กก

༄༅། །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་རྒྱུད་དོན་རབ་ཏུ་གསལ་བར་བྱེད་པ་
ལེགས་བཤད་ནོར་བུའི་སྒྲོན་མ་ཞེས་བྱ་བ་བཞུགས་སོ། །
སྒ་རབ་འབྱམས་པ་ཀུན་དགའ་ཡེ་ཤེས་ཀྱིས་མཛད།

  བསྡོམས་ལྡེབ་ངོས་༡༡ཡོད།       ༡༽   ༢༽   ༣༽   ངོས་པ།   ༥༽   ༦༽   ༧༽   ༨༽   ༩༽   ༡༠༽   ༡༡༽

     ༈ གསུམ་པ་དོན་བསྡུ་བ་ནི། མགོན་པོ་རིགས་མཆོག་ཆེན་པོ་ཏེ། །བླ་མ་གསང་སྔགས་ཆེ་བའི་མཆོག །ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཐེག་པ་
ཆེན་པོའི་ཚུལ་གྱི་མཆོག །ཞེས་ཏེ། བཅོམ་ལྡན་འདས་དེ་ཉིད་རིག་སྔགས་དང་གསང་སྔགས་ལ་སོགས་པའི་རབ་ཏུ་དབྱེ་བའི་གནས་སྐབས་ཀྱིས་ཀྱང་
བཞུགས་པར་བསྟན་པའི་ཕྱིར། མགོན་པོ་རིགས་མཆོག་ཆེན་པོ་སྟེ། །ཞེས་གསུངས་པ་ལས། རིག་པ་ནི་ལྷ་མོར་བྱིན་གྱིས་བརླབས་པའི་སྔགས་སྟེ། དེའི་མཆོག་ཆེན་པོར་བསྟན་པའི་སྒོ་ནས་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུར་གྱུར་པའི་ཕྱིར་རམ། ཡང་ན་རིག་མཆོག་ཆེན་མོ་ནི། ཤེས་རབ་གྱི་ཕ་
རོལ་ཏུ་ཕྱིན་པ་སྟེ། ཀུན་རྫོབ་ཏུ་ནི་སྔ་མ་དེ་ཉིད་ཀྱི་ཕྱིར་དང་། ངེས་པའི་དོན་དུ་ན་གཉིས་སུ་མེད་པའི་ངོ་བོ་རིག་མཆོག་ཆེན་པོ་དེ་ཉིད། སྤྲོས་པ་མ་
ལུས་པའི་རྒྱུར་འགྱུར་བའི་ཕྱིར། དེ་ལྟར་ན་མགོན་པོའང་དེ་ཡིན་ལ། རིག་མཆོག་ཆེན་པོའང་དེ་ཡིན་པས་ན་དེ་སྐད་ཅེས་བྱའོ། །བླ་མ་གསང་སྔགས་
ཆེ་བའི་མཆོག་སྟེ། གསང་སྔགས་ཀྱི་སྐད་དོད་མན་ཏྲ་ལས། མན་ནི་ཡེ་ཤེས། ཏྲ་ཡ་ནི་སྐྱོབ་པ་ལ་འཇུག་པས། ཐབས་ཤེས་གཉིས་མེད་ཀྱི་ཡེ་ཤེས་དང་། དེ་ལས་བྱུང་བ་བྷྲཱུམ་ལ་སོགས་པའི་ཡི་གེའི་བདག་ཉིད་ཅན་ཡང་གསང་སྔགས་ཆེན་པོའི་མཆོག་ཡིན་ལ། རྒྱུ་མཚན་དེ་ཉིད་ཀྱིས་ན་བླ་མ་ཞེས་ཀྱང་
བརྗོད་པའི་ཕྱིར་དང་། ཡང་ན་གསང་སྔགས་ཆེན་པོའི་མཆོག་ཚུལ་ཐམས་ཅད་རབ་ཏུ་སྟོན་པར་བྱེད་པ་པོ་ཡིན་པའི་ཕྱིར། ཐེག་པ་ཆེན་པོའི་ཚུལ་ལ་
གནས་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་ལམ་གྱི་ཚུལ་ལ་གནས་པར། གདུལ་བྱ་རྣམས་ལ་སྣང་ཞིང་རབ་ཏུ་སྟོན་པའི་ཕྱིར་རོ། །ཐེག་པ་
ཆེན་པོའི་ཚུལ་གྱི་མཆོག་སྟེ། དོན་དམ་པར་ན་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་མེད་ལ། ཆོས་དབྱིངས་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །
     ༈ གཉིས་པ་རིགས་ལྔའི་སྒོ་ནས་ཡེ་ཤེས་ལྔ་ལ་བསྟོད་པ་ལ་གཉིས། རྒྱས་པར་བཤད་པ། དོན་བསྡུ་བའོ། །
     དང་པོ་ལ་ལྔ། རྣམ་སྣང་གི་སྒོ་ནས་ཆོས་དབྱིངས་ཡེ་ཤེས། མི་བསྐྱོད་པའི་སྒོ་ནས་མེ་ལོང་ཡེ་ཤེས། འོད་དཔག་མེད་ཀྱི་སྒོ་ནས་སོར་རྟོག་ཡེ་ཤེས། རིན་འབྱུང་གི་སྒོ་ནས་མཉམ་ཉིད་ཡེ་ཤེས། དོན་གྲུབ་ཀྱི་སྒོ་ནས་བྱ་གྲུབ་ཡེ་ཤེས་ལ་བསྟོད་པའོ། །
     དང་པོ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །
     དང་པོ་ནི། སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་
ཆེན་བདག་ཉིད་ཅན། །ཞེས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པ། སངས་རྒྱས་རྣམ་པར་སྣང་མཛད་ཆེན་པོ་སྟེ། དེ་
ཁོ་ན་ཉིད་དུ་དབྱེར་མེད་ཅིང་གདུལ་བྱ་ལ་སྣང་ཚུལ་གྱིས། འདི་ནི་དེ་བཞིན་གཤེགས་པའོ། །འདི་ནི་བྱང་ཆུབ་སེམས་དཔའོ། །ཞེས་སོགས་མཐའ་
ཡས་པར་རྣམ་པར་བཞག་ཅིང་སྣང་བར་མཛད་པའི་ཕྱིར། དེ་ཉིད་ནི་ཐུབ་པ་ཆེན་པོ་སྟེ། སྐུ་གསུང་ཐུགས་དང་འབྲེལ་བའི་གནས་ངན་ལེན་མ་ལུས་
པ་རྣམ་པ་ཐམས་ཅད་དུ་སྤངས་པའི་ཕྱིར། ཐུབ་ཆེན་ལྡན་པ་སྟེ། རྒྱུ་མཚན་སྔ་མ་དེ་ཉིད་དང་ལྡན་པའི་ཕྱིར་དང་། གཞན་ཡང་གནས་འཇོག་དང་།
རི་བྱི་དང་། གྲོག་མཁར་ལ་སོགས་པའི་ཐུབ་པ་དྲང་སྲོང་ཆེན་པོས་འདུལ་བ་རྣམས་ལ། དེ་དག་གི་གཟུགས་ཀྱིས་སོ་སོར་སྣང་ཞིང་སྟོན་པའི་ཕྱིར།
གསང་སྔགས་ཀྱི་ཚུལ་ཆེན་པོ་ལས་བྱུང་བ་སྟེ། སྟོང་པ་ཉིད་བསྒོམ་པ་སྔོན་དུ་འགྲོ་བས་ཟླ་བའི་དཀྱིལ་འཁོར་ཀྱི་སྟེང་དུ། རང་གི་ས་བོན་གྱི་ཡི་གེ་
ཡོངས་སུ་གྱུར་པ་ལས། རང་གི་ལྷའི་གཟུགས་སུ་གྱུར་པའི་ཕྱིར་དང་། གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་ལམ། ལམ་ཆེན་པོ་ལས་ལེགས་པར་བྱུང་
བའི་ཕྱིར། གསང་སྔགས་ཚུལ་ཆེན་བདག་ཉིད་ཅན་ཏེ། བཅོམ་ལྡན་འདས་དེ་ལ་ལར་ནི་གསང་སྔགས་ལས་བྱུང་བའི་ཚུལ་དེ་ལྟར་རབ་ཏུ་སྣང་ལ།
ལ་ལར་ནི་གཉིས་སུ་མེད་པར་གསང་སྔགས་ཉིད་ཀྱི་ཚུལ་དུ་བཞུགས་པའི་ཕྱིར་དང་། གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་ཆེན་པོའི་རང་བཞིན་ཉིད་
ཡིན་པའི་ཕྱིར་རོ། །དེ་ལྟར་ན་རྣམ་པར་སྣང་མཛད་ཆེན་པོ་ལ་སོགས་པའི་སྒོ་ནས་ཀྱང་། བཅོམ་ལྡན་འདས་དེ། འཇམ་དཔལ་དཔལ་དང་ལྡན་
པའི་མཆོག །ཅེས་བྱ་བར་བློ་དང་ལྡན་པ་རྣམས་ཀྱིས་ཤེས་པར་བྱའོ། །
     ༈ གཉིས་པ་རྒྱས་པར་བཤད་པ་ལ་གསུམ། ཐོབ་བྱེད་ལམ་གྱི་རྣམ་བཞག ཐོབ་བྱ་འབྲས་བུའི་ཁྱད་པར། ལམ་དེ་ཇི་ལྟར་བསྒོམ་པའི་ཚུལ་ལོ། །དང་
པོ་ལ་གཉིས། ལམ་གནས་སྐབས་བཅུར་དབྱེ་བ། ལམ་གྱི་རང་བཞིན་ངོས་བཟུང་བའོ། །
     དང་པོ་ལ་ཡང་མང་དུ་ཡོད་པ་ལས།
     ཐོག་མར་ཕར་ཕྱིན་བཅུར་དབྱེ་བ་ནི། ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཕ་རོལ་ཕྱིན་
པ་བཅུ་ཡི་ཚུལ། །ཞེས་ཏེ། དབུས་དང་མཐའ་རྣམ་པར་འབྱེད་པ་ལས། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་དང་ནི་ཤེས་རབ་
ཐབས། །སྨོན་ལམ་སྟོབས་དང་ཡེ་ཤེས་དང་། །འདི་དག་ཕ་རོལ་ཕྱིན་བཅུར་འདོད། །ཅེས་པ་ལྟར། བཅུ་ལས་རེ་རེའང་གསུམ་གསུམ་དུ་ཤེས་པར་བྱ་
སྟེ། སྦྱིན་པ་ལ་ཟང་ཟིང་གི། མི་འཇིགས་པ་སྐྱབས་ཀྱི། ཆོས་ཀྱི་སྦྱིན་པ་སྟེ་གསུམ། ཚུལ་ཁྲིམས་ལ་སྡོམ་པ། དགེ་བའི་ཆོས་སྡུད། སེམས་ཅན་དོན་བྱེད་
ཀྱི་ཚུལ་ཁྲིམས་ཏེ་གསུམ། བཟོད་པ་ལ་སྡུག་བསྔལ་དང་དུ་ལེན་པ། གནོད་པ་ལ་ཇི་མི་སྙམ་པ། ཆོས་ལ་ངེས་པར་སེམས་པ་སྟེ་གསུམ། བརྩོན་འགྲུས་ལ་
གོ་ཆ། སྦྱོར་བ། མི་ལྡོག་པའི་བརྩོན་འགྲུས་ཏེ་གསུམ། བསམ་གཏན་ལ་ཉེས་པ་སྤོང་བ། ཡོན་ཏན་སྒྲུབ་པ། སེམས་ཅན་དོན་བྱེད་ཀྱི་བསམ་གཏན་དང་
གསུམ། ཤེས་རབ་ལ་ཐོས་པ། བསམ་པ། སྒོམ་པའི་ཤེས་རབ་སྟེ་གསུམ། ཐབས་ལ་རང་གི་སྐྱོན་སྤོང་བ། སེམས་ཅན་འཇུག་པར་བྱེད་པ། མྱུར་དུ་བྱང་
ཆུབ་པའི་ཐབས་ཏེ་གསུམ། སྨོན་ལམ་ལ་རང་གི་ཚོགས་དང་འབྲེལ་བ། སེམས་ཅན་གྱི་དོན་དང་འབྲེལ་བ། སངས་རྒྱས་ཀྱི་ཞིང་དག་པའི་སྨོན་ལམ་སྟེ་
གསུམ། སྟོབས་ལ་ལས་ལས་མི་ལྡོག་པ། ཉོན་མོངས་མི་སྡུད་པ། བདུད་དང་ཕས་རྒོལ་འཇོམས་པའི་སྟོབས་ཏེ་གསུམ། ཡེ་ཤེས་ལ་རྣམ་པར་མི་རྟོག་པ་
དང་། མཉམ་པ་ཉིད་ཁོང་དུ་ཆུད་པ་དང་། ཐབས་ཐམས་ཅད་ལྐོག་ཏུ་མ་གྱུར་པའི་ཡེ་ཤེས་ཏེ་གསུམ་མོ། །དེ་ལྟ་བུའི་སྦྱིན་སོགས་དེ་དག་ཀྱང་ཐེག་
ཆེན་སེམས་བསྐྱེད་དང་། མི་དམིགས་པར་རྟོགས་པའི་ཤེས་རབ་སོགས་ཀྱིས་མ་ཟིན་པ་ནི། སྦྱིན་སོགས་ཙམ་ཡིན་གྱི་སྦྱིན་སོགས་ཀྱི་ཕར་ཕྱིན་མ་
ཡིན་པ་དང་། དེ་དག་གིས་ཟིན་པ་རྣམས་ནི་སྦྱིན་སོགས་ཀྱི་ཕར་ཕྱིན་དུ་བཤད་པ་དང་། ཡང་ཐེག་ཆེན་སོ་སྐྱེ་དང་འཕགས་པའི་སྦྱིན་སོགས་ལ་དེ་
ལྟར་བཤད་པ་དང་། དེ་བཞིན་དུ། གཉིས་པོ་དེ་དག་ལ་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པ་དང་། འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་
ཀྱང་གསུངས་སོ། །སྤྱིའི་རྣམ་བཞག་བསྟན་ནས། སྐབས་ཀྱི་དོན་རྗེ་བཙུན་ནི། ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་པ་སྟེ། སྦྱིན་སོགས་བཅུ་པོ་དེ་དག་ལ་བདེན་
གཉིས་ཟུང་འབྲེལ་གྱི་ཚུལ་གྱིས་ཞུགས་པས་ཐོས་བསམ་སྒོམ་པའི་ཡེ་ཤེས་ཀྱི་རིམ་པས། རྣམ་མཁྱེན་གྱི་རྟོགས་པ་མཐར་ཕྱིན་པའི་ཕ་རོལ་ཏུ་ཕྱིན་པ་
བཅུ་རྟོགས་ཤིང་བརྙེས་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་བཅུ་ལ་གནས་པ་སྟེ། རང་ཉིད་བཅུ་པོ་དེ་དག་ཡོངས་སུ་རྫོགས་པ་ལ་གནས་ནས། གཞན་དག་
དེ་ཡོངས་སུ་རྫོགས་པ་ལ་འགོད་པར་མཛད་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་བཅུ་དག་པ་སྟེ། དེ་དག་ལ་འཁོར་གསུམ་གྱི་སྤྲོས་པ་རྣམ་པར་དག་པའི་
ཡེ་ཤེས་མཐར་ཕྱིན་པའི་ངོ་བོ་ཡིན་པའི་ཕྱིར། ཕ་རོལ་ཕྱིན་པ་བཅུའི་ཡི་ཚུལ་ཞེས་ཀྱང་བྱ་སྟེ། ཕ་རོལ་ཏུ་ཕྱིན་པའི་ལམ་དང་། ཐབས་དང་། དེ་དག་
སྟོན་པའི་གཞུང་ལུགས་ཀྱི་ཚུལ་མཐའ་ཡས་པ་མངའ་ཞིང་སྟོན་པའི་ཕྱིར།
     ས་བཅུར་དབྱེ་བ་ནི། མགོན་པོ་ས་བཅུའི་དབང་ཕྱུག་སྟེ། ས་བཅུ་ལ་ནི་གནས་པ་པོ། །ཞེས་ཏེ། དེའང་ཟག་པ་མེད་པའི་ཡེ་ཤེས་དང་། སྙིང་རྗེ་
ཆེན་པོ་ཉིད་ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་གྱུར་པའི་སྒོ་ནས་ས་ཞེས་བྱ་ཞིང་། དབྱེ་ན་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་པོར་སྐྱེས་པས་
མཆོག་ཏུ་དགའ་བ་རྒྱ་ཆེ་བའི་ཕྱིར། ས་དང་པོ་རབ་ཏུ་དགའ་བ། ལྟུང་བ་ཕྲ་མོ་དང་འཆལ་ཚུལ་གྱི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་གཉིས་པ་
དྲི་མ་མེད་པ། ཏིང་ངེ་འཛིན་དང་ཐོས་པའི་གཟུངས་ཀྱི་སྣང་བ་ཚད་མེད་པའི་ཕྱིར་གསུམ་པ་འོད་བྱེད་པ། བྱང་ཆུབ་ཕྱོགས་མཐུན་བསྒོམས་པས་
སྒྲིབ་པའི་བུད་ཤིང་སྲེག་པའི་ཡེ་ཤེས་ཀྱི་མེའི་འོད་འཕྲོ་བའི་ཕྱིར་བཞི་པ་འོད་འཕྲོ་བ། བྱང་ཕྱོགས་དེ་དག་ཐབས་ཀྱིས་སྒོམ་པ་ལ། དབང་དུ་བྱ་
དཀའ་བའི་ཕྱིར་ལྔ་པ་སྦྱང་དཀའ་བ། རྟེན་ཅིང་འབྲེལ་བར་འབྱུང་བའི་འཇུག་པ་དང་། མཚན་མ་མེད་པ་མང་དུ་ཡིད་ལ་བྱེད་པ་རྣམས་མངོན་སུམ་
དུ་གྱུར་པའི་ཕྱིར། དྲུག་པ་མངོན་དུ་གྱུར་པ། མཚན་མ་མེད་པའི་ཡིད་བྱེད་རྒྱུན་མི་འཆད་པར་རིང་དུ་རྗེས་སུ་ཞུགས་ཤིང་། དག་པའི་ས་དང་རྗེས་
སུ་འབྲེལ་བའི་ཕྱིར་བདུན་པ་རིང་དུ་སོང་བ། མཚན་མ་མེད་པ་ལྷུན་གྱིས་གྲུབ་ཅིང་མཚན་འཛིན་གྱིས་མི་བསྐྱོད་པའི་ཕྱིར་བརྒྱད་པ་མི་གཡོ་བ། སོ་
སོ་ཡང་དག་རིག་བཞི་ལ་དབང་ཐོབ་པས། ཆོས་སྟོན་པའི་བློ་གྲོས་ཡངས་པ་མངའ་བའི་ཕྱིར་དགུ་པ་ལེགས་པའི་བློ་གྲོས། གནས་ངན་ལེན་དང་བྲལ་
བའི་ལུས་ནམ་མཁའ་ལྟ་བུ་ལ་ཆོས་སྐུའི་ངོ་བོར་གྱུར་པའི་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ། སྤྲིན་ཆེན་པོ་ལྟ་བུས་ཁྱབ་པའི་ཕྱིར་བཅུ་པ་ཆོས་ཀྱི་སྤྲིན་
ཞེས་བྱའོ། །ཞར་ལས་འོངས་པ་ས་བཅུ་གཅིག་པ་ནི་སྒྲིབ་གཉིས་ཀྱི་དྲི་མ་ཕྲ་མོ་ཡང་སྤངས་པས། ཆགས་ཐོགས་མེད་པར་ཤེས་བྱའི་རྣམ་པ་ཐམས་
ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་སངས་རྒྱས་ཀྱི་ས་ཞེས་གསུངས་སོ། །དེ་ལྟར་ན་རྗེ་བཙུན་ནི། མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །འ
གྲོ་བ་ཀུན་གྱི་མགོན་དུ་གྱུར་ཅིང་། ས་དང་ཕ་རོལ་ཏུ་ཕྱིན་པ་དེ་དག་ལ་དབང་སྒྱུར་བའི་གཙོ་བོའམ་ཁྱབ་བདག་ཆེན་པོར་གྱུར་པའི་ཕྱིར། ས་བཅུ་ལ་
ནི་གནས་པ་པོ་སྟེ། སྔར་བཤད་པའི་ས་བཅུ་པོ་དེ་དག་ཉིད་ལ་སོ་སོར་གནས་ཤིང་། བྱང་ཆུབ་སེམས་དཔའི་ཚུལ་གྱིས་བཞུགས་པའི་ཕྱིར།
     ད་ནི་ཤེས་པ་བཅུ་དང་། བདེན་པ་བཅུ་དང་། དབང་བཅུའི་ངོ་བོ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཤེས་
བཅུ་རྣམ་དག་འཆང་བ་པོ། །རྣམ་པ་བཅུ་པོ་དོན་བཅུའི་དོན། །ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །ཀུན་གྱི་དོན་ནི་མ་ལུས་བྱེད། །རྣམ་བཅུ་
དབང་ལྡན་ཆེ་བ་པོ། །ཞེས་ཏེ། དེ་ལ་དང་པོ་ཤེས་པ་རྣམ་པ་བཅུ་ནི། འབྲས་བུའི་སྐབས་སུ། སྡུག་བསྔལ་མི་སྐྱེ་བར་ཤེས་པ་ནི་སྡུག་བསྔལ་ཤེས་པ། ཀུན་འབྱུང་སྤང་བར་ཤེས་པ་ནི་ཀུན་འབྱུང་ཤེས་པ། སྡུག་བསྔལ་འགགས་པར་ཤེས་པ་ནི་འགོག་པ་ཤེས་པ། འཕགས་པའི་ལམ་ཡན་ལག་བརྒྱད་པ་
ཤེས་པ་ནི་ལམ་ཤེས་པ། དུས་གསུམ་ཟད་པར་ཤེས་པ་ནི་ཟད་པ་ཤེས་པ། སྲིད་པའི་རྒྱུན་སྐྱེ་བ་མེད་པར་ཤེས་པ་ནི་མི་སྐྱེ་བ་ཤེས་པ། ཕུང་པོ་ལྔ་སྒྱུ་མ་
ལྟ་བུར་ཤེས་པ་ནི་ཆོས་ཤེས་པ། རྟེན་འབྱུང་མི་རྟག་པར་ཤེས་པ་ནི་རྗེས་སུ་ཤེས་པ། སེམས་ཅན་གཞན་རྣམས་ཀྱི་སེམས་སེམས་ཀྱིས་ཤེས་པ་ནི་ཀུན་
རྫོབ་ཤེས་པ། ལམ་དང་ཡོངས་སུ་བྱང་བ་ཤེས་པ་ནི་འདྲིས་པ་ཤེས་པའོ། །དེ་ལྟར་ན་རྗེ་བཙུན་ཡང་། ཤེས་བཅུ་རྣམ་དག་བདག་ཉིད་ཅན་ཏེ། ཤེས་པ་
བཅུ་པོ་དེ་རྣམ་པར་དག་པ་མཐར་ཐུག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། ཤེས་བཅུ་རྣམ་དག་འཆང་བ་པོ་སྟེ། དེ་བཞིན་གཤེགས་པས་མི་དམིགས་པའི་
ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི། སྒྲ་ཇི་བཞིན་ཤེས་པ་ཞེས་བྱ་ལ། ཤེས་པ་བཅུ་རྣམ་པར་དག་པའི་བདག་ཉིད་སྒྲ་ཇི་བཞིན་ཤེས་
པའི་རྣམ་མཁྱེན་དེ་འཛིན་པའི་ཕྱིར། དེ་བཞིན་དུ་བདེན་པ་རྣམ་པ་བཅུ་ནི། རྟེན་འབྱུང་སྤྲོས་པ་དང་བཅས་པ་ནི་ཀུན་རྫོབ་བདེན་པ། སྟོང་ཉིད་སྤྲོས་
པ་དང་བྲལ་བ་ནི་དོན་དམ་བདེན་པ། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ནི་མཚན་ཉིད་ཀྱི་བདེན་པ། སྟོང་པ་ཉིད་ལ་མཚན་མ་མེད་པ། སྨོན་
པ་མེད་པ། མངོན་པར་འདུ་མི་བྱེད་པ། མ་སྐྱེས་པ། མ་འགགས་པ། ཞེས་སོགས་སུ་དབྱེ་བ་ནི་རྣམ་པར་དབྱེ་བའི་བདེན་པ། ངེས་པར་སེམས་པ། རིག་
པ། མཐོང་བ། ཁོང་དུ་ཆུད་པ། མངོན་པར་རྟོགས་པ་རྣམས་ཤེས་པ་ནི་ཕྱེ་སྟེ་རྟོགས་པའི་བདེན་པ། ཕུང་ཁམས་སྐྱེ་མཆེད་ཀྱི་དངོས་པོ་རྣམས་ཐ་སྙད་
རྟེན་འབྱུང་དང་། རང་བཞིན་སྟོང་པར་ཤེས་པ་ནི་དངོས་པོའི་བདེན་པ། སྤངས་རྟོགས་ཐམས་ཅད་ཁོང་དུ་ཆུད་པར་ནུས་པ་ནི་ནུས་པའི་བདེན་པ། འདུས་བྱས་ཐམས་ཅད་ཟད་པ་ཅན་ཡིན་ཡང་དོན་དམ་པར་ལྡན་པར་མི་འགྱུར་ལ། མི་ཟད་པ་དེ་ནི་དོན་དམ་པར་མི་སྐྱེ་ཏེ། དེ་ལྟར་ཤེས་པ་ནི་ཟད་
པ་དང་མི་སྐྱེ་བ་ཤེས་པའི་བདེན་པ། ཚོགས་གཉིས་བསགས་པ་ན་ཆོས་ཐམས་ཅད་མ་སྐྱེས་མ་འགགས་པར་ཤེས་པའི་སྒོ་ནས་འཇུག་པར་བྱེད་པ་ནི། ལམ་ལ་འཇུག་པ་ཤེས་པའི་བདེན་པ། ཆོས་ཀྱི་སྤྲིན་གྱི་ས་དང་། དེ་བཞིན་གཤེགས་པའི་སའི་བར་ནི། དེ་བཞིན་གཤེགས་པའི་ཡེ་ཤེས་འབྱུང་བའི་
བདེན་པ་སྟེ། དེ་དག་ཀྱང་ཚུལ་དེ་དང་དེ་ལ་མི་བསླུ་བས་བདེན་པ་ཞེས་བྱའོ། །
     དེས་ན་རྗེ་བཙུན་ནི། རྣམ་པ་བཅུ་པོ་དོན་བཅུའི་དོན་ཏེ། བདེན་པ་རྣམ་པ་བཅུ་པོ་དེ་ནི། དེ་དག་རབ་ཏུ་སྟོན་པར་བྱེད་པའི་ཚིག་གི་དོན་བཅུ་
ཡིན་ལ། བཅུ་པོ་དེའི་ཡང་དགོས་པ་ནི། དོན་བཅུའི་དོན་ཏེ་དེ་དག་མཐར་ཕྱིན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། དེ་བཞིན་གཤེགས་པའི་སྟོབས་བཅུ་
ནི། དགེ་བ་ལས་བདེ་བ་འབྱུང་བ་གནས་དང་། སྡུག་བསྔལ་འབྱུང་བ་གནས་མ་ཡིན་པ་སོགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་པ་དང་། དེ་
བཞིན་དུ་སྦྱར་ཏེ། དུས་གསུམ་གྱི་ལས་དང་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པ། གདུལ་བྱ་རྣམས་ཀྱི་དད་སོགས་དབང་པོ་མཆོག་དང་མཆོག་མ་
ཡིན་པ་མཁྱེན་པ། འཇིག་རྟེན་རྣམས་ནི་ཁམས་སྣ་ཚོགས་པ་ཅན་ནོ་ཞེས་མཁྱེན་པ། རིགས་ཅན་ཐ་དད་པ་རྣམས་ཀྱི་མོས་པ་སྣ་ཚོགས་པ་མཁྱེན་
པ། མཐོ་རིས་དང་ཐར་པ་སོགས་ཀུན་ཏུ་འགྲོ་བའི་ལམ་མཁྱེན་པ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་སྣ་ཚོགས་པའི་ཀུན་ནས་ཉོན་མོངས་
པ་དང་རྣམ་པར་བྱང་བ་མཁྱེན་པ། རྣམ་པ་དང་། ས་ལམ་དང་། གཏན་ཚིག་དང་བཅས་པའི་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པ། སེམས་
ཅན་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་མཁྱེན་པ། ཟག་པ་ཟད་པའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་སོགས་ཟག་པ་
ཟད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་པའི་སྟོབས་སོ། །དེ་དག་དང་ལྡན་པའི་རྗེ་བཙུན་ནི་ཐུབ་དབང་ཞེས་བྱ་སྟེ། ཐུབ་པ་ཉན་ཐོས་དང་།
རང་སངས་རྒྱས་རྣམས་ཀྱིའང་གཙོ་བོའམ་བདག་པོར་གྱུར་པའི་ཕྱིར། དེ་ནི་སྟོབས་བཅུ་པོ་དེའི་སྒོ་ནས་དངོས་པོ་ཐམས་ཅད་ལ་ཁྱབ་པའི་བདག་
པོ་སྟེ། བརྟན་གཡོ་ཐམས་ཅད་ལ་དབང་སྒྱུར་གཙོ་བོའི་བདག་ཉིད་ཆེན་པོ་ཡིན་པའི་ཕྱིར། དེས་ན་འགྲོ་བ་ཀུན་གྱི་དོན་ནི་མ་ལུས་པ་སྒྲུབ་པར་བྱེད་
པ་སྟེ། ཆགས་ཐོགས་མེད་པའི་མཁྱེན་པས་མོས་པ་སྣ་ཚོགས་པའི་སེམས་ཅན་རྣམས་ཀྱི་དོན་མངོན་མཐོ་དང་ངེས་ལེགས་ཀྱིས་བསྡུས་པ་ཐམས་
ཅད། སྐལ་བ་ཇི་ལྟ་བ་བཞིན་དུ་མཛད་པའི་ཕྱིར་རོ། །དབང་བཅུ་ནི། འཆི་བ་མེད་པའི་གནས་ཐོབ་པའི་ཕྱིར་ཚེ་ལ་དབང་བ། ཆོས་ཐམས་ཅད་
སེམས་ཙམ་དུ་ཤེས་པའི་ཕྱིར་སེམས་ལ་དབང་བ། ལག་ན་རིན་པོ་ཆེ་དང་ནམ་མཁའ་མཛོད་རབ་ཏུ་བརྙེས་པའི་ཕྱིར་ཡོ་བྱད་ལ་དབང་བ། བག་
ཆགས་དང་བཅས་པའི་ལས་ལམ་ཀུན་ཏུ་ཆད་པའི་ཕྱིར་ལས་ལ་དབང་བ། ཏིང་ངེ་འཛིན་གྱི་འབྲས་བུའི་སྐྱེ་བ་རྣམ་པར་བཟློག་པ་ལ་དབང་བའི་
ཕྱིར་སྐྱེ་བ་ལ་དབང་བ། རྫུ་འཕྲུལ་གྱི་བྱ་བ་ཐམས་ཅད་ལ་ལྷུན་གྱིས་གྲུབ་པར་འཇུག་པའི་ཕྱིར་རྫུ་འཕྲུལ་ལ་དབང་བ། ཟད་པར་གྱི་སྐྱེ་མཆེད་མཐར་
ཐུག་པ་ཐོབ་པའི་ཕྱིར་མོས་པ་ལ་དབང་བ། བསམ་པ་ཙམ་གྱིས་དོན་ཐོབ་པའི་ཕྱིར་སྨོན་ལམ་ལ་དབང་བ། ཡེ་ཤེས་སྔོན་དུ་འགྲོ་བའི་ལུས་དང་
ངག་དང་ཡིད་ཀྱི་ལས་ཐོབ་པའི་ཕྱིར་ཡེ་ཤེས་ལ་དབང་བ། དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་མཉམ་པ་ཉིད་ཀྱི་ཡེ་
ཤེས་དྲི་མ་མེད་པའི་ཕྱིར་ཆོས་ལ་དབང་བའོ། །དེས་ན་རྗེ་བཙུན་ནི། རྣམ་བཅུ་དབང་ལྡན་ཏེ། དབང་རྣམ་པ་བཅུ་པོ་དེ་དག་མངོན་དུ་མཛད་ནས།
ཇི་ལྟར་བཞེད་པ་བཞིན་དུ་སྒྲིབ་ཐོགས་མེད་པར་འཇུག་པའི་ཕྱིར། རྒྱུ་མཚན་དེ་ཉིད་ཀྱིས་ན་ཆེ་བ་པོ་ཞེས་བྱ་སྟེ། ཆོས་ཐམས་ཅད་ལ་དབང་སྒྱུར་
བའི་ཕྱིར་རོ། །
     གཉིས་པ་ལམ་གྱི་རང་བཞིན་ངོས་བཟུང་བ་ལ་གཉིས་ལས།
     དང་པོ་སྤྲོས་པ་དང་བྲལ་བ་ནི། ཐོག་མ་མེད་པ་སྤྲོས་མེད་བདག །དེ་བཞིན་ཉིད་བདག་དག་པའི་བདག །བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །
ཇི་སྐད་སྨྲས་པ་དེ་བཞིན་བྱེད། །ཅེས་པ་ལ་ལམ་གྱི་དམིགས་པ་ཆོས་དབྱིངས་ནི། ཐོག་མ་མེད་པ་སྟེ་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་
པ་ཡིན་པའི་ཕྱིར་ཏེ། མདོ་ལས། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ་ཉིད་དེ།
ཆོས་ཉིད་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། ཞེས་སོགས་གསུངས་པ་ལྟར་རོ། །དེས་ན་སྤྲོས་པ་མེད་པའི་བདག་ཉིད་དེ།
ཐོག་མ་དང་ཐ་མ། རྒྱུ་དང་འབྲས་བུ། གཟུང་བ་དང་འཛིན་པ། བདག་དང་བདག་གི་བ་སོགས་གཉིས་སྣང་སྤྲོས་པའི་ཀུན་རྟོག་ཐམས་ཅད་དང་
བྲལ་བའི་ཕྱིར། དེ་ཉིད་ལ་དེ་བཞིན་ཉིད་ཀྱི་བདག་ཉིད་ཅེས་བྱ་སྟེ། སྤྲོས་པ་དང་བྲལ་བའི་དབྱིངས་དེ་ཉིད་དུ་གནས་པའི་ཕྱིར། དག་པའི་བདག་
ཉིད་ཅེས་བྱ་སྟེ། རང་གི་ངོ་བོ་མཚན་རྟོག་གི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར། དེ་ལྟར་ན་རྗེ་བཙུན་ནི་བདེན་པར་སྨྲ་བ་སྟེ། བསླུ་བ་མེད་ཅིང་
ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་སྤྲོས་པ་དང་བྲལ་བ་དེ་སྟོན་པའི་ཕྱིར། ཚིག་མི་འགྱུར་བ་སྟེ། གཞན་བསླུ་བར་འགྱུར་བའི་ཚིག་མི་མངའ་བའི་ཕྱིར་
དང་། ཕྱིན་ཅི་མ་ལོག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར། སྔར་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་སྟེ། འགྲོ་བ་རྣམས་ལ་ཕན་པར་བྱ་བའི་
ཕྱིར་འཚང་རྒྱ་བར་བྱའོ་ཞེས་དམ་བཅས་པ་རྫོགས་པར་མཛད་པའི་ཕྱིར། འདི་ཉིད་ཚིག་མི་འགྱུར་གྱི་ཤེས་བྱེད་དུའང་སྦྱར་རོ། །
     ༈ གཉིས་པ་གཉིས་སུ་མེད་པ་ནི། གཉིས་སུ་མེད་དང་གཉིས་མེད་སྟོན། །ཡང་དག་མཐའ་ལ་རྣམ་པར་གནས། །བདག་མེད་སེངྒེའི་སྒྲ་དང་ལྡན། །
མུ་སྟེགས་རི་དྭགས་ངན་འཇིགས་བྱེད། །ཅེས་ཏེ། ཕྱི་ནང་གི་ཆོས་བཟུང་བ་དང་འཛིན་པས་བསྡུས་པ་རྣམས་ནི་གཉིས་ཞེས་བྱ་ལ། དེ་དག་དོན་དམ་
པར་མེད་དེ། གཟུང་བའི་ཡུལ་ནི་ཕྱོགས་དང་དུས་ཀྱི་ཆ་དང་ཆ་ཅན་ལ་རྣམ་པར་དཔྱད་ན་གྲུབ་པ་མེད་པའི་ཕྱིར་དང་། ལྟོས་ས་གཟུང་བ་མེད་པས། ཡུལ་ཅན་འཛིན་པ་པོ་ཡང་མེད་པའི་ཕྱིར། འདིར་འགྲེལ་ཆེན་ལས། གཉིས་མེད་སྒྲུབ་པའི་ལུང་དང་རིགས་པ་མཐའ་ཡས་པ་གསུངས་པ་རྣམས་ཀྱང་
ཤེས་པར་བྱ་སྟེ། ཐར་ལམ་ལྟ་བའི་མིག་དམ་པ་ཡིན་པའི་ཕྱིར། འབྲས་བུའི་དབང་དུ་བྱས་ན། བཅོམ་ལྡན་འདས་ཀྱང་གཉིས་སུ་མེད་པ་ཞེས་བྱ་སྟེ། གོང་དུ་བཤད་པ་ལྟར་གཉིས་སུ་མེད་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། མྱ་ངན་ལས་འདས་པ་དང་། ཆོས་ཀྱི་སྐུ་དང་། ཆོས་
ཀྱི་དབྱིངས་ཞེས་སོགས་གསུངས་པའི་ངོ་བོ་ཉིད་དྲི་མས་དག་པ་མཐར་ཐུག་པ་ཡིན་པའི་ཕྱིར། སྔ་མ་རྣམས་ལའང་དེ་བཞིན་དུ་སྦྱར་བར་བྱའོ། །དང་
ནི་སྡུད་པའོ། །གཉིས་མེད་སྟོན་པ་ཞེས་ཀྱང་བྱ་སྟེ། གཉིས་མེད་སྤྲོས་བྲལ་གྱི་ངོ་བོ་ལས་མ་གཡོས་པར་རྟེན་འབྱུང་ཙམ་གྱི་སྒོ་ནས། ཡིད་བཞིན་གྱི་ནོར་
བུ་ལྟར་གདུལ་བྱ་རྣམས་ཀྱི་དོན་མཛད་པའི་ཕྱིར་དང་། གནས་ལུགས་ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར། ཡང་དག་པའི་མཐའ་ལ་རྣམ་པར་གནས་
པ་སྟེ། ཕྱིན་ཅི་མ་ལོག་པའི་གནས་ལུགས་མཐར་ཐུག་ཆོས་ཀྱི་དབྱིངས་དེ་ལ་གཡོ་བ་མེད་པའི་ངོ་བོར་རྟག་ཏུ་བཞུགས་པའི་ཕྱིར། བདག་མེད་སྟོན་
པའི་སེངྒེའི་སྒྲ་དང་ལྡན་པ་སྟེ། ངོ་བོ་ཉིད་མེད་པར་སྟོན་པའི་སྒྲ་འཇིགས་པ་ཐམས་ཅད་དང་བྲལ་བའི་གསུང་དབྱངས་སྒྲོགས་པའི་ཕྱིར། དེས་ན་མུ་
སྟེགས་རི་དྭགས་ངན་པ་དང་འདྲ་བ་འཇིགས་ཤིང་སྐྲག་པར་བྱེད་པ་སྟེ། བདག་མེད་པའི་ལམ་བསྟན་པས་མཐར་འཛིན་གྱི་ལྟ་བ་ཐམས་ཅད་
འཇོམས་པར་མཛད་པའི་ཕྱིར་རོ། །
     ༈ གཉིས་པ་ཐོབ་བྱ་འབྲས་བུའི་ཁྱད་པར་ལ་བཞི། མཛད་པ་ཕྲིན་ལས་ཀྱི་ཁྱད་པར། འབྲས་བུའི་ངོ་བོའི་ཁྱད་པར། ལྡན་པ་ཡོན་ཏན་གྱི་ཁྱད་པར། རྟེན་སྐུའི་ཁྱད་པར་རོ། །
     དང་པོ་ནི། ཀུན་ཏུ་འགྲོ་བའི་དོན་ཡོད་སྟོབས། །དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས། །རྒྱལ་བ་དགྲ་རྒྱལ་རྣམ་པར་རྒྱལ། །འཁོར་ལོས་སྒྱུར་བ་
སྟོབས་པོ་ཆེ། །ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་མཆོག །ཚོགས་རྗེ་ཚོགས་བདག་དབང་དང་ལྡན། །མཐུ་ཆེན་གཅེས་པར་འཛིན་པ་སྟེ། །ཚུལ་ཆེན་གཞན་
གྱི་དྲིང་མི་འཇོག །ཚིག་རྗེ་ཚིག་བདག་སྨྲ་མཁས་པ། །ཚིག་ལ་དབང་བ་ཚིག་མཐའ་ཡས། །ཚིག་བདེན་པ་དང་བདེན་པར་སྨྲ། །བདེན་པ་བཞི་ནི་སྟོན་པ་
པོ། །ཞེས་ཏེ། སྤྲུལ་སྐུ་གཙོ་བོར་གྱུར་པའི་མཛད་པ་ནི། ཀུན་ཏུ་འགྲོ་བ་ཞེས་བྱ་སྟེ། ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་དུ་ཅིག་ཆར་ཡུལ་དུས་ཐམས་
ཅད་དུ་གདུལ་བྱ་རྣམས་ལ་སྣང་ཞིང་གཤེགས་པའི་ཕྱིར། དེ་ཉིད་ནི་དོན་ཡོད་པའི་སྟོབས་ཞེས་བྱ་བར་ངེས་ཏེ། བསམ་པ་ཇི་ལྟ་བ་བཞིན་དུ་རྣམ་གྲོལ་
གྱི་དོན་རྫོགས་པར་མཛད་པའི་ཕྱིར། ཚུལ་དེ་དག་ཀྱང་དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས་པ་སྟེ། ཕུལ་དུ་བྱུང་བའི་ཏིང་ངེ་འཛིན་གྱི་ངོ་བོ་
ཉིད་དུ་གྱུར་པའི་ཕྱིར། མཛད་པ་དེ་དང་ལྡན་པས་རྒྱལ་བ་ཞེས་བྱ་སྟེ། ནང་གི་ཉོན་མོངས་པ་དང་མི་དགེ་བའི་ཆོས་རྣམས་ལས་ངེས་པར་རྒྱལ་བའི་
ཕྱིར། དགྲ་ལས་རྒྱལ་བ་སྟེ། ཕྱི་རོལ་གྱི་བདུད་དང་། མུ་སྟེགས་སོགས་ཐམས་ཅད་ལས་རྒྱལ་བའི་ཕྱིར། རྣམ་པར་རྒྱལ་བ་སྟེ། དེ་ལྟར་ཕྱི་ནང་གི་མི་
མཐུན་པའི་ཕྱོགས་ཐམས་ཅད་ལས་ཤིན་ཏུ་རྒྱལ་བའི་ཕྱིར། འཁོར་ལོས་སྒྱུར་བ་སྟེ། གང་གིས་ཀྱང་ཟིལ་གྱིས་གནོན་པར་མི་ནུས་པའི་ཆོས་ཀྱི་འཁོར་
ལོ་སྐོར་བར་མཛད་པའི་ཕྱིར་དང་། འཇིག་རྟེན་དུ་འཁོར་ལོས་བསྒྱུར་བའི་ངང་ཚུལ་དང་ལྡན་པར་སྟོན་པའི་ཕྱིར། སྟོབས་པོ་ཆེ་སྟེ། ཚོགས་གཉིས་
ལས་ངེས་པར་བྱུང་བའི་གཟུགས་དང་ནུས་པ་དང་ལྡན་པའི་ཕྱིར་དང་། འཇིག་རྟེན་དུ་ཡང་དཔུང་གི་ཚོགས་ཡན་ལག་བཞི་དང་ལྡན་པར་སྟོན་པའི་
ཕྱིར། ཚོགས་ཀྱི་སློབ་དཔོན་ཏེ། ཉན་ཐོས་ཀྱི་དགེ་འདུན་མཐའ་ཡས་པ་རྣམས་ལ་བསླབ་པའི་ཀུན་ཏུ་སྤྱོད་པ་འཛིན་དུ་འཇུག་པའི་གདམས་ངག་སྟོན་
པའི་ཕྱིར། ཚོགས་ཀྱི་མཆོག་སྟེ། བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ཀྱི་གཙོ་བོར་གྱུར་པའི་ཕྱིར། ཚོགས་ཀྱི་རྗེ་སྟེ་རྫུ་འཕྲུལ་ཆེན་པོ་དང་ལྡན་
པའི་ལྷ་རྣམས་ཀྱི་གཙོ་བོར་གྱུར་པའི་ཕྱིར། ཚོགས་ཀྱི་བདག་པོ་སྟེ། སྔ་མ་དེ་དག་ལས་གཞན་པའི་གནོད་སྦྱིན་དང་ལྷ་མ་ཡིན་ལ་སོགས་པ་རྣམས་ཀྱི་
གཙོ་བོར་གྱུར་ཅིང་སྐྱོང་བར་མཛད་པའི་ཕྱིར། དེས་ན་དབང་དང་ལྡན་པ་སྟེ། ཇི་སྐད་བཤད་པ་དེ་དག་ལ་ཐོགས་པ་མེད་པའི་དབང་བསྒྱུར་ཐོབ་
པའི་ཕྱིར། མཐུ་ཆེན་པོ་སྟེ། གནས་སྐབས་ཐམས་ཅད་དུ་ལེགས་པར་གནས་པའི་མཐུ་སྟོབས་དང་ལྡན་པའི་ཕྱིར། གཅེས་པར་འཛིན་པ་སྟེ་སེམས་ཅན་
ཐམས་ཅད་ཀྱི་དོན་མཛད་པས་དེ་བཞིན་གཤེགས་པའི་གཅེས་པ་དམ་པ་ལ་སྦྱོར་བའི་ཕྱིར་དང་། དམ་པའི་ཆོས་ལེགས་པར་འཛིན་པའི་ཕྱིར། ཚུལ་
ཆེན་པོ་སྟེ། སེམས་ཅན་སངས་རྒྱས་ཉིད་དུ་ཁྲིད་པའི་ཐབས། ཐེག་པ་ཆེན་པོའི་ཚུལ་ལམ། ལམ་ཆེན་པོ་མངའ་བའི་ཕྱིར། གཞན་གྱི་དྲིང་ལ་མི་འཇོག་པ་
སྟེ། གཞན་ལ་རག་མ་ལས་པའི་ཕྱིར་དང་། ཆོས་ཟབ་མོ་ལས་གཞན་དུ་ཁ་དྲངས་ཏེ་བཀྲི་བར་མི་བཏུབ་པའི་ཕྱིར། ཚིག་གི་རྗེ་བོ་སྟེ། དོན་སོ་སོ་ཡང་
དག་པར་རིག་པས་དོན་མི་ཟད་པར་སྟོན་པའི་ཚིག་ལ་དབང་བསྒྱུར་བའི་ཕྱིར། ཚིག་གི་བདག་པོ་སྟེ་ཆོས་སོ་སོ་ཡང་དག་པར་རིག་པས་སེམས་ཅན་
རྣམས་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སོགས་སྟོན་པ་ལ་དབང་བསྒྱུར་བའི་ཕྱིར། སྨྲ་མཁས་པ་སྟེ། ལྷ་དང་ཀླུ་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་སྒྲ་སྐད་དང་། ངེས་ཚིག་དང་། བརྡ་དང་། ཐ་སྙད་ཐམས་ཅད་ཤེས་པས་སེམས་ཅན་དེ་དང་དེ་དག་
ལ་སྒྲ་སྐད་དེ་དང་དེ་དག་གིས་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པ་ལ་མཁས་པའི་ཕྱིར། ཚིག་ལ་དབང་བ་སྟེ། ངེས་པའི་ཚིག་སོ་སོ་ཡང་དག་པར་
རིག་པ་དེ་ཉིད་ཀྱིས། ཡི་གེའི་དབྱེ་བསྡུ་སོགས་ཚིག་གི་ཚུལ་རྣམས་ལ་དབང་བསྒྱུར་ཕྱིར། ཚིག་མཐའ་ཡས་པ་སྟེ། སྤོབས་པ་སོ་སོ་ཡང་དག་པ་རིག་
པས། ཆགས་ཐོགས་མེད་པར་ལུང་སྟོན་པའི་ཚུལ་གྱིས་སེམས་ཅན་དཔག་ཏུ་མེད་པ་འདུལ་བའི་ཐབས་དཔག་ཏུ་མེད་པའི་གསུང་མངའ་བའི་ཕྱིར། ཚིག་བདེན་པ་སྟེ། སེམས་ཅན་ལ་ལོག་པར་མི་སྒྲུབ་ཅིང་གཙོ་བོ་སངས་རྒྱས་ཉིད་འཐོབ་པ་ལས། གཞན་དུ་མི་འགྱུར་བའི་ཚིག་གསུང་བའི་ཕྱིར། དང་
ཞེས་བྱ་བའི་སྒྲ་ནི། འདིར་བདེན་པའི་བདག་ཉིད་དེ་ངེས་པར་བཟུང་བའོ། །ཞེས་སོ། །སྔགས་དོན་ལས། བདེན་པ་གཉིས་ལ་བརྟེན་ནས་འཇུག་པའི་
ཚིག་ནི་ཚིག་བདེན་ནོ། །
     དེ་ལྟར་ཡང་རྩ་ཤེས་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་སོགས་དྲངས་ནས་བཤད་དོ། །
བདེན་པར་སྨྲ་བ་སྟེ། བདེན་པ་ཡང་དག་པར་སྟོང་པ་ཉིད་ཀྱི་རང་བཞིན་ཕྱིན་ཅི་མ་ལོག་པར་གསུངས་པའི་ཕྱིར། བདེན་པ་བཞི་ནི་སྟོན་པ་པོ་སྟེ།
བསམ་པ་དང་རྗེས་སུ་མཐུན་པར་ཟག་བཅས་ཀྱི་ཕུང་པོ་ལ་སོགས་པ། སྡུག་བསྔལ་ནི་ཤེས་བྱ། སྡུག་བསྔལ་གྱི་རྒྱུར་གྱུར་པ་ཀུན་འབྱུང་ནི་སྤང་བྱ།
ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཆོས་ཉིད་དང་། སྒྲིབ་པ་དང་བྲལ་བའི་འགོག་པ་ནི་མངོན་དུ་བྱ་བ། འགོག་པར་འགྲོ་བའི་ཐབས་ཟག་པ་མེད་པའི་
ལམ་ནི་བསྟེན་པར་བྱའོ། །ཞེས་ལེགས་པར་སྟོན་པའི་ཕྱིར་རོ། །
กก

  བསྡོམས་ལྡེབ་ངོས་༡༡ཡོད།       ༡༽   ༢༽