྱི་ཀུན་ཏུ་རྒྱུ་བའི་རྟགས་འཆང་བའི་ཕྱིར། བརྟུལ་ཞུགས་ཆེན་
པོ་པ་སྟེ། ཡུལ་དང་དུས་དང་རིགས་ངེས་པའི་བརྟུལ་ཞུགས་ནི་བརྟུལ་ཞུགས་ཙམ་ཡིན་ལ། དེ་ལས་འདས་ཏེ། ཡུལ་དུས་ཐམས་ཅད་དུ་སྲོག་ཆགས་
གསོད་པ་སོགས་ལས་ལྡོག་པའི་བརྟུལ་ཞུགས་འཆང་བའི་ཕྱིར་དང་། སེམས་ཅན་མ་ལུས་པ་འདོན་པར་མཛད་པའི་ཐུགས་རྗེ་ཆེན་པོའི་བརྟུལ་
ཞུགས་འཛིན་པའི་ཕྱིར། ཚངས་པར་སྤྱོད་པ་སྟེ། བུད་མེད་བསྟེན་པ་ལས་ལྡོག་པའི་ཕྱིར་དང་། ཚངས་པ་མྱ་ངན་ལས་འདས་པའི་དོན་དུ་སྤྱོད་པའི་
ཕྱིར། བརྟུལ་ཞུགས་མཆོག་དང་ལྡན་པ་སྟེ། བརྟུལ་ཞུགས་ཐམས་ཅད་ཀྱི་ཕུལ་དུ་བྱུང་བ་མཐའ་དག་ལ་གནས་པའི་ཕྱིར། གླེགས་བམ་ལ་ལ་ལས་ནི། ཚངས་པར་སྤྱོད་པའི་བརྟུལ་ཞུགས་མཆོག །ཅེས་ཏེ་དེ་ལྟར་ན། བརྟུལ་ཞུགས་ཐམས་ཅད་ཀྱི་རྩ་བའམ། མཆོག་ནི་ཚངས་པར་སྤྱོད་པ་ཡིན་པས། རྣམ་པ་ཐམས་ཅད་དུ་ཚངས་པར་སྤྱོད་པའི་བརྟུལ་ཞུགས་དེ་མ་ཉམས་པ་དང་ལྡན་པའི་ཕྱིར། དཀའ་ཐུབ་མཐར་ཕྱིན་ཏེ། འཇིག་རྟེན་ཐམས་ཅད་
ཀྱི་དཀའ་ཐུབ་ཐམས་ཅད་མཐར་ཕྱིན་ཅིང་ཡོངས་སུ་རྫོགས་པར་མཛད་པའི་ཕྱིར། དཀའ་ཐུབ་ཆེ་བ་སྟེ། རླུང་དང་། ཆུ་དང་། ལོ་མ་དང་། མེ་ལྔ་
བསྟེན་པ་ལ་སོགས་པ་དཀའ་ཐུབ་ཤིན་ཏུ་དྲག་པོ་དང་། ལོ་དྲུག་ཏུ་ཏིལ་ཕྱེ་གསོལ་བའི་དཀའ་ཐུབ་ཀྱི་སྤྱོད་པ་ལ་གནས་པའི་ཕྱིར། གཙང་གནས་ཏེ། རིག་བྱེད་མཐར་ཕྱིན་པ་དང་། བརྟུལ་ཞུགས་རྫོགས་པ་ནི་གཙང་གནས་ཏེ་བརྟུལ་ཞུགས་ཐམས་ཅད་དང་། རིག་བྱེད་ཐམས་ཅད་ཀྱི་མཐར་ཕྱིན་
པའི་ཕྱིར། དམ་པ་གཽའུ་ཏ་མ་སྟེ། རིགས་མཆོག་ཏུ་གྱུར་པ་གཽའུ་ཏ་མའི་རིགས་སུ་གནས་པའི་ཕྱིར་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པས་
ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར། བྲམ་ཟེ་སྟེ། དཀའ་ཐུབ་ཐོས་པ་སྐྱེ་གནས་ཏེ། །དེ་དག་བྲམ་ཟེའི་རྒྱུ་ཡིན་ནོ། །ཞེས་ཡོན་ཏན་གསུམ་དང་ལྡན་
པ་ནི་བྲམ་ཟེར་བཤད་ལ། རྗེ་བཙུན་ཀྱང་དུས་དཔག་ཏུ་མེད་པར་དཀའ་ཐུབ་སྤྱད་པ་དང་། མཐའ་ཡས་པའི་ཐོས་པ་དང་ལྡན་པ་དང་། ཟག་པ་
མེད་པའི་ཆོས་དབྱིངས་ལས་འཁྲུངས་པའི་ཕྱིར་དང་། བྲམ་ཟེ་གང་ཞེ་ན། སྡིག་པའི་ཆོས་རྣམས་ལས་ཕྱི་རོལ་ཏུ་གྱུར་པའོ། །ཞེས་གསུངས་པས་སྡིག་
པ་ཐམས་ཅད་དང་བྲལ་བའི་ཡང་ཕྱིར་རོ། །ཚངས་པ་སྟེ། ཚངས་པས་འདུལ་བའི་སེམས་ཅན་རྣམས་ལ་དེའི་གཟུགས་ཀྱིས་ཆོས་སྟོན་པའི་ཕྱིར་དང་། ཚངས་པ་ཆེན་པོ་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར། ཚངས་པ་ཤེས་པ་སྟེ། སྒྲའི་ཚངས་པ་ཇི་ལྟ་བ་བཞིན་དུ་མཁྱེན་
པའི་ཕྱིར། དེ་ཡང་ཡི་གེ་ཨ་ནི་སྙན་ཚིག་གི་རིག་བྱེད་དོ། །ཨུ་ནི་མཆོད་སྦྱིན་གྱི་རིག་བྱེད་དོ། །མ་ནི་སྲིད་སྲུང་གི་རིག་བྱེད་དོ། །ཞེས་སོགས་དང་། ཨོཾ་ཞེས་བྱ་བ་ཚངས་པ་མཆོག །འབྱུང་པོ་ཀུན་གྱི་སྙིང་ལ་གནས། །ཞེས་སོགས་སྒྲའི་ཚངས་པའི་རྣམ་བཞག་རིག་བྱེད་ཀྱི་གཞུང་ལས་བཤད་དོ། །མྱ་
ངན་འདས་པ་ཚངས་པ་ཐོབ་པ་སྟེ། མྱ་ངན་ལས་འདས་པས་འདུལ་བ་རྣམས་ལ་མྱང་འདས་ཀྱི་ཚངས་པ་སྤྲོས་པ་ཐམས་ཅད་དང་བྲལ་བའི་བདག་
ཉིད་དེར་བསྟན་པའི་ཕྱིར། གྲོལ་བ་སྟེ། ལས་དང་། སྐྱེ་བ་དང་། སྡུག་བསྔལ་རྣམས་ལས་སྟོང་ཉིད་རྟོགས་པའི་སྟོབས་ཀྱིས་ལྡོག་པའི་ཕྱིར་རོ། །ཐར་པ་
སྟེ། མ་རིག་པ་སོགས་འཁོར་བའི་འཆིང་བ་ཐམས་ཅད་དང་བྲལ་བའི་ཕྱིར། རྣམ་གྲོལ་ལུས་ཏེ། ཡང་དག་པའི་ལྟ་བའི་ལམ་གྱི་ངོ་བོ་ཉིད་དུ་གྱུར་པའི་
ཕྱིར་དང་། རྣམ་པར་ཐར་པ་བྱང་ཆུབ་ཀྱི་ངོ་བོར་གྱུར་པའི་ཕྱིར། རྣམ་གྲོལ་ཏེ། ཉོན་མོངས་པ་སྣ་ཚོགས་པའི་འཆིང་བ་ཐམས་ཅད་སྤངས་པའི་ཕྱིར། ཞི་བ་སྟེ། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་མཉམ་པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར། ཞི་བ་ཉིད་དེ། ཉོན་མོངས་པའི་གདུང་བ་ཐམས་ཅད་དང་
རྣམ་པར་རྟོག་པའི་རྦ་རླབས་ཐམས་ཅད་ཉེ་བར་ཞི་བའི་ཕྱིར། མྱ་ངན་འདས་ཞི་སྟེ། མྱ་ངན་ལས་འདས་པའི་བྱེ་བྲག་མར་མེ་ཤི་བ་དང་མཚུངས་
པར་ཉེ་བར་འཚེ་བ་ཐམས་ཅད་དང་བྲལ་བའི་བདག་ཉིད་ཡིན་པའི་ཕྱིར། སླར་ཡང་མྱ་ངན་ལས་འདས་པ་ཞེས་སྨོས་ཏེ། ཇི་སྐད་བཤད་པའི་མྱང་
འདས་དེ་དག་རང་ཉིད་ཀྱིས་རྟོགས་ཤིང་ཐོབ་པའི་ཕྱིར། ལེགས་པར་མྱ་ངན་འདས་དང་ཉེ་བ་སྟེ། དགེ་བའམ་ལེགས་པའི་རང་བཞིན་གྱི་མྱང་
འདས་དེ་ཐོབ་པར་བྱེད་པའི་ལམ། ངེ&