กก

༄༅། །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་རྒྱུད་དོན་རབ་ཏུ་གསལ་བར་བྱེད་པ་
ལེགས་བཤད་ནོར་བུའི་སྒྲོན་མ་ཞེས་བྱ་བ་བཞུགས་སོ། །
སྒ་རབ་འབྱམས་པ་ཀུན་དགའ་ཡེ་ཤེས་ཀྱིས་མཛད།

  བསྡོམས་ལྡེབ་ངོས་༡༡ཡོད།       ༡༽   ༢༽   ༣༽   ༤༽   ངོས་པ།   ༦༽   ༧༽   ༨༽   ༩༽   ༡༠༽   ༡༡༽

     ༈ གཉིས་པ་འབྲས་བུའི་ངོ་བོའི་ཁྱད་པར་ནི། ཕྱིར་མི་ལྡོག་པ་ཕྱིར་མི་འོང་། འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། །ངེས་འབྱུང་སྣ་ཚོགས་ལས་བྱུང་
བ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པོ། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །འདོད་ཆགས་བྲལ་བ་དབང་པོ་ཐུལ། །བདེ་བ་རྙེད་པས་འཇིགས་མེད་ཐོབ། །
བསིལ་བར་གྱུར་པ་རྙོག་པ་མེད། །རིག་པ་དང་ནི་རྐང་པར་ལྡན། །བདེ་གཤེགས་འཇིག་རྟེན་རིག་པའི་མཆོག །བདག་གིར་མི་འཛིན་ངར་མི་འཛིན། །
བདེན་པ་གཉིས་ཀྱི་ཚུལ་ལ་གནས། །ཞེས་ཏེ། འབྲས་བུའི་ངོ་བོ་ཡང་བདེན་པ་གཉིས་ཀྱི་ཚུལ་གྱིས་འཆད་པ་ལས། དང་པོར་རྫོགས་བྱང་ལས། ཕྱིར་མི་
ལྡོག་པ་སྟེ། བྱང་སེམས་ཀྱིས་འདུལ་བ་རྣམས་ལ། ས་བརྒྱད་པ་ལ་སོགས་པར་སྟོན་པའི་ཕྱིར། ཕྱིར་མི་འོང་བ་སྟེ། ཉན་ཐོས་ཀྱི་ཐེག་པས་འདུལ་བ་
རྣམས་ལ། འདོད་ཁམས་སུ་ཕྱིར་མི་འོང་བའི་ཉན་ཐོས་སློབ་པར་སྟོན་པའི་ཕྱིར། འདྲེན་པ་རང་རྒྱལ་ཏེ་ཚོགས་ན་སྤྱོད་པའི་རང་སངས་རྒྱས་ཀྱིས་
འདུལ་བ་རྣམས་ལ་རེ་རེས་གཙོ་བོ་མཛད་པའི་རང་རྒྱལ་དཔག་ཏུ་མེད་པར་སྟོན་པའི་ཕྱིར། ངེས་པའི་དོན་དུ་ན་འཇིག་རྟེན་གྱི་ཁམས་སོ་སོར་སེམས་
ཅན་རྣམས་སངས་རྒྱས་ལ་སྦྱོར་བར་མཛད་པའི་གཙོ་བོ་གཅིག་པུ་ཡིན་པས་དེ་སྐད་ཅེས་བྱའོ། །བསེ་རུའི་ཚུལ་ཏེ། བསེ་རུ་ལྟར་གཅིག་པུར་སྤྱོད་པའི་
རང་སངས་རྒྱས་ཀྱིས་འདུལ་བ་རྣམས་ལ་དེ་ལྟར་སྟོན་པའི་ཕྱིར། ངེས་པའི་དོན་དུ་ན་འགྲན་པའི་ཟླ་གཞན་མེད་པས་སོ། །ངེས་འབྱུང་སྣ་ཚོགས་ལས་
བྱུང་བ་སྟེ། གོང་དུ་བཤད་པ་དེ་ལྟར་ཐེག་པ་སྣ་ཚོགས་ཀྱི་ལམ་དང་འབྲས་བུའི་ཚུལ་དུ་སྟོན་པའི་ཕྱིར། འབྱུང་བ་ཆེན་པོ་རྒྱུ་གཅིག་པོ་ཞེས་བྱ་སྟེ། ཀུན་རྫོབ་ཏུ་ན། ས་ལ་སོགས་པའི་འབྱུང་བ་དག་གི་བྱེད་རྒྱུ་གཅིག་པུ་ཡིན་པའི་ཕྱིར་དང་། ངེས་པའི་དོན་དུ་ན། སེམས་ཅན་རྣམས་ཀྱིས་སངས་རྒྱས་
ཉིད་ཐོབ་པའི་རྒྱུ་གཅིག་པུ་གཉིས་སུ་མེད་པ་ཡིན་པའི་ཕྱིར། དེ་བཞིན་དུ་དགེ་སློང་ཞེས་བྱ་སྟེ། ཚུར་ཤོག་གིས་བསྙེན་པར་རྫོགས་པ་དང་། གསོལ་བ་
དང་བཞིའི་བསྙེན་རྫོགས་སུ་སྟོན་པའི་ཕྱིར་དང་། ངེས་དོན་དུ་གཉིས་མེད་ཡེ་ཤེས་ཀྱིས་ཉོན་མོངས་བཅོམ་པའི་དགེ་སློང་ཡིན་པའི་ཕྱིར། དགྲ་བཅོམ་
སྟེ། ཕྱི་རོལ་གྱི་ཉེ་བར་འཚེ་བའི་དགྲ་ལས་རྒྱལ་བའི་ཕྱིར་དང་། རྣམ་པ་ཐམས་ཅད་དུ་མཆོད་པར་འོས་པའི་ཕྱིར། ཟག་པ་ཟད་པ་སྟེ། ནང་གི་ཉོན་
མོངས་པའི་ཟག་པ་མཐའ་དག་སྤངས་ཟིན་པའི་ཕྱིར་དང་། ཤེར་ཕྱིན་བདུན་བརྒྱ་པ་ལས། ཆོས་ཐམས་ཅད་ནི་གཟོད་མ་ནས་ཟད་པ་ཉིད་དོ། །ཞེས་པ་
ལྟར་དོན་དམ་པར་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་དམིགས་པ་མེད་པས་སོ། །འདོད་ཆགས་དང་བྲལ་བ་སྟེ། འཁོར་འདས་མཉམ་
པ་ཉིད་དུ་རྟོགས་པས་ཞེན་པ་ཐམས་ཅད་དང་བྲལ་བའི་ཕྱིར། དབང་པོ་ཐུལ་བ་སྟེ་ཆོས་གང་དག་ལ། དད་པའི་དབང་པོས་དད་པར་གྱུར་པ་དེ་དག་
བརྩོན་འགྲུས་ཀྱི་དབང་པོས་ཡང་དག་པར་སྒྲུབ་ཅིང་། དྲན་པའི་དབང་པོས་ཆུད་མི་གསོན་ལ། ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱེད་དེ། ཤེས་རབ་ཀྱི་དབང་པོས་གཞན་གྱི་དྲིང་མི་འཇོག་པར་རྟོགས་པ་སྟེ། དེ་ལྟར་དབང་པོ་ལྔ་པོ་འདི་དག་ལྷན་ཅིག་འགྲོགས་ཤིང་རྗེས་སུ་འབྲེལ་བས། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་རང་དབང་དུ་གྱུར་པའི་ཚུལ་གྱིས་མངོན་དུ་མཛད་པའི་ཕྱིར། རྣམ་གྲོལ་ལམ་གྱི་བདེ་བ་
རྙེད་པས་འཁོར་བའི་འཇིགས་པ་མེད་པ་ཐོབ་པ་སྟེ། མྱང་འདས་ཐོབ་པའི་དགྲ་བཅོམ་ཡིན་པའི་ཕྱིར། ངེས་དོན་དུ་ཉོན་མོངས་པ་དང་གནས་ངན་
ལེན་ཐམས་ཅད་ཉེ་བར་དམིགས་པ་དང་བྲལ་བས། བདེ་བ་རྙེད་པ། ཆོས་ཐམས་ཅད་མཉམ་པ་ཉིད་ལ་གནས་པས་འཇིགས་མེད་ཐོབ་པའོ། །རྒྱུ་མཚན་
དེ་དག་གིས་ན་བསིལ་བར་གྱུར་པ་སྟེ། ཉམ་ང་ཞིང་མི་བདེ་བ་དང་། འཇིགས་པ་དང་བཅས་པ་ཐམས་ཅད་མེད་པའི་ཕྱིར་དང་། ཉོན་མོངས་པའི་
གདུང་བ་ཐམས་ཅད་སེལ་བས་མཚོ་ཆེན་པོ་དང་འདྲ་བར་བསིལ་བའི་རྒྱུར་གྱུར་པའི་ཕྱིར། རྙོག་པ་མེད་པ་སྟེ། ཉོན་མོངས་པའི་དྲི་མ་དང་བྲལ་བའི་
ཕྱིར་དང་། ངེས་དོན་དུ་གཅིག་དང་ཐ་དད་ལ་སོགས་པའི་རྣམ་པར་རྟོག་པའི་རྙོག་པ་ཐམས་ཅད་དང་བྲལ་བའི་ཕྱིར། སྔགས་དོན་དུ། ལུས་ངག་ཡིད་
གསུམ་གྱི་སྐྱོན་དང་བྲལ་བས་རིམ་པ་ལྟར། བདེ་བ་རྙེད་པ་འཇིགས་མེད་ཐོབ། །བསིལ་བར་གྱུར་པ། །ཞེས་དང་། རྙོག་པ་མེད་པ་ནི་གསུམ་ཀའི་མཇུག་
སྡུད་དུ་འཆད་དོ། །རིག་པ་དང་ནི་རྐང་པར་ལྡན། །ཞེས་པ་ལ། རིག་པ་ནི་ཡང་དག་པའི་ལྟ་བ། རྐང་པ་ནི་ཡན་ལག་ལྷག་མ་སྟེ། འོག་ནས་འཆད་པར་
འགྱུར་བའི་འཕགས་པའི་ལམ་ཡན་ལག་བརྒྱད་པོ་ཡིན་ལ། དེ་དག་གི་ཚུལ་དང་ལྡན་པའི་ཕྱིར་རོ། །ཡང་བསླབ་པ་གསུམ་ཡང་རིག་པ་དང་རྐང་པ་སྟེ། ལྷག་པ་ཤེས་རབ་ཀྱི་བསླབ་པ་ནི་རིག་པ། ཚུལ་ཁྲིམས་དང་སེམས་ཀྱི་བསླབ་པ་གཉིས་ནི་རྐང་པ་དང་འདྲ་བའི་ཕྱིར་ཏེ། ཤེས་རབ་ཀྱི་སྤྱན་གྱིས་བལྟས་
ནས། ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་རྐང་པས་འགྲོ་བའི་ཚུལ་གྱིས་བགྲོད་པར་བྱ་བའི་ཡུལ་དུ་སླེབ་པའི་ཕྱིར། བདེ་བར་གཤེགས་པ་སྟེ། ཕྱིན་ཅི་མ་
ལོག་པའི་ལམ་གྱིས་ཤེས་བྱ་མ་ལུས་པ་རྟོགས་ཤིང་། ཆོས་ཉིད་ཐུགས་སུ་ཆུད་པ་ཡོངས་སུ་མ་ཉམས་པའི་ཕྱིར། དེ་ཡང་སུ་ག་ཏའི་དོན་གཤེགས་པ་
དང་རྟོགས་པ་ཡིན་ལ། དེའི་ཚུལ་ནི་གསུམ་སྟེ། མཛེས་པར་གཤེགས་པས་ན་བདེ་བར་གཤེགས་པ། གཟུགས་བཟང་བ་ལྟ་བུའོ། །མ་ལུས་པར་གཤེགས་
པས་ན་བདེ་བར་གཤེགས་པ། བུམ་པ་ལེགས་པར་གང་བ་ལྟ་བུའོ། །མི་ལྡོག་པར་གཤེགས་པས་ན་བདེ་བར་གཤེགས་པ། རིམས་ནད་ལེགས་པར་བྱང་
བ་ལྟ་བུའོ། །མདོར་ན་སྤངས་རྟོགས་ཉམས་པར་མེད་པ་ལ་བདེ་བར་གཤེགས་པ་ཞེས་བྱའོ། །འཇིག་རྟེན་རིག་པ་སྟེ། འགྲོ་བ་དང་། སྐྱེ་གནས་དང་། རིགས་ཀྱི་དབྱེ་བས་ཐ་དད་པའི་སེམས་ཅན་གྱི་འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་རྣམས་ཇི་ལྟ་བ་བཞིན་དུ་མཁྱེན་པའི་ཕྱིར་དང་། སྐལ་བ་དང་
ལྡན་མི་ལྡན་སོགས་རྟག་ཏུ་གཟིགས་པའི་ཕྱིར་རོ། །དེའི་ཡང་མཆོག་སྟེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ལས་ཀྱང་ཤིན་ཏུ་ཕུལ་དུ་བྱུང་བའི་
ཕྱིར། བདག་གིར་མི་འཛིན་པ་དང་ངར་མི་འཛིན་པ་སྟེ། བདག་དང་བདག་གི་བ་རང་བཞིན་གྱིས་མེད་པར་རྟོགས་པའི་ཕྱིར་དང་། གཟུང་བ་དང་
འཛིན་པ་བདེན་པར་མི་དམིགས་པའི་ཕྱིར། དེ་དག་ཐམས་ཅད་ཀྱང་བདེན་པ་གཉིས་ཀྱི་ཚུལ་ལ་གནས་པ་སྟེ། ཀུན་རྫོབ་ཀྱི་ཚུལ་གྱིས་ན་ཉན་རང་
སོགས་ཀྱི་ལམ་ཐམས་ཅད་ཐུགས་སུ་ཆུད་ཅིང་། དེ་དག་གི་རྣམ་པར་བཞུགས་པའི་ཕྱིར་དང་། དོན་དམ་པའི་ཚུལ་གྱིས་ན་ཆོས་ཀྱི་དབྱིངས་སྤྲོས་པ་
མེད་པའི་ངོ་བོ་ཉིད་ལ་མངའ་བརྙེས་པས་མི་གནས་པའི་ཚུལ་ལ་གནས་ཤིང་། གདུལ་བྱ་རྣམས་ལ་དེ་ལྟར་སྣང་བ་ཙམ་ཡིན་པའི་ཕྱིར། བདེན་གཉིས་
ལ་གནས་ཚུལ་འདི་ནི་བར་གྱི་གླིང་དང་འདྲ་བས་བཤད་པ་གཞན་རྣམས་ལ་ཡང་སྦྱར་བར་བྱའོ། །
     ༈ གསུམ་པ་ལྡན་པ་ཡོན་ཏན་གྱི་ཁྱད་པར་ནི། འཁོར་བའི་ཕ་རོལ་མཐར་སོན་པ། །བྱ་བ་བྱས་པ་སྐམ་སར་གནས། །ཤེས་པ་འབའ་ཞིག་ངེས་
བསལ་བ། །ཤེས་རབ་མཚོན་ཆས་རྣམ་འཇོམས་པ། །དམ་ཆོས་ཆོས་རྒྱལ་གསལ་བར་ལྡན། །འཇིག་རྟེན་སྣང་བར་བྱེད་པའི་མཆོག །ཆོས་ཀྱི་དབང་ཕྱུག་
ཆོས་ཀྱི་རྒྱལ། །ལེགས་པའི་ལམ་ནི་སྟོན་པ་པོ། །དོན་གྲུབ་བསམ་པ་གྲུབ་པ་སྟེ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །རྣམ་པར་མི་རྟོག་དབྱིངས་མི་ཟད། །
ཆོས་དབྱིངས་དམ་པ་ཟད་མི་ཤེས། །བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །
ཚོགས་གཉིས་ཚོགས་ནི་བསགས་པ་པོ། །ཞེས་སྤངས་རྟོགས་ཀྱི་ཡོན་ཏན་སྟོན་པ་ལས། དང་པོར་འཁོར་བའི་ཕ་རོལ་གྱི་མཐར་སོན་པ་སྟེ། འགྲོ་བ་ལྔའི་
སྲིད་པར་ཡང་དང་ཡང་དུ་འཁོར་བ་ཉེར་ལེན་ཀྱི་ཕུང་པོ་ལྔའི་རང་གི་ངོ་བོ་ཤེས་པའི་ཕྱིར། དེ་ཡང་སྲིད་ཞི་བདེན་པར་མི་དམིགས་པར་རྟོགས་པ་
སྟེ། རྩ་ཤེར་ལས། མྱ་ངན་འདས་མཐའ་གང་ཡིན་པ། །དེ་ནི་འཁོར་བའི་མཐའ་ཡིན་ཏེ། །དེ་གཉིས་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་
ཡིན། །ཞེས་པའི་ཚུལ་གྱིས་སོ། །བྱ་བ་བྱས་པ་སྟེ། བྱང་ཆུབ་སེམས་དཔའི་བྱ་བ་སེམས་ཅན་མ་ལུས་པའི་དོན་ཚོགས་གཉིས་དང་། ས་དང་ཕ་རོལ་ཏུ་
ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་མཛད་པའི་ཕྱིར། སྐམ་སར་གནས་པ་སྟེ། འཁོར་བའི་འདམ་ལས་འཕགས་ཤིང་། མི་གནས་པའི་མྱ་ངན་ལས་
འདས་པ་ཉིད་ལ་གནས་པའི་ཕྱིར། ཤེས་པ་འབའ་ཞིག་ངེས་བསལ་བ་སྟེ། བདག་དང་བདག་གིར་བ་ལ་སོགས་པའི་ཤེས་པ་རྒྱུ་དང་བཅས་པ་སྤངས་
པའི་ཕྱིར། ཡང་གྲངས་ཅན་གྱིས་བཏགས་པའི་ཤེས་རིག་འབའ་ཞིག་པ་ནི་བསལ་བ་སྟེ། སྙིང་པོ་མེད་པའི་ཕྱིར། སྔགས་དོན་ལས། ཡེ་ཤེས་འབའ་ཞིག་
ལས་བྱུང་བ། །ཞེས་བཏོན་ནས། འབའ་ཞིག་ནི་དག་པ་སྟེ། དེ་ལས་སྐྱེས་པའི་ཡེ་ཤེས་སོ། །ཞེས་སོ། །ཤེས་རབ་མཚོན་ཆས་རྣམ་འཇོམས་པ་སྟེ། ཤེས་རབ་
ཀྱི་མཚོན་ཆ་རྣོན་པོས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་མ་རིག་པའི་དགྲ་རྣམ་པ་སྣ་ཚོགས་པ་འཇོམས་པའི་ཕྱིར། དམ་པའི་ཆོས་ཏེ་མཐོ་
རིས་དང་ཐར་པ་སྒྲུབ་པའི་ཐབས་སྙིང་རྗེ་དང་སྦྱིན་པ་ལ་སོགས་པའི་མཚན་ཉིད་ཅན་ནི། དམ་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་
ཀྱི་སྤྱད་པར་བྱ་བའི་ཆོས་ཏེ། བཅོམ་ལྡན་འདས་ཀྱང་དེ་ཡི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར་དང་། ལུང་གི་ཆོས་སྔགས་ལ་སོགས་པའི་གཟུགས་སུའང་
གནས་པའི་ཕྱིར། ཆོས་རྒྱལ་ཏེ་ཉེས་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་ངོ་བོ་ཉིད་མཛེས་ཤིང་གསལ་བར་གྱུར་པ་ཡིན་པའི་ཕྱིར། གསལ་བར་ལྡན་
པ་སྟེ། སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་སེལ་བའི་ལུང་རྟོགས་ཀྱི་ཆོས་ཀྱི་འོད་ཟེར་འཕྲོ་བའི་ཕྱིར། འཇིག་རྟེན་སྣང་བར་བྱེད་པའི་
མཆོག་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ཟེར་དེས་རྒྱས་པར་ཁྱབ་པར་ཁྱབ་པའི་ཕྱིར། ཆོས་ཀྱི་དབང་ཕྱུག་སྟེ་ཁ་ན་མ་ཐོ་བ་མེད་པའི་
དགའ་བ་དང་བདེ་བའི་ནོར་ཟད་པ་མེད་པའི་མཛོད་དུ་གྱུར་པའི་ཆོས་ཐམས་ཅད་ལ་དབང་བྱེད་པའི་ཕྱིར། ཆོས་ཀྱི་རྒྱལ་པོ་སྟེ། ཐེག་པ་གསུམ་གྱིས་
བསྡུས་པའི་ཆོས་ཀྱིས་སེམས་ཅན་ཐམས་ཅད་འདུལ་བ་དང་། ཡོངས་སུ་སྐྱོང་བས་རྣམ་པ་ཐམས་ཅད་དུ་མཛེས་ཤིང་གསལ་བའི་ཕྱིར། ལེགས་པའི་
ལམ་ནི་སྟོན་པ་པོ་སྟེ། རིགས་ཅན་གསུམ་གྱི་གང་ཟག་རྣམས་ལ་རང་རང་གི་ལམ་རབ་ཏུ་སྟོན་པའི་ཕྱིར། དོན་གྲུབ་པ་སྟེ། ས་དང་ཕ་རོལ་ཏུ་ཕྱིན་པ་
སོགས་དོན་གྱི་དགོས་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར། བསམ་པ་གྲུབ་པ་སྟེ། ལས་དང་པོ་པའི་དུས་ནས་བརྩམས་ཏེ་སྨོན་ལམ་དཔག་ཏུ་
མེད་པ་ཡིད་ལ་བྱས་པ་རྣམས་མཐར་ཕྱིན་པའི་ཕྱིར། གལ་ཏེ་དེ་ལྟ་ན་བཅོམ་ལྡན་འདས་ཀྱང་སྨོན་པའི་ཀུན་རྟོག་དང་བཅས་པར་འགྱུར་རོ་ཞེ་ན། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས་པ་སྟེ། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་མཐར་ཐུག་པའི་ངོ་བོ་ཉིད་ལ། མ་རིག་པའི་བདག་ཉིད་ཅན་གྱི་
རྟོགས་པའི་སྐབས་མེད་པའི་ཕྱིར། སྔགས་དོན་ལས། དོན་གྲུབ་ནི་ཀུན་བཏགས་ཀྱི་ངོ་བོ་ཙམ། བསམ་པ་གྲུབ་པ་ནི་བསམ་པར་བྱ་བ་གཞན་དབང་། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས་པ་ནི། ཡོངས་གྲུབ་དང་སྦྱར་ནས་འཆད་དོ། །མདོར་ན། རྣམ་པར་མི་རྟོག་དབྱིངས་མི་ཟད། །ཅེས་བྱ་སྟེ། ཀུན་ཏུ་རྟོག་
པ་ཐམས་ཅད་སྤངས་པ་དེའི་ཕྱིར་དང་། སྟོང་པ་ཉིད་ཀྱི་དབྱིངས་ནམ་མཁའ་དང་མཉམ་པར་མི་ཟད་པའི་ཕྱིར། དེས་ན་ཆོས་དབྱིངས་དམ་པ་ཟད་མི་
ཤེས་པ་སྟེ། ཆོས་རྣམས་ཀྱི་དབྱིངས་སམ་རིག་པ་ཕུལ་དུ་བྱུང་ཞིང་། ནམ་ཡང་གཞན་དུ་མི་འགྱུར་བར་གནས་པའི་ཕྱིར་ཏེ། མདོ་ལས། ཆོས་ཀྱི་དབྱིངས་
ནི་ཟད་པར་མི་འགྱུར་ལ། འཕེལ་བར་ཡང་མི་འགྱུར་རོ། །ཞེས་སོ། །བསོད་ནམས་ལྡན་པ་སྟེ། སྦྱིན་སོགས་རྒྱུའི་གནས་སྐབས་དང་ལྡན་པའི་ཕྱིར། བསོད་
ནམས་ཀྱི་ཚོགས་དང་ལྡན་པ་སྟེ། དེ་དག་འབྲས་བུའི་གནས་སྐབས་ཀྱི་རང་བཞིན་དུ་གྱུར་པའི་ཕྱིར། ཡེ་ཤེས་ཏེ། རྒྱུའི་གནས་སྐབས་ཀྱི་ཡེ་ཤེས་ཀྱི་རང་
བཞིན་ཡིན་པའི་ཕྱིར། ཡེ་ཤེས་འབྱུང་གནས་ཆེ་བ་སྟེ། འབྲས་བུའི་གནས་སྐབས་ཀྱི་ཡེ་ཤེས་ཀྱི་ཚོགས་ཡེ་ཤེས་གཞན་གྱི་རྒྱུར་གྱུར་པའི་ཕྱིར། ཡེ་ཤེས་
ལྡན་པ་ཡོད་མེད་ཤེས་པ་སྟེ། འབྲས་བུའི་ངོ་བོར་གྱུར་པའི་ཡེ་ཤེས་དེ་དང་མི་འབྲལ་བའི་ཕྱིར་དང་། དེ་བཞིན་ཉིད་ཀྱི་བདག་ཉིད་ཀྱི་ཡེ་ཤེས་ནི་ཡོད་
ཅིང་། དེ་ལས་གཞན་པ་གཟུང་བ་དང་འཛིན་པ་ཐམས་ཅད་ནི་མེད་པ་སྟེ། དེ་དག་གི་རང་གི་ངོ་བོ་ཤེས་པའི་ཕྱིར་དང་། ངེས་པའི་དོན་དུ་ན་ཡོད་
མེད་གཉིས་ཀ་དང་བྲལ་བས། གཉིས་སུ་མེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ལྡན་ཅིང་ཤེས་པའི་ཕྱིར་རོ། །ཚོགས་གཉིས་ཚོགས་ནི་བསགས་པ་པོ་སྟེ།
ཀུན་རྫོབ་དང་དོན་དམ་པའི་སྒོ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་རྫོགས་པའི་ཕྱིར།
     ༈ བཞི་པ་རྟེན་སྐུའི་ཁྱད་པར་ནི། རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅན། །བསམ་གཏན་བསམ་བྱ་བློ་ལྡན་བདག །སོ་སོ་རང་རིག་མི་གཡོ་བ། །མཆོག་
གི་དང་པོ་སྐུ་གསུམ་འཆང་། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་བདག་ཅོད་པན་ཅན། །སྤྱན་ལྔ་
ཆགས་པ་མེད་པ་འཆང་། །སངས་རྒྱས་ཐམས་ཅད་སྐྱེད་པ་པོ། །སངས་རྒྱས་སྲས་པོ་དམ་པ་མཆོག །ཤེས་པ་སྲིད་འབྱུང་སྐྱེ་གནས་མེད། །ཆོས་ལས་
འབྱུང་བ་སྲིད་པ་སེལ། །གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག །ཅེས་སོ། །དེ་ཡང་རྟག་པ་ཞེས་བྱ་སྟེ། ཡུལ་དུས་ཐམས་ཅད་དུ་རྒྱུན་མི་ཆད་པའི་གཟུགས་
ཀྱིས་བཞུགས་པའི་ཕྱིར། དོན་ནི་རྣམ་པར་སྣང་མཛད་ཀྱི་ངོ་བོའོ། །ཀུན་རྒྱལ་ཏེ་འགྲོ་བ་རྣམ་པ་སྣ་ཚོགས་པ་ཀུན་མཛེས་པའི་རང་བཞིན་དུ་གནས་
པའི་ཕྱིར། དོན་གྲུབ་ཀྱི་ངོ་བོའོ། །རྣལ་འབྱོར་ཅན་ཏེ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བདག་ཉིད་ཅན་གྱི་རྣལ་འབྱོར་མངའ་བའི་ཕྱིར། འོད་
དཔག་མེད་ཀྱི་ངོ་བོའོ། །བསམ་གཏན་ཏེ་བསམ་བྱ་བསམ་བྱེད་དང་བྲལ་བའི་རྣམ་པར་མི་རྟོག་པའི་ངོ་བོར་གྱུར་པའི་བསམ་གཏན་བཞིའི་བདག་
ཉིད་ཡིན་པའི་ཕྱིར། མི་བསྐྱོད་པའི་ངོ་བོའོ། །བསམ་བྱ་སྟེ། སངས་རྒྱས་འདོད་པ་རྣམས་ཀྱིས་བསླབ་ཅིང་བསམ་པར་བྱ་བའི་ཡུལ་ཡིན་པའི་ཕྱིར། རིན་
ཆེན་འབྱུང་ལྡན་གྱི་ངོ་བོའོ། །བློ་ལྡན་བདག་སྟེ། དེ་ལྟར་དེ་བཞིན་གཤེགས་པ་ལྔ་པོ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་དང་། ཤེས་རབ་ཀྱི་བདག་པོར་གྱུར་
པའི་ཕྱིར། སོ་སོ་རང་རིག་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་མཉམ་བཞག་སོ་སོ་རང་གིས་རིག་ཅིང་མྱོང་བ་ལས། གཞན་གང་གིས་ཀྱང་
རྟོགས་པར་མི་ནུས་པའི་ཕྱིར། མི་གཡོ་བ་སྟེ། རང་གི་ངོ་བོ་ཉིད་ལས་ནམ་དུ་ཡང་མི་ཉམས་པའི་ཕྱིར། མཆོག་གི་དང་པོ་སྟེ། མཆོག་ཀྱང་ཡིན་ལ་དང་
པོའང་ཡིན་པའི་ཕྱིར་དང་། དེ་ལྟ་བུའི་འཇམ་དཔལ་རྡོ་རྗེ་སེམས་དཔའ་དེ་དང་པོར་ཐོབ་ནས། མཆོག་ཏུ་གྱུར་པ་དེ་བཞིན་གཤེགས་པ་རྣམས་དང་། ཉན་རང་རྣམས་ཀྱང་རིམ་པས་འབྱུང་བའི་ཕྱིར། སྐུ་གསུམ་འཆང་བ་སྟེ། སོ་སོ་རང་གི་རིག་པའི་ཆོས་ཉིད་ཀྱི་བདག་ཉིད་ཅན་གྱི་སྐུ་ལ་དབང་བསྒྱུར་
བས། རྣམ་པ་ཀུན་ཏུ་སྐུ་གསུམ་དུ་སྣང་ཞིང་། རྣམ་པར་བཞག་པའི་ཕྱིར། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན་ཏེ། སྐུ་གསུམ་པོ་དེ་དག་ཀྱང་སྐུ་རྣམ་པ་
ལྔར་དབྱེ་བའི་ཕྱིར། དེ་ཡང་ངོ་བོ་ཉིད་ཀྱི་སྐུ་དང་། ཆོས་ཀྱི་སྐུ་དང་། ཡེ་ཤེས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ། །དང་པོ་ནི་
རང་བཞིན་གྱིས་དྲི་མ་མེད་པའི་ངོ་བོ་ཉིད། དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཅན་གྱི་སྐུའོ། །གཉིས་པ་ནི་བྱང་ཕྱོགས་ཀྱི་ཆོས་ལ་སོགས་པ་ནས། རྣམ་མཁྱེན་
གྱི་ཡེ་ཤེས་ཀྱི་བར་དུ་སྣང་བའི་ཆོས་རྣམས་ཀྱི་ཚུལ་ལོ། །
     གསུམ་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དང་བྱ་བ་རྣམས་ཐུགས་སུ་ཆུད་པའི་ཡེ་ཤེས་ཀྱི་བདག་ཉིད་དོ། །བཞི་པ་ནི་མཚན་དང་དཔེ་བྱད་
ཀྱིས་བརྒྱན་པ་ངེས་པ་ལྔ་ལྡན་གྱི་གཟུགས་སྐུའོ། །ལྔ་པ་ནི། གང་ལ་གང་འདུལ་དུ་སྣང་བ་ངེས་པ་ལྔ་བྲལ་གྱི་གཟུགས་སྐུའོ། །དེ་དག་གསུམ་དུ་བསྡུ་བའི་
ཚེ་དང་པོ་གསུམ་ལ་ངོ་བོ་ཉིད་སྐུའམ། ཆོས་སྐུ་ཞེས་གཅིག་ཏུ་བསྡུ་སྟེ། དེ་གསུམ་ཀ་ཡང་སོ་སོ་རང་གིས་རིག་པ་ཐུན་མོང་མ་ཡིན་པའི་སྐུ་ཡིན་པའི་
ཕྱིར། ལོངས་སྐུ་ནི་ས་བཅུ་པའི་བྱང་སེམས་དང་ཐུན་མོང་བའོ། །སྤྲུལ་སྐུ་ནི་ཉན་རང་སོགས་དང་ཐུན་མོང་བ་སྟེ། རྒྱས་པར་གཞན་དུ་ཤེས་པར་བྱའོ། །
ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་བྱ་སྟེ། སྲིད་ཞི་ཐམས་ཅད་ལ་ཁྱབ་ཅིང་བདག་པོར་གྱུར་པའི་བཅོམ་ལྡན་འདས་དེ་ཉིད། ལྡོག་པའི་དབྱེ་བ་དང་། མཛད་པའི་དབྱེ་བས་ཡེ་ཤེས་རྣམ་པ་ལྔའི་བདག་ཉིད་དེ། མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོ་རྟོག་པ་དང་། བྱ་བ་གྲུབ་པ་དང་། ཆོས་ཀྱི་
དབྱིངས་ཀྱི་ཡེ་ཤེས་སོ། །དེ་ཡང་མེ་ལོང་གི་དཀྱིལ་འཁོར་དྲི་མ་མེད་པ་ལ། རྣམ་པར་རྟོག་པ་མེད་བཞིན་དུ་ཉེ་བར་དང་རིང་བའི་གཟུགས་བརྙན་
སྣང་བ་ལྟར། སྒྲིབ་གཉིས་ཀྱི་དྲི་མ་མེད་པའི་ཡེ་ཤེས་ཀྱི་མེ་ལོང་ལ་རྣམ་པར་མི་རྟོག་བཞིན་དུ་ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་སོ་སོར་སྣང་བས། མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱའོ། །དེ་བཞིན་དུ་སྲིད་ཞི་ཐམས་ཅད་ཆོས་ཉིད་ཀྱི་ངོ་བོར་མཉམ་པ་ཉིད་དུ་རྟོགས་པས་མཉམ་ཉིད་ཡེ་ཤེས། རྟེན་ཅིང་
འབྲེལ་བར་འབྱུང་བའི་ངོ་བོ་ཉིད་སོ་སོར་རང་གིས་རིག་པས་སོར་རྟོག་ཡེ་ཤེས། འགྲོ་བ་མ་ལུས་པའི་དོན་བྱེད་པའི་བྱ་བ་ཐམས་ཅད་སྒྲུབ་ཅིང་གྲུབ་
པར་མཛད་པས་བྱ་གྲུབ་ཡེ་ཤེས། དེ་ལྟར་མཛད་དུ་ཟིན་ཀྱང་རང་གི་ངོ་བོ་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར། ཆོས་དབྱིངས་ཡེ་ཤེས་ཞེས་བྱ་སྟེ། དེ་དག་ཀྱང་ངོ་བོ་གཅིག་ལ་ལྡོག་པས་དབྱེ་བའོ། །སངས་རྒྱས་ལྔ་བདག་ཅོད་པན་ཅན་ཏེ། སངས་རྒྱས་རིགས་ལྔའི་རང་བཞིན་ཅན་གྱི་དབུ་རྒྱན་དང་
ལྡན་པའི་ཕྱིར་དང་། ཡང་བཅོམ་ལྡན་འདས་ཉིད་སངས་རྒྱས་ལྔའི་ངོ་བོའམ་བདག་ཉིད་དུ་གྱུར་པས། རང་ཉིད་སངས་རྒྱས་ལྔའི་ཅོད་པན་གྱི་
གཟུགས་ཀྱིས་ཐམས་ཅད་ལ་དབང་བསྐུར་བའི་ངོ་བོ་ཉིད་ཡིན་པའི་ཕྱིར། སྤྱན་ལྔ་ཆགས་པ་མེད་པ་འཆང་བ་སྟེ། ཤའི་སྤྱན་དང་། ལྷའི་སྤྱན་དང་། ཤེས་རབ་ཀྱི་སྤྱན་དང་། ཆོས་ཀྱི་སྤྱན་དང་། སངས་རྒྱས་ཀྱི་སྤྱན་ཏེ་ལྔ་པོ་ཆགས་ཐོགས་མེད་པའི་ནུས་པ་དང་ལྡན་པ་འཆང་བར་མཛད་པའི་ཕྱིར། སངས་རྒྱས་ཐམས་ཅད་སྐྱེད་པ་པོ་སྟེ། འདི་ལ་སྔགས་ཀྱི་ཚུལ་ལྟར་ན། དེ་བཞིན་གཤེགས་པ་དྲུག་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནི་རྣམ་སྣང་ལ་སོགས་པ་
ཐམས་ཅད་སྐྱེད་པ་པོ་ཡིན་ལ། དེ་ཡང་བཅོམ་ལྡན་འདས་འཇམ་པའི་དབྱངས་ཡིན་པའི་ཕྱིར་དང་། ཕ་རོལ་ཏུ་ཕྱིན་པའི་ཚུལ་ལྟར་ན། ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལས་སངས་རྒྱས་ཐམས་ཅད་འབྱུང་བར་འདོད་པ་སྟེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྡོ་རྗེ་བློ་གྲོས་སོ། །ཞེས་པ་ལྟར། འཇམ་པའི་དབྱངས་ཡིན་པའི་ཕྱིར་དང་། འཇམ་དཔལ་གཞོན་ནུར་གྱུར་པས་གྲངས་མེད་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས། བྱང་ཆུབ་ཏུ་
སེམས་བསྐྱེད་པ་སོགས་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡང་དག་པར་འཛིན་དུ་བཅུག་ནས། སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་བཞག་པའི་
ཕྱིར། སྔགས་དོན་ལས། སངས་རྒྱས་ཐམས་ཅད་སྐྱེད་པ་པོ་སྟེ། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལྟར་
ཡང་དེ་ཉིད་འདུས་པ་ལས། བྱུང་དང་འབྱུང་བར་འགྱུར་བ་ཡི། །དེ་བཞིན་གཤེགས་རྣམས་ཁྱོད་ལ་བརྟེན། །ཞེས་ཤེས་བྱེད་དང་བཅས་པ་གསུངས་སོ། །
དེ་ལྟར་ན་སངས་རྒྱས་སྲས་སུ་ཇི་ལྟར་འགྱུར་ཞེ་ན། སངས་རྒྱས་སྲས་པོ་དམ་པའི་མཆོག་སྟེ། སངས་རྒྱས་རྣམས་ཀྱི་སྲས་པོ་དམ་པ་བྱང་ཆུབ་སེམས་
དཔའི་མཆོག་སྟེ། མཐར་ཐུག་པའི་གཟུགས་ཀྱིས་བཞུགས་པའི་ཕྱིར། འབྲེལ་བའི་སྒྲ་མེད་པར་དམ་པ་མཆོག་ཅེས་པ་ལྟར་ན། རང་དོན་མཐར་ཕྱིན་
པས་དམ་པ། གཞན་དོན་མཐར་ཕྱིན་པས་མཆོག་ཅེས་ཤེས་པར་བྱའོ། །ཤེས་པ་སྲིད་འབྱུང་ཞེས་བྱ་སྟེ། ཆོས་རབ་ཏུ་རྣམ་པར་འབྱེད་པ་ཤེས་པའི་ཤེས་
རབ་ཉིད་ནི། སངས་རྒྱས་བྱང་སེམས་ཉན་རང་རྣམས་སྲིད་ཅིང་འབྱུང་བའི་ཕྱིར། སྐྱེ་གནས་མེད་པ་སྟེ། རྒྱུ་མཚན་དེ་ཉིད་ཀྱིས་ན་འཁོར་བར་སྐྱེ་བའི་
རྒྱུ་དང་ལམ་མེད་པའི་ཕྱིར། འོ་ན་ཇི་ལྟར་འབྱུང་སྙམ་ན། ཆོས་ལས་བྱུང་བ་སྟེ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱིན་པ་ལ་སོགས་པ་ཟག་
པ་མེད་པའི་ཆོས་རྣམས་ལས་སྐྱེས་པའི་ཕྱིར། དེ་ཉིད་ནི། སྲིད་པ་སེལ་བ་སྟེ། འོག་ནས་འཆད་པའི་རྡོ་རྗེའི་གཟུགས་ཀྱིས་མི་ཤེས་པའི་སྲིད་པ་འཇིག་
པར་བྱེད་པའི་ཕྱིར། རྡོ་རྗེ་དེ་ཡང་ཅི་ལྟ་བུ་སྙམ་ན། གཅིག་པུ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར། སྲ་བ་དང་མཁྲེགས་པ་སྟེ། མ་
རིག་པ་དང་། ཉོན་མོངས་པའི་བར་དང་། དྲི་མ་མེད་པས་མི་ཤིགས་ཤིང་སྙིང་པོར་གྱུར་པའི་ཕྱིར། རྡོ་རྗེའི་བདག་སྟེ། རྡོ་རྗེ་ལྟ་བུའི་ཡེ་ཤེས་མི་ཕྱེད་
པའི་རང་བཞིན་ཡིན་པའི་ཕྱིར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཉིད་ཡིན་པའི་ཕྱིར་རོ། །
กก

  བསྡོམས་ལྡེབ་ངོས་༡༡ཡོད།       ༡༽   ༢༽   ༣༽   ༤༽   ངོས་པ།   ༦༽   ༧༽   ༨༽   ༩༽   ༡༠༽   ༡༡༽