༄༅། །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་རྒྱུད་དོན་རབ་ཏུ་གསལ་བར་བྱེད་པ་ ལེགས་བཤད་ནོར་བུའི་སྒྲོན་མ་ཞེས་བྱ་བ་བཞུགས་སོ། ། སྒ་རབ་འབྱམས་པ་ཀུན་དགའ་ཡེ་ཤེས་ཀྱིས་མཛད།
བསྡོམས་ལྡེབ་ངོས་༡༡ཡོད། ༡༽ ༢༽ ༣༽ ༤༽ ༥༽ ངོས་༦པ། ༧༽ ༨༽ ༩༽ ༡༠༽ ༡༡༽
༈ གསུམ་པ་ལམ་ཇི་ལྟར་བསྒོམ་པའི་ཚུལ་ནི། སྐྱེས་མ་ཐག་པ་འགྲོ་བའི་བདག །ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་པོ་ ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །སྔགས་ དྲག་མངའ་བདག་རིག་སྔགས་རྒྱལ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག །ནམ་མཁའི་བདག་པོ་སྣ་ཚོགས་ སྟོན། །སངས་རྒྱས་ཀུན་བདག་དངོས་པོ་མཆོག །འགྲོ་ཀུན་དགའ་བའི་མིག་དང་ལྡན། །སྣ་ཚོགས་གཟུགས་ཅན་སྐྱེད་པ་པོ། །མཆོད་ཅིང་རྗེད་པ་ དྲང་སྲོང་ཆེ། །ཞེས་པ་སྟེ། གཞུང་འདི་དག་གི་དངོས་བསྟན་ཀྱང་འབྲས་བུའི་གྲུབ་ཚུལ། ཁྱད་པར་བྱེད་ལས་སོགས་སུ་གསལ་མོད། ལམ་སྒོམ་ཚུལ་ ལ་སྦྱར་བ་ལ་མི་རིགས་པ་མེད་དེ། འབྲས་བུ་ཉིད་ལམ་དུ་བྱེད་པ་སྐབས་དང་འབྲེལ་བའི་ཕྱིར། དེས་ན་ཚུལ་འདི་ནི་གོང་འོག་གཞན་དུའང་ཤེས་ པར་བྱའོ། །དེ་ལ་སྐྱེས་མ་ཐག་པ་ནི་ཧཱུྃ་མཛད་དེ། སྐད་ཅིག་ཉིད་ལས་རྡོ་རྗེའི་བདག་ཉིད་ལས་སྐྱེས་ཤིང་བྱུང་བའོ། །འགྲོ་བའི་བདག་ནི་འགྲོ་བ་ ཐམས་ཅད་ལ་བཀའ་བསྒོ་བ་ཉན་ཅིང་རང་དབང་དུ་མཛད་པས་སོ། །སྔགས་དོན་ལས། གང་དང་གང་དུ་སེམས་ཅན་གྱི་དོན་མཐོང་བ། དེ་དང་ དེར་སྐད་ཅིག་མ་དེ་མ་ཐག་ཉིད་ལ་སྐྱེ་བ་ཡོངས་སུ་བཟུང་བའི་ཕྱིར་ནི། སྐྱེས་མ་ཐག་པ་ཞེས་ཏེ། སྐྱེ་བ་ལ་དབང་ཐོབ་པའི་ཕྱིར། འགྲོ་བ་རྣམས་ཀྱི་ ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྟེན་གྱི་དངོས་པོ་ཡིན་པའི་ཕྱིར་ན། འགྲོ་བའི་བདག་པོའམ་རྗེ་བོའོ། །ཞེས་འཆད་དོ། །དེ་ལྟར་ཧཱུྃ་མཛད་དམ་ འཇམ་པའི་དབྱངས་ནི་དོན་འདྲ་བ་སྟེ། ལམ་གྱི་དུས་སུའང་དེ་དག་གི་ངོ་བོར་བསྒོམ་པའོ། །དེ་བཞིན་དུ། ནམ་མཁའ་ལས་བྱུང་བ་སྟེ། ཆོས་ཐམས་ ཅད་ནམ་མཁའ་དང་མཉམ་པར་ཐུགས་སུ་ཆུད་པ་ལས་ཡང་དག་པར་འཁྲུངས་པའི་ཕྱིར། རང་བྱུང་བ་སྟེ། གདུལ་བྱའི་དབང་གིས་དེ་དང་དེའི་ གཟུགས་ཉིད་དུ་འགྱུར་བའི་ཕྱིར་དང་། བྱང་ཆུབ་ཀྱི་སེམས་རྡོ་རྗེའི་བདག་ཉིད་ཡིན་པའི་ཕྱིར། ཤེས་རབ་ཡེ་ཤེས་མེ་པོ་ཆེ་སྟེ། ཆོས་ཐམས་ཅད་ དངོས་པོ་མེད་པ་ཉིད་དུ་ཐུགས་སུ་ཆུད་པའི་ཤེས་རབ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དེས་ཉོན་མོངས་པའི་བུད་ཤིང་མ་ལུས་པ་སྲེག་པར་ ནུས་པའི་ཕྱིར། འོད་ཆེན་པོ་སྟེ། ཞིང་མཐའ་ཡས་པ་ཐམས་ཅད་དུ་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་ཆོས་རྣམས་ གསལ་བར་བྱེད་པའི་ཕྱིར། རྣམ་པར་སྣང་བར་བྱེད་པ་སྟེ། དེ་ཉིད་གདུལ་བྱ་སྣ་ཚོགས་པའི་རྒྱུད་ལ་རྣམ་པ་ཐ་དད་པའི་ཚུལ་གྱིས་སྣང་ཞིང་ གསལ་བར་བྱེད་པའི་ཕྱིར། ཡེ་ཤེས་སྣང་བ་སྟེ། ཉི་མ་ལ་སོགས་པའི་འོད་ལྟར་བེམས་པོ་མ་ཡིན་པར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ཉིད་ ཀྱི་ཕྱིར། ལམ་མེ་བ་ཞེས་བྱ་སྟེ། ཡེ་ཤེས་སྣང་བ་དེས་ལོངས་སྤྱོད་རྫོགས་སྐུའི་སྒོ་ནས་འགྲོ་བ་ཀུན་གྱི་དོན་སྣ་ཚོགས་གསལ་བར་བྱེད་པའི་ཕྱིར། འགྲོ་བའི་མར་མེ་སྟེ། ཉི་མ་ལྟར་ཡུལ་དུས་སོ་སོར་ངེས་པའི་ཚུལ་གྱིས་སྣང་བར་བྱེད་པ་མ་ཡིན་གྱི། སྒྲིབ་ཐོགས་མེད་པར་འཇིག་རྟེན་གྱི་ཁམས་ ཐམས་ཅད་དུ་གདུལ་བྱ་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་ཅིག་ཆར་དུ་སེལ་བར་མཛད་པའི་ཕྱིར་རོ། །ཡེ་ཤེས་ཀྱི་སྒྲོན་མ་སྟེ། ཡེ་ཤེས་ཀྱི་སྣང་ བ་དེ་ཉིད་ཤར་ནས་ཉམས་པ་མེད་པའི་འོད་དང་ལྡན་པའི་ཕྱིར། གཟི་བརྗིད་ཆེན་པོ་སྟེ། ཐམས་ཅད་དུ་འགྲོ་བའི་ནུས་པ་ཕུལ་དུ་བྱུང་བའི་ མཚན་ཉིད་ཀྱི་གཟི་བརྗིད་དང་ལྡན་པའི་ཕྱིར། འོད་གསལ་བ་སྟེ། རྣམ་པ་ཀུན་ཏུ་ཤིན་ཏུ་གསལ་བར་སྣང་བའི་ངང་ཚུལ་ཅན་ཡིན་པའི་ཕྱིར། སྔགས་དྲག་མངའ་བདག་སྟེ། གཙུག་ཏོར་འཁོར་ལོས་སྒྱུར་བ་ལ་སོགས་པ་ཁྲོ་བོའི་གསང་སྔགས་ཀྱི་བདག་པོར་གྱུར་པའི་ཕྱིར། རིགས་སྔགས་ཀྱི་ རྒྱལ་པོ་སྟེ། གནོད་མཛེས་ཧཱུྃ་བཞི་པའི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར། གསང་སྔགས་རྒྱལ་པོ་སྟེ། གསང་སྔགས་ཐམས་ཅད་ཀྱི་བདག་པོ་ཡི་གེ་བྷྲཱུཾ་གྱི་ ངོ་བོ་ཉིད་དུ་གྱུར་པའི་ཕྱིར། དོན་ཆེན་བྱེད་པ་སྟེ། གཙུག་ཏོར་ཀུན་ནས་སྣང་བའི་ངོ་བོས་དོན་ཐམས་ཅད་སྒྲུབ་པའི་ཕྱིར། གཙུག་ཏོར་ཆེན་པོ་ སྟེ། གཙུག་ཏོར་འཁོར་ལོས་སྒྱུར་བའི་ཡི་གེ་གཅིག་པའི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་བོར་གནས་ པའི་འོད་ཀྱི་ཕུང་པོ་ཡིན་པའི་ཕྱིར། རྨད་བྱུང་གཙུག་སྟེ། འཁོར་ལོས་སྒྱུར་བ་ཉོན་མོངས་སེལ་བའི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར་དང་། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམས་འབྱུང་བའི་རྡོ་རྗེའི་ཚུལ་དུ་སྤྱི་བོར་གནས་པའི་ཕྱིར། ནམ་མཁའི་བདག་པོ་སྟེ། གཙུག་ཏོར་གྱེན་དུ་ འཕགས་པའི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར་དང་། སྟོང་པ་ཉིད་ཀྱིས་བདག་ཉིད་ཟིན་པའི་ཕྱིར། སྣ་ཚོགས་སྟོན་པ་སྟེ། གཟི་བརྗིད་ཕུང་པོའི་ངོ་བོ་ ཉིད་དུ་གྱུར་པའི་ཕྱིར་དང་། འགྲོ་བ་འདུལ་བའི་གཟུགས་སྣ་ཚོགས་སུ་སྟོན་པའི་ཕྱིར། སངས་རྒྱས་ཀུན་བདག་དངོས་པོ་མཆོག་སྟེ། གསང་སྔགས་ ཀྱི་མཛོད་ཀྱི་གཙུག་ཏོར་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པའི་ཕྱིར་དང་། དེ་བཞིན་གཤེགས་པ་ལྔའི་དཀྱིལ་འཁོར་ཆེན་པོའི་ངོ་བོ་ཉིད་དུ་གྱུར་ པའི་ཕྱིར། འགྲོ་ཀུན་དགའ་བའི་མིག་དང་ལྡན་པ་སྟེ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་གཟིགས་པས་སེམས་ཅན་ཐམས་ཅད་དགའ་བར་བྱེད་ པའི་ཕྱིར། སྣ་ཚོགས་གཟུགས་ཅན་ཏེ། སེམས་ཅན་ཐམས་ཅད་གདུལ་བར་བྱ་བའི་ཕྱིར་དུ་གཟུགས་སྣ་ཚོགས་སུ་སྤྲུལ་པའི་སྐུ་མངའ་བའི་ཕྱིར། སྐྱེད་པ་པོ་སྟེ། མཐོ་རིས་དང་ཐར་པ་སྣ་ཚོགས་ཉེ་བར་སྟོན་ཅིང་བསྐྱེད་པའི་ཕྱིར། མཆོད་པར་བྱ་བ་སྟེ། ཚངས་པ་དང་། ཁྱབ་འཇུག་དང་། དབང་ ཕྱུག་ཆེན་པོ་ལ་སོགས་པ་རྣམས་ཀྱིས་མཆོད་པར་འོས་པ་ཡིན་པའི་ཕྱིར། ཅིང་ནི་སྡུད་པའོ། །རྗེད་པར་བྱ་བ་སྟེ། དེ་དག་གིས་ཞབས་བཀྲུ་བ་དང་། གདན་འབུལ་བ་སོགས་ཀྱིས་རྗེད་པར་འོས་པའི་ཕྱིར། དྲང་སྲོང་ཆེན་པོ་སྟེ། མདོ་ལས། ཆོས་རྣམས་མངོན་སུམ་དུ་བྱེད་པ་ནི་དྲང་སྲོང་ངོ་། །ཞེས་ པ་ལྟར། དེ་ཁོ་ན་ཉིད་མ་ལུས་པ་མངོན་སུམ་དུ་གཟིགས་པས་འཇིག་རྟེན་པའི་དྲང་སྲོང་རྣམས་དང་། འཇིག་རྟེན་ལས་འདས་པ་ཉན་རང་དགྲ་ བཅོམ་ལ་སོགས་པའི་དྲང་སྲོང་རྣམས་ལས་ཆེས་མཆོག་ཏུ་གྱུར་པའི་ཕྱིར་རོ། ། གསུམ་པ་དོན་བསྡུ་བ་ནི། རིགས་གསུམ་འཆང་བ་གསང་སྔགས་འཆང་། །དམ་ཚིག་ཆེན་པོ་གསང་སྔགས་འཛིན། །གཅོ་བོ་དཀོན་མཆོག་གསུམ་ འཛིན་པ། །ཐེག་པ་མཆོག་གསུམ་སྟོན་པ་པོ། །དོན་ཡོད་ཞགས་པ་རྣམ་པར་རྒྱལ། །འཛིན་པ་ཆེན་པོ་རྡོ་རྗེའི་ཞགས། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། ། ཞེས་པ་ལ། རིགས་གསུམ་འཆང་བ་སྟེ། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། པདྨ་སྟེ། རིགས་གསུམ་གྱི་ངོ་བོ་ཉིད་འཛིན་པར་མཛད་པའི་ཕྱིར། གསང་སྔགས་འཆང་བ་སྟེ། རིགས་གསུམ་དུ་གཏོགས་པའི་རིགས་ཐམས་ཅད་ཀྱི་གསང་སྔགས་རྣམས་འཛིན་པར་མཛད་པའི་ཕྱིར། དམ་ཚིག་ཆེན་ པོ་གསང་སྔགས་འཛིན་ཞེས་བྱ་སྟེ། གྲུབ་པའི་མཐའ་ཐམས་ཅད་ཀྱི་གསང་སྔགས་རབ་ཏུ་སྟོན་ཅིང་འཛིན་པའི་གཙོ་བོར་གྱུར་པའི་ཕྱིར། གཙོ་བོ་ དཀོན་མཆོག་གསུམ་འཛིན་པ་སྟེ། ཐམས་ཅད་ལས་མཆོག་ཏུ་གྱུར་པའི་དཀོན་མཆོག་གསུམ་རྒྱུན་མི་ཆད་པར་སྐྱོང་བར་མཛད་པའི་ཕྱིར། ཐེག་པ་ མཆོག་གསུམ་སྟོན་པ་པོ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་ལ་ལྷག་པར་མོས་པ་རྣམས་ལ། དེ་དག་ ཚུལ་བཞིན་དུ་སྟོན་པའི་ཕྱིར། དོན་ཡོད་ཞགས་པ་སྟེ། གདུག་པ་ཅན་ཐམས་ཅད་བཅིངས་ནས། ཐེག་ཆེན་ལས་མི་འགྱུར་བར་མཛད་པའི་ཚུལ་ གྱིས་དོན་ནམ་འབྲས་བུ་ཡོད་ཅིང་། ཞགས་པ་དང་འདྲ་བ་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར། རྣམ་པར་ རྒྱལ་བ་སྟེ། བདུད་དང་མུ་སྟེགས་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཕྱིར། འཛིན་པ་ཆེན་པོ་རྡོ་རྗེའི་ཞགས་པ་སྟེ། སེམས་ཅན་ཐམས་ཅད་ཡང་དག་པར་སྡུད་ཅིང་འཛིན་པའི་ཕྱིར་དང་། དེ་ཡང་བསྡུ་བའི་དངོས་པོ་བཞིའི་ངོ་བོ་ཉིད་མི་ཕྱེད་པའི་ཞགས་པས་ དྲངས་པའི་ཕྱིར། རྡོ་རྗེ་ལྕགས་ཀྱུ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པའི་བྱ་བ་མཛད་པའི་ཕྱིར་དང་། དྲི་མ་མེད་པའི་ཐུགས་རྗེ་ ཆེན་པོ་ལྕགས་ཀྱུའི་ངོ་བོ་ཉིད་དུ་གྱུར་པས་སེམས་ཅན་རྣམས་འདྲེན་པའི་ཕྱིར། ཞགས་པ་ཆེན་པོ་སྟེ། དེས་དྲངས་པ་རྣམས་ཆོས་ཐམས་ཅད་ བདག་མེད་པར་བསྟན་པས་ངེས་པར་འདུལ་བར་མཛད་པའི་ཕྱིར་རོ། ། གཉིས་པ་མི་བསྐྱོད་པའི་སྒོ་ནས་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བསྟོད་པ་ལ་གཉིས། ངོ་བོའི་སྒོ་ནས་བསྟོད་པ་དང་། ཁྱད་པར་གྱི་སྒོ་ནས་བསྟོད་ པའོ། ། དང་པོ་ལ་གསུམ། སྐུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་རྗེའི་ངོ་བོའོ། ། དང་པོ་ནི། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཀེང་རུས་མཆེ་ བ་གཙིགས་པ་པོ། །ཧ་ལ་ཧ་ལ་གདོང་བརྒྱ་པ། །གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །རྡོ་རྗེ་ཤུགས་ཅན་འཇིགས་བྱེད་པ། །རྡོ་རྗེ་གྲགས་པ་རྡོ་རྗེའི་ སྙིང་། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག །རྡོ་རྗེ་སྙིང་པོ་མཁའ་འདྲ་བ། །མི་གཡོ་རལ་པ་གཅིག་གིས་བསྒྱིངས། །གླང་ཆེན་ ཀོ་རློན་གོས་སུ་གྱོན། །ཞེས་ཏེ། དེ་ཡང་། གང་དང་གང་གི་གཟུགས་ཀྱིས་ནི། །ལུས་ཅན་རྣམས་ནི་འདུལ་གྱུར་པ། །དེ་དང་དེར་ནི་རྣམ་སྟོན་ཏེ། །སྣ་ ཚོགས་ནོར་བུ་ཇི་བཞིན་ནོ། །ཞེས་པ་ལྟར། ལྷ་ཆེན་པོ་ལ་སོགས་པའི་དྲེགས་པ་བཅོམ་པས་འདུལ་བའི་ཕྱིར་འཕགས་པ་གཤིན་རྗེ་གཤེད་ལ་སོགས་ པའི་གཟུགས་ཀྱིས་རྗེ་བཙུན་འཇམ་དབྱངས་བཞུགས་པའོ། །དེའི་ཕྱིར་རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་པ་སྟེ། འཇིགས་བྱེད་ཆེན་པོའི་ གཟུགས་ཀྱིས་འཇིག་རྟེན་གསུམ་ལ་འཇིགས་པ་ཡང་དག་པར་སྟོན་པས་ན། རྡོ་རྗེ་འཇིགས་བྱེད་ཀྱང་ཡིན་འཇིགས་པར་བྱེད་པ་ཡང་ཡིན་པའི་ ཕྱིར། ཁྲོ་བོའི་རྒྱལ་པོ་སྟེ། དེ་ནས་འཇམ་པའི་དབྱངས་འདི་ནི། ཁྲོ་བོའི་མིང་ནི་གཤིན་རྗེ་གཤེད། །དྲག་ལ་མཐུ་རྩལ་དྲག་ལྡན་པ། །དེ་མཐོང་ན་ནི་ ཁྲོ་བོ་གཞན། །ཐམས་ཅད་གྱི་ནི་ལག་ཆ་ཤོར། །ཞེས་པ་ལྟར། ཁྲོ་བོ་རྣམས་ཀྱི་གཙོ་བོ་ཡིན་པའི་ཕྱིར། གདོང་དྲུག་སྟེ། ཕར་ཕྱིན་དྲུག་གི་ངོ་བོ་ཉིད་ཀྱི་ ཞལ་དྲུག་མངའ་བའི་ཕྱིར། དེས་མཚོན་ནས་ཕྱག་དང་ཞབས་དག་ཀྱང་དྲུག་དྲུག་ཏུ་དོན་གྱིས་ཤེས་པར་བྱའོ། །དེ་ཉིད་ནི་ཤིན་ཏུ་འཇིགས་པ་སྟེ། ཞལ་གྱི་དབྱིབས་ནི་དུ་མ་སྟེ། །སྒྲ་ནི་རྒྱ་མཚོ་འཁྲུག་པ་འདྲ། །ཁ་ཅིག་བཞད་ཅིང་ཁ་ཅིག་ཞི། །ཁ་ཅིག་འཇིགས་པར་བཞད་པའི་ཞལ། །ཁ་ཅིག་ཞལ་ ནི་གདངས་པ་སྟེ། ལྗགས་ཀྱང་བསྐྱོད་པར་མཛད་པ་དང་། །ཁ་ཅིག་ཀྱང་ནི་མཆེ་བ་གཙིགས། །ཞེས་པ་ལྟར་འཇིགས་སུ་རུང་བའི་ཕྱིར། མིག་དྲུག་ པ་སྟེ། མངོན་ཤེས་དྲུག་གི་རང་བཞིན་དངོས་པོ་མ་ལུས་པ་མཐོང་བའི་ངོ་བོ་ཉིད། དཔྲལ་བའི་དབུས་ན་གནས་པའི་སྤྱན་དྲུག་མངའ་བའི་ཕྱིར། བཤད་པ་འདི་ནི་བྱེ་བྲག་པ་སྟེ། གཞན་དུ་ན་སྤྱན་བཅྭོ་བརྒྱད་པར་འགྱུར་རོ། །ལག་དྲུག་པ་སྟེ། རྗེས་དྲན་དྲུག་གི་ངོ་བོ་ཕྱག་དྲུག་དང་ལྡན་པའི་ ཕྱིར། སྟོབས་དང་ལྡན་པ་སྟེ། དད་པ་ལ་སོགས་པའི་སྟོབས་ལྔ་དང་ལྡན་པའི་ཕྱིར་དང་། སྐུའི་སྟོབས་ཆེན་པོ་དང་ལྡན་པའི་ཕྱིར། ཀེང་རུས་ཅན་ ཞེས་བྱ་སྟེ། མི་མགོ་རློན་དང་སྐམ་པ་དང་། །ཡི་དྭགས་ཕྲེང་བས་བརྒྱན་པར་བསྒོམ། །ཞེས་པ་ལྟར། ཀེང་རུས་ཀྱི་རྒྱན་དང་ལྡན་པའི་ཕྱིར། མཆེ་བ་ གཙིགས་པ་པོ་སྟེ། ཤེས་རབ་རྣོན་པོའི་ངོ་བོར་གྱུར་པའི་གཙིགས་པའི་ཚེམས་མཐོན་པོ་མངའ་བའི་ཕྱིར། ཧ་ལ་ཧ་ལ་གདོང་བརྒྱ་པ། །ཞེས་བྱ་སྟེ། མཐོང་བ་དང་། རེག་པ་དང་། ཁ་ཆུའི་དུག་དང་ལྡན་པའི་ཀླུ་ཆེན་པོ་རྣམས་ནི། ཧ་ལ་ཧ་ལ་ཞེས་བྱ་སྟེ། དེ་དག་གིས་སྐྲ་བཅིངས་པ་དང་། རྣ་རྒྱན་ སོགས་སུ་བྱས་པས་ན། སྦྲུལ་ཆེན་པོའི་གདེངས་ཀའི་གདོང་པ་བརྒྱ་སྙེད་འདུས་པའི་སྐུ་དང་ལྡན་པའི་ཕྱིར། གཤིན་རྗེའི་གཤེད་པོ་སྟེ། གཤིན་རྗེའི་ ཚོགས་རྣམས་མཐར་གཏུགས་པར་མཛད་པའི་ཕྱིར། བགེགས་ཀྱི་རྒྱལ་པོ་སྟེ་ཚོགས་ཀྱི་བདག་པོ་ལ་སོགས་པ་བགེགས་ཐམས་ཅད་ཀྱི་གཙོ་བོར་ གྱུར་པའི་ཕྱིར། རྡོ་རྗེ་ཤུགས་ཅན་ཏེ། ཐོགས་པ་མེད་པར་བཞུད་པའི་ཕྱིར། འཇིགས་བྱེད་པ་སྟེ། གདུག་པ་ཅན་རྣམས་སྐྲག་པར་མཛད་པའི་ཕྱིར། རྡོ་རྗེ་གྲགས་པོ་སྟེ། མི་ཕྱེད་པའི་རང་བཞིན་གྱིས་འཇིག་རྟེན་གསུམ་དུ་གྲགས་པའི་ཕྱིར། རྡོ་རྗེའི་སྙིང་སྟེ་གཉིས་མེད་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེ་ཐུགས་ ཁར་རབ་ཏུ་བཞག་པའི་ཕྱིར། སྒྱུ་འཕྲུལ་རྡོ་རྗེ་སྟེ། སྣ་ཚོགས་སུ་སྤྲུལ་པར་མཛད་པའི་ཕྱིར། གསུས་པོ་ཆེ་སྟེ། སྐུ་ཆེ་ཞིང་གསུས་ཁྱིམ་ཆེ་བའི་ཕྱིར། རྡོ་རྗེ་ལས་སྐྱེས་པ་སྟེ། བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ངོ་བོ་ཉིད་ལས་བྱུང་བའི་ཕྱིར། རྡོ་རྗེའི་བདག་པོ་སྟེ། རྡོ་རྗེ་རིགས་ཀྱི་གཙོ་བོར་གྱུར་པའི་ཕྱིར། རྡོ་རྗེ་སྙིང་པོ་སྟེ། རྡོ་རྗེའི་དཀྱིལ་འཁོར་གྱི་སྙིང་པོ། རྡོ་རྗེ་རྒྱུའི་ངོ་བོ་ཉིད་ཡིན་པའི་ཕྱིར། མཁའ་འདྲ་བ་སྟེ། སེམས་ཅན་ཐམས་ཅད་ལ་གོ་སྐབས་ འབྱེད་པའི་ཕྱིར་དང་། ཉེས་པ་ཐམས་ཅད་ཀྱིས་མ་གོས་པའི་ཕྱིར། མི་གཡོ་བ་སྟེ། གང་གིས་ཀྱང་བསྐྱོད་པར་མི་ནུས་པའི་ཕྱིར་དང་། ཁྲོ་བོ་མི་གཡོ་ བའི་གཟུགས་འཛིན་པའི་ཕྱིར། རལ་པ་གཅིག་གིས་བསྒྱིངས་པ་སྟེ། རལ་པའི་མཆོག་ལྷག་པར་འཕྱང་བའི་ཐོར་ཚུགས་དང་ལྡན་པའི་ཕྱིར་དང་། ཁྲོ་བོ་རལ་པ་གཅིག་པའི་གཟུགས་ཅན་ཡིན་པའི་ཕྱིར། གླང་ཆེན་ཀོ་རློན་གོས་སུ་གྱོན་པ་སྟེ། ཚོགས་བདག་གི་ངོ་བོ་གླང་པོ་ཆེའི་པགས་པ་རློན་པ་ གྱོན་ཞིང་འཆང་བའི་ཕྱིར། ༈ གཉིས་པ་གསུང་རྡོ་རྗེའི་ངོ་བོ་ནི། དྲག་ཆེན་ཧ་ཧ་ཞེས་སྒྲོགས་པ། །ཧི་ཧི་ཞེས་སྒྲོགས་འཇིགས་པར་བྱེད། །གད་མོ་ཆེན་པོ་གད་རྒྱངས་ཅན། ། རྡོ་རྗེ་གད་མོ་ཆེར་སྒྲོགས་པ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །རྡོ་རྗེ་དྲག་པོ་དགའ་བ་ཆེ། །རྡོ་རྗེ་ཧཱུྃ་སྟེ་ཧཱུྃ་ཞེས་ སྒྲོགས། །ཞེས་པ་ལ། དྲག་ཆེན་ཧ་ཧ་ཞེས་སྒྲོགས་པ་སྟེ། འབྱུང་པོའི་དཀྱིལ་འཁོར་དུ་ཕྲ་མེན་མར་གཏོགས་པའི། ཧ་ཧའི་སྒྲ་དྲག་པོ་ཆེན་པོས་སེམས་ ཅན་དམན་པ་རྣམས་བརྒྱལ་བར་མཛད་པའི་ཕྱིར་དང་། ཡི་གེ་ཧ་ཧ་ཞེས་བྱ་བའི་གསང་སྔགས་ཀྱི་བདག་ཉིད་དུ་གྱུར་པའི་ཕྱིར། ཧི་ཧི་ཞེས་ སྒྲོགས་འཇིགས་པར་བྱེད་པ་སྟེ། རྟ་མཆོག་གི་གཟུགས་ཀྱིས་ཧི་ཧི་ཞེས་བྱ་བའི་སྒྲས། ཚངས་པ་ལ་སོགས་པ་ལྟུང་བར་བྱེད་ཅིང་། གཞན་རྣམས་ཀྱི་ འཇིགས་པ་བསྐྱེད་པར་མཛད་པའི་ཕྱིར་དང་། ཡི་གེ་ཧི་ཧི་ཞེས་བྱ་བའི་སྔགས་ཀྱི་གཟུགས་ཀྱིས་འཇིགས་པ་བསྐྱེད་པར་མཛད་པའི་ཕྱིར། གད་མོ་ ཆེན་པོ་སྟེ། འཇིག་རྟེན་གྱི་ཁམས་མ་ལུས་པ་གད་མོས་ཁྱབ་པར་མཛད་པའི་ཕྱིར། གད་རྒྱངས་ཅན་ཞེས་བྱ་སྟེ། རྡོ་རྗེ་བཞད་པའི་གཟུགས་ཀྱིས་ རྨད་དུ་བྱུང་བའི་དོན་སྟོན་པའི་ཕྱིར། རྡོ་རྗེ་གད་མོ་ཆེར་སྒྲོགས་པ་སྟེ། གཞན་གྱིས་མི་ཕྱེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་སྒྲ་ཆེན་པོ་དང་ ལྡན་པའི་ཕྱིར། རྡོ་རྗེ་སེམས་དཔའ་སྟེ། རྡོ་རྗེ་དང་འདྲ་བར་མི་ཕྱེད་པའི་གཟུགས་མངའ་བའི་ཕྱིར་དང་། རྡོ་རྗེའི་སེམས་དཔའི་གཟུགས་འཛིན་ པའི་ཕྱིར། སེམས་དཔའ་ཆེན་པོ་སྟེ། དེ་ཡང་གཅིག་ཏུ་གཞན་གྱི་དོན་མཛད་པའི་ཕྱིར། རྡོ་རྗེ་རྒྱལ་པོ་སྟེ། རྡོ་རྗེ་ལྕགས་ཀྱུའི་གཟུགས་འཛིན་པའི་ ཕྱིར་དང་། མི་ཕྱེད་པའི་གཟུགས་ཀྱིས་མཛེས་པའི་ཕྱིར། བདེ་བ་ཆེ་བ་སྟེ། རྡོ་རྗེ་ཆགས་པའི་གཟུགས་འཛིན་པའི་ཕྱིར་དང་། ཕུལ་དུ་བྱུང་ཞིང་ལྷུན་ གྱིས་གྲུབ་པའི་བདེ་བ་ཆེན་པོའི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར། རྡོ་རྗེ་དྲག་པོ་སྟེ། དེའི་གཟུགས་འཛིན་པའི་ཕྱིར་དང་། སེམས་ཅན་ཤིན་ཏུ་གཏུམ་པོ་ རྣམས་འདུལ་བའི་ཕྱིར། དགའ་བ་ཆེ་སྟེ། དུལ་བའི་སེམས་ཅན་རྣམས་དགའ་བ་བསྐྱེད་པའི་ཕྱིར་དང་། བདག་ཉིད་ཀྱང་དགའ་བ་ཆེན་པོའི་ བདག་ཉིད་ཅན་དུ་གྱུར་པའི་ཕྱིར། རྡོ་རྗེ་ཧཱུྃ་སྟེ་ཧཱུྃ་ཞེས་སྒྲོགས་པ་སྟེ། ཁམས་གསུམ་རྣམ་རྒྱལ་ལམ། རྡོ་རྗེ་ཧཱུྃ་མཛད་ཀྱི་གཟུགས་ཀྱིས་སྲིད་གསུམ་ མ་ལུས་པ་རྣམས་སུ་ཡི་གེ་ཧཱུྃ་སྤྲོ་བར་མཛད་པའི་ཕྱིར། ༈ གསུམ་པ་ཐུགས་རྡོ་རྗེའི་ངོ་བོ་ནི། མཚོན་དུ་རྡོ་རྗེའི་མདའ་ཐོགས་པ། །རྡོ་རྗེའི་རལ་གྲིས་མ་ལུས་གཅོད། །རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན། །རྡོ་ རྗེ་གཅིག་པུ་གཡུལ་སེལ་བ། །ཞེས་པ་ལ། མཚོན་དུ་རྡོ་རྗེའི་མདའ་ཐོགས་པ་སྟེ། རྡོ་རྗེས་མཚོན་པའི་མདའ་དང་གཞུ་བསྣམས་པའི་ཕྱིར། རྡོ་རྗེའི་ རལ་གྲིས་མ་ལུས་གཅོད་པ་སྟེ། མི་ཤེས་པ་མ་ལུས་པ་གཅོད་པར་བྱེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན་ཏེ། རྡོ་རྗེ་ལས་ ཀྱི་ངོ་བོ་ཉིད་ཀྱིས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་འཛིན་པའི་ཕྱིར། རྡོ་རྗེ་གཅིག་པུ་གཡུལ་སེལ་བ་སྟེ། གཉིས་སུ་མེད་པའི་རྡོ་རྗེས་བདུད་དང་། མུ་ སྟེགས་དང་། ཉོན་མོངས་པའི་དགྲ་རྣམས་འཇོམས་པའི་ཕྱིར། ༈ གཉིས་པ་ཁྱད་པར་གྱི་སྒོ་ནས་བསྟོད་པ་ལ་གཉིས། སྐུའི་ཁྱད་པར་དང་། གསུང་གི་ཁྱད་པར་རོ། ། དང་པོ་ནི། རྡོ་རྗེ་འབར་བ་མིག་མི་བཟད། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །རྡོ་རྗེ་འབེབས་པ་འབེབས་པ་ཆེ། །མིག་བརྒྱ་པ་སྟེ་རྡོ་རྗེའི་མིག །ལུས་ ནི་རྡོ་རྗེའི་བ་སྤུ་ཅན། །རྡོ་རྗེའི་སྤུ་ནི་གཅིག་པུའི་ལུས། །སེན་མོ་སྐྱེས་པ་རྡོ་རྗེའི་རྩེ། །རྡོ་རྗེ་སྙིང་པོ་པགས་པ་མཁྲེགས། །རྡོ་རྗེའི་ཕྲེང་ཐོགས་དཔལ་ དང་ལྡན། །རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། །ཞེས་པ་ལ། རྡོ་རྗེ་འབར་བ་མིག་མི་བཟད་པ་སྟེ། རྡོ་རྗེ་འབར་བ་དང་འདྲ་བར་ཤིན་ཏུ་དྲག་ཅིང་ དམར་ལ་སེར་སྐྱ་དང་། དམར་སེར་གྱི་སྤྱན་མངའ་བའི་ཕྱིར། སྐྲ་ཡང་རྡོ་རྗེ་འབར་བ་སྟེ། ཁྲོ་བོའི་རྡོ་རྗེ་མེ་འབར་བའི་གཟུགས་ཀྱིས་ཚངས་པའི་ འཇིག་རྟེན་གྱི་ཁམས་མཐར་ཐུག་པ་འབར་ཞིང་སྲེག་པའི་ངོ་བོ་ཉིད་ཀྱི་སྐྲ་དང་ལྡན་པའི་ཕྱིར། རྡོ་རྗེ་འབེབས་པ་སྟེ། རྡོ་རྗེ་ཧཱུྃ་དང་བཅས་པས་ སྐུ་གསུང་ཐུགས་དང་། ཡེ་ཤེས་ཀྱིས་བྱིན་གྱིས་བརློབ་པར་བྱེད་པའི་ཕྱིར། འབེབས་པ་ཆེན་པོ་སྟེ། བྱིན་བརློབ་དེ་ཡང་གཞན་གྱིས་མི་འཕྲོགས་ ཤིང་། དངོས་པོ་ཐམས་ཅད་ཀྱི་རང་བཞིན་དུ་སོང་བ་ཡུལ་ཆེ་བ་ཉིད་ཀྱི་ཕྱིར། མིག་བརྒྱ་པ་སྟེ། ནམ་མཁའི་སྒྲོན་མེ་ཞེས་བྱ་བ་ལ་སོགས་པ། གྲངས་ བརྒྱ་མ་ཆད་པའི་ཏིང་ངེ་འཛིན་གྱིས་དངོས་པོ་ཇི་ལྟར་གནས་པ་གཞིན་དུ་གཟིགས་པའི་ཕྱིར། རྡོ་རྗེའི་མིག་ཅན་ཏེ། རྡོ་རྗེ་ལྟར་མི་ཕྱེད་པའི་སྤྱན་ འབར་བ་དང་ལྡན་པའི་ཕྱིར། ལུས་ནི་རྡོ་རྗེའི་བ་སྤུ་ཅན་ཏེ། རྡོ་རྗེའི་གཟུགས་ཅན་གྱི་སྤུ་ཤིན་ཏུ་རྣོ་བའི་མྱུ་གུ་ལྟ་བུ་དང་ལྡན་པའི་ལུས་ཡིན་པའི་ ཕྱིར། རྡོ་རྗེའི་སྤུ་ནི་གཅིག་པུའི་ལུས་ཞེས་བྱ་སྟེ། མི་མཐུན་པའི་བ་སྤུ་མེད་པས་ན་གཅིག་པུ་གཉིས་སུ་མེད་པའི་རྡོ་རྗེའི་སྤུ་ལུས་ཅན་ཡིན་པའི་ཕྱིར། སེན་མོ་སྐྱེས་པ་རྡོ་རྗེའི་རྩེ་སྟེ། རྡོ་རྗེའི་རྩེ་མོ་ལྟར་སེན་མོ་རྣམས་ཤིན་ཏུ་སྲ་ཞིང་བརྟན་པའི་ཕྱིར། རྡོ་རྗེ་སྙིང་པོ་པགས་པ་མཁྲེགས་པ་སྟེ། རྡོ་རྗེ་ ལྟར་མི་ཤིགས་ཤིང་ཤིན་ཏུ་མཁྲེགས་པའི་པགས་པ་དང་ལྡན་པའི་ཕྱིར། རྡོ་རྗེ་ཕྲེང་ཐོགས་དཔལ་དང་ལྡན་པ་སྟེ། རྡོ་རྗེའི་རང་བཞིན་གྱི་ཕྲེང་བ་ ཐོགས་པས་མཛེས་པའི་ཕྱིར། རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། རྡོ་རྗེའི་རང་བཞིན་གྱི་རྣ་རྒྱན་སོགས་ཐམས་ཅད་ཀྱིས་བརྒྱན་ཅིང་མཛེས་པའི་ཕྱིར། ༈ གཉིས་པ་གསུང་གི་ཁྱད་པར་ནི། གད་རྒྱངས་ཧ་ཧ་ངེས་པར་སྒྲོགས། །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །འཇམ་དབྱངས་ཆེན་པོ་སྒྲ་ཆེ་བ། །འཇིག་ རྟེན་གསུམ་ན་སྒྲ་གཅིག་པ། །ནམ་མཁའི་མཐའ་ལས་སྒྲ་སྒྲོགས་པ། །སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་པ་ལ། གད་རྒྱངས་ཧ་ཧ་ངེས་པར་སྒྲོགས་ པ་སྟེ། ཆོས་ཉིད་ངེས་པ་ཉིད་སྒྲོགས་པའི་བཞད་པའི་སྐད་གསང་ཆེན་པོ་དང་ལྡན་པའི་ཕྱིར། ཡི་གེ་དྲུག་པ་རྡོ་རྗེའི་སྒྲ་སྟེ། ཨོཾ་ཝཱ་ཀྱེ་དཾ་ན་མཿ ཨོཾ་ ཝཱ་གཱི་ཤྭ་རི་མུཾ། ཨོཾ་བཛྲ་ཏཱིཀྵྞཱ་མུཾ། ཨོཾ་མཉྫུ་གྷོ་ཤྚྲཱ་མུཿ ཞེས་བྱ་བའི་ཡི་གེ་དྲུག་པའི་གསང་སྔགས་ཐམས་ཅད་གྱི་ངོ་བོ་ཉིད་དུ་གྱུར་ཅིང་། རྡོ་རྗེའི་ཐེག་ པ་སྟོན་པའི་ཕྱིར། འཇམ་དབྱངས་ཆེན་པོ་སྟེ། སྙན་ཅིང་ཡིད་དུ་འོང་བའི་གསུང་དབྱངས་ཆེན་པོ་དང་ལྡན་པའི་ཕྱིར། སྒྲ་ཆེ་བ་སྟེ། ཆོས་ཐམས་ ཅད་བདག་མེད་པའི་སྒྲ་དབྱངས་ཆེན་པོ་སྒྲོགས་པའི་ཕྱིར། འཇིག་རྟེན་གསུམ་ན་སྒྲ་གཅིག་པ་སྟེ། གཅིག་པུ་གཉིས་སུ་མེད་པར་འགྲན་ཟླ་དང་ བྲལ་བའི་སྒྲ་ཡིན་པའི་ཕྱིར། ནམ་མཁའི་མཐའ་ལས་སྒྲ་སྒྲོགས་པ་སྟེ། སྒྲ་གཅིག་ཁོ་ནས་ཀྱང་ནམ་མཁའི་ཁམས་ཀྱི་མཐར་ཐུག་པ་ཁྱབ་པར་སྒྲོགས་ པའི་ཕྱིར། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག་སྟེ། དེ་རྣམས་ཀྱི་ནང་ན་དབང་སྒྱུར་བ་དང་། ཕུལ་དུ་བྱུང་བའི་དམ་པ་ཡིན་པའི་ཕྱིར། ༈ གསུམ་པ་འོད་དཔག་མེད་ཀྱི་སྒོ་ནས་སོར་རྟོག་ཡེ་ཤེས་ལ་བསྟོད་པ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། ། དང་པོ་ནི། ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་ཡི་གེ་མེད། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་ པ། །ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཆོས་ཀྱི་གན་ཌི་སྒྲ་བོ་ཆེ། །མི་གནས་མྱ་ངན་འདས་པ་པོ། །ཕྱོགས་བཅུའི་ཆོས་ཀྱི་རྔ་བོ་ཆེ། །ཞེས་གཙོ་བོར་གསུང་ གི་སྒོ་ནས་བསྟན་པ་ལས། དང་པོར་གསུང་བྱའི་ངོ་བོ་ནི། ཡང་དག་བདག་མེད་དང་། དེ་བཞིན་ཉིད་དང་། ཡང་དག་མཐའ་ཞེས་པ་རྣམས་ནི་ རྣམ་གྲངས་ཏེ། དེ་བཞིན་ཉིད་ཀྱི་སྒོ་ནས་དེ་ཁོ་ན་ཉིད་སྟོན་པར་མཛད་པའི་ཕྱིར། རྣམ་གྲངས་ཀྱི་ཚུལ་དེ་ནི་གཞན་དག་ཏུ་ཡང་ཤེས་པར་བྱའོ། ། དེ་ཉིད་ཡི་གེ་མེད་པ་སྟེ། གནས་ཚུལ་བཞིན་དུ་ཡི་གེ་ཐམས་ཅད་ཀྱིས་བརྗོད་དུ་མེད་པའི་ཕྱིར། དེ་དག་སྟོན་པའི་གསུང་ནི། སྟོང་ཉིད་སྨྲ་བའི་ཁྱུ་ མཆོག་སྟེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་སྨྲ་བའི་ངང་ཚུལ་ཅན་ཡིན་པའི་ཕྱིར་དང་། དེ་ནི་སྨྲ་བ་པོ་ཐམས་ཅད་ཀྱི་ གཙོ་བོ་ཡིན་པའི་ཕྱིར། ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ་སྟེ། སྟོང་པ་ཉིད་ཟབ་མོ་དང་། སངས་རྒྱས་ཀྱི་ཆོས་རྒྱ་ཆེ་བ་ཕུལ་དུ་བྱུང་བ་རྣམས་སྟོན་པར་ མཛད་པའི་ཕྱིར། ཆོས་ཀྱི་དུང་སྟེ། ཆོས་ཀྱི་དུང་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ངོ་བོར་གྱུར་པའི་ཕྱིར། སྒྲ་ཆེན་ལྡན་པ་སྟེ། དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་ཡེ་ཤེས་སེམས་དཔའི་ངོ་བོ་ཆོས་ཀྱི་དུང་བུས་པ་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཐོས་པའི་ཕྱིར། ཆོས་ཀྱི་གན་ཌི་སྒྲ་བོ་ཆེ་ སྟེ། འཇིག་རྟེན་ཐམས་ཅད་དུ་དམ་པའི་ཆོས་སྟོན་པའི་ལྟས་ཀྱི་སྒྲའི་སྣང་བ་བསྐྱེད་པའི་ཕྱིར། མི་གནས་མྱ་ངན་འདས་པ་པོ་སྟེ། ཡང་དག་པར་ རྫོགས་པའི་བྱང་ཆུབ་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་དང་། སྲིད་ཞི་གཉིས་ཀ་སྟོང་པ་ཉིད་དུ་རོ་གཅིག་པར་རྟོགས་པའི་ཕྱིར། ཕྱོགས་བཅུའི་ཆོས་ཀྱི་ རྔ་བོ་ཆེ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་སྐལ་བ་དང་ལྡན་པའི་སེམས་ཅན་རྣམས་ལ་རྗེས་སུ་མཐུན་པའི་ཆོས་སྟོན་པའི་སྒྲ་ བསྒྲགས་པས། མངོན་པར་དགའ་བར་མཛད་པའི་ཕྱིར། กก