༄༅། །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་རྒྱུད་དོན་རབ་ཏུ་གསལ་བར་བྱེད་པ་ ལེགས་བཤད་ནོར་བུའི་སྒྲོན་མ་ཞེས་བྱ་བ་བཞུགས་སོ། ། སྒ་རབ་འབྱམས་པ་ཀུན་དགའ་ཡེ་ཤེས་ཀྱིས་མཛད།
བསྡོམས་ལྡེབ་ངོས་༡༡ཡོད། ༡༽ ༢༽ ངོས་༣པ། ༤༽ ༥༽ ༦༽ ༧༽ ༨༽ ༩༽ ༡༠༽ ༡༡༽
༈ སྤྱི་དོན་གཉིས་པ་རྣམ་བཞག་གཏན་ལ་དབབ་པས་རྒྱས་པར་བཤད་པ་ལ་གཉིས། ཐུན་མོང་གི་རྣམ་བཞག་སྤྱིར་བསྟན། སོ་སོའི་རང་ བཞིན་ཕྱེ་སྟེ་བཤད་པའོ། ། དང་པོ་ལ་གཉིས། བཤད་བྱ་རིགས་དྲུག་ལ་གཟིགས་པའི་ཚུལ། སྒྱུ་འཕྲུལ་དྲྭ་བས་བྱང་ཆུབ་པའི་ཚུལ་ལོ། ། དང་པོ་ནི། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །གསང་སྔགས་རིགས་ཆེན་ཐམས་ཅད་དང་། །གསང་སྔགས་རིགས་སྔགས་འཆང་བའི་རིགས། ། རིགས་གསུམ་ལ་ནི་རྣམ་པར་གཟིགས། །འཇིག་རྟེན་འཇིག་རྟེན་འདས་པའི་རིགས། །འཇིག་རྟེན་སྣང་བྱེད་རིགས་ཆེན་དང་། །ཕྱག་རྒྱ་ཆེན་པོའི་ རིགས་མཆོག་དང་། །རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཞེས་ཏེ། ཞུས་ལན་གྱི་རྗེས་དེ་ནས། བཅོམ་ལྡན་ཤཱཀྱ་ཐུབ་པས་བཤད་པར་ བྱ་བའི་རིགས་ལ་གཟིགས་པ་སྟེ། མཉམ་པར་བཞག་ཅེས་མཚམས་སྦྱར་ནས། སྐབས་ཀྱི་དོན་ལ་འགྲེལ་ཆེན་གཉིས་སུ་རྒྱ་ཆེར་སྤྲོས་ནའང་གཞུང་ གི་འབྲུ་གཉེར་བ་དང་ལྷན་ཅིག་ཏུ་གསལ་བར་བཤད་ན། གསང་སྔགས་ཀྱི་སྐད་དོད་མན་ཏྲའི་སྒྲ་ལས་ཡིད་དེ་སན་ཞེས་བྱ་བར་བཤད། ཧ་ནི་ སྐྱོབ་པར་བྱེད་པའི་དོན། ཞེས་འདུས་པ་ལས་གསུངས་པ་ལྟར། མཚན་འཛིན་གྱི་རྣམ་རྟོག་ལས་ཡིད་སྐྱོབ་པར་བྱེད་པ་ནི་གསང་སྔགས་ཟླས། དེ་ ཡང་བྱ་བ་དང་། སྤྱོད་པ་དང་།རྣལ་འབྱོར་གྱི་རྒྱུད་དང་། རྟོག་པ་ལ་སོགས་པ་བསྐྱེད་པའི་གནས་སུ་གྱུར་པས་ན། རིགས་ཞེས་བྱ་ཞིང་། ཡུལ་དུས་ ལ་སོགས་པ་ཐམས་ཅད་ལ་ཁྱབ་པས་ན་ཆེན་པོ་སྟེ། དེ་ཐམས་ཅད་ལ་གཟིགས་ནས་ཚིགས་སུ་བཅད་པ་གསུངས་སོ་ཞེས་སྦྱར་ཏེ། སྤྱིར་སྨོས་པའོ། ། དང་ཞེས་པ་ནི་ཕྱི་མ་སྡུད་པའོ། །གསང་སྔགས་ཀྱང་དེ་ཡིན་ལ། རིགས་སྔགས་ཀྱང་དེ་ཡིན་པའི་བདག་ཉིད་འཆང་བའམ། འཛིན་པའི་ལས་ཅན་ གཟུངས་ཀྱི་རང་བཞིན་ནི། ལས་ཀྱི་རིགས་སོ། །དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། པདྨ་སྟེ་སྐུ་གསུང་ཐུགས་ཀྱི་རིགས་གསུམ་པོ་ཐམས་ཅད་ ཀྱི་རྩ་བ་རྣམ་པར་སྣང་མཛད་ཀྱི་རིགས་ལ་ནི་རྣམ་པར་གཟིགས་པ་དང་། འཇིག་རྟེན་པའི་གསང་སྔགས་ཀྱི་རིགས་དང་། འཇིག་རྟེན་ལས་འདས་ པའི་གསང་སྔགས་ཀྱི་རིགས་གཉིས་པོ་སོ་སོར་འབྱེད་ཅིང་གསལ་བར་བྱེད་པ་པདྨའི་རིགས་དང་། འཇིག་རྟེན་མཐའ་དག་སྣང་བའམ་གསལ་ བར་བྱེད་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད། མི་བསྐྱོད་པའམ་ཁྲོ་བོ་ཆེན་པོའི་རིགས་ནི་རྡོ་རྗེའི་རིགས་དང་། འཁོར་འདས་ཀྱི་ཆོས་ཐམས་ ཅད་ལ་རྒྱས་འདེབས་པའི་ཕྱག་རྒྱ་ཆེན་པོ་ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་རིགས་ནི། རིགས་གཞན་ཐམས་ཅད་ཀྱིའང་བདག་ ཉིད་དུ་གྱུར་པ་ཡིན་པའི་ཕྱིར། མཆོག་ཏུ་གྱུར་པ་སྟེ་རིགས་དྲུག་པ་དང་། ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའི་གནས་སམ། ངོ་ བོར་གྱུར་པའི་རིགས་ཆེན་པོ་གཙུག་ཏོར་ཡི་གེ་གཅིག་པ་ལ་སོགས་པའི་རིགས་ནི་རིན་པོ་ཆེའི་རིགས་ཏེ་དེ་རྣམས་ལ་ཆེར་གཟིགས་པ་ནི། རང་ གི་ངོ་བོ་དང་། བསྟན་པའི་ཡུལ་དང་། དུས་ལ་སོགས་པ་ལ་དགོངས་པ་ཞུགས་པའི་ཚུལ་དུ་མཛད་པ་མཐའི་གསལ་བྱེད་དུ་ཤེས་པར་བྱའོ། །རྡོ་ རྗེའི་ཚིག་དོན་མཁས་པའི་ལེགས་བཤད་ཀྱིས། །ཅུང་ཟད་ཕྱེ་ཡང་ཇི་བཞིན་མི་གསལ་བ། །བློ་གྲོས་ཆེན་པོའི་ངག་གི་འོད་ཟེར་གྱིས། །རྣམ་པར་ བཀྲ་བའང་འཇམ་དབྱངས་ཉིད་ལ་འབུལ། ། ༈ གཉིས་པ་སྒྱུ་འཕྲུལ་དྲྭ་བས་བྱང་ཆུབ་པའི་ཚུལ་ནི། ཚིག་གི་བདག་པོས་ཚིགས་སུ་བཅད། །གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་། །གཉིས་ སུ་མེད་པར་འབྱུང་བ་དང་། །མི་སྐྱེའི་ཆོས་ཅན་འདི་གསུངས་པ། །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿསྠི་ཏོ་ཧྲི་དི། ཛྙཱ་ན་མཱུརྟི་ར་ཧཾ་བུདྷོ། བུདྷཱ་ནཾ་ཏྲེདྷ་ཝརྟི་ནཱཾ། ཨོཾ་བཛྲ་ཏིཀྵ་ཎ། དུཿཁ་ཙྪེ་ད། པྲཛྙ་ཛྙཱ་ན་མུརྟ་ཡེ། ཛྙཱ་ན་ཀ་ཡ། ཝཱ་གི་ཤྭ་ར། ཨ་ར་པ་ཙ་ན། ཡ་ཏེ་ན་མཿ ཞེས་ཏེ། ཚིག་གི་ བདག་པོ་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་དོན་འཆད་པར་འགྱུར་བའི་ཚིགས་སུ་བཅད་པས་གསུངས་སོ། །ཞེས་སྦྱར་རོ། །འདི་ལ་ཚིག་ གི་བདག་པོས་ཞེས་བྱེད་ཚིག་ཏུ་བྱས་པ་ཡོད་ཀྱང་། འགྲེལ་པ་གཉིས་ཀར། ཚིག་གི་བདག་པོ་ནི་རྗེ་བཙུན་གསུང་གི་དབང་ཕྱུག་སྟེ། དེ་དང་འབྲེལ་ བའི་ཚིགས་སུ་བཅད་པ་གསུངས་པའོ། །ཞེས་སོགས་འབྲེལ་བའི་སྒྲར་གསུངས་པ་དང་འགལ་ལོ། །ཚུལ་ཇི་ལྟར་ན། གཙོ་བོར་གསང་སྔགས་ཀྱི་ རྒྱལ་པོ་བཛྲ་ཏིཀྵྞཱ་ཞེས་སོགས་དྲུག་དང་ལྡན་པ་སྟེ། དེའི་ངོ་བོ་ཡང་གཟུང་འཛིན་སོགས་གཉིས་སུ་སྣང་བའི་སྤྲོས་པ་མཐའ་དག་མེད་པར་ཤེས་ ཤིང་བསྒོམ་པ་ལས་འབྱུང་བ་དང་། རང་བཞིན་གྱིས་མི་སྐྱེ་བའམ་སྐྱེ་བ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་གྱི་ཆོས་ཅན་འདི་གསུངས་ པའོ། །ཅི་ཕྱི་དང་ནང་གི་དངོས་པོ་སྣ་ཚོགས་པ་འདི་དག རང་གི་རྒྱུ་དང་རྐྱེན་ལས་སྐྱེ་བ་མ་ཡིན་ནམ། ཅིའི་ཕྱིར་སྐྱེ་བ་མེད་པར་བརྗོད་ཅེ་ན། བདེན་མོད་ཀྱི་རྒྱུ་དང་འབྲས་བུའི་འབྲེལ་བའང་མིང་དང་བརྡས་རྣམ་པར་བཞག་པ་ཙམ་ཡིན་གྱི། དོན་དམ་པར་གྲུབ་པ་མེད་པའི་ཕྱིར་རོ། ། འདིར་འགྲེལ་ཆེན་ལས་སྐྱེ་མེད་བསྒྲུབ་པའི་ལུང་དང་རིགས་པ། མཐའ་ཡས་པར་གསུངས་པ་རྣམས་ཀྱང་ཤེས་པར་བྱ་སྟེ། གསང་སྔགས་ཞེས་བྱ་ བའི་སྐབས་དོན་གྱི་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་ནས་ཐོག་མར་མ་ནིང་གི་ཡི་གེ། རི་རཱི། ལི་ལཱི་བཞི་དང་བྲལ་བའི་དབྱངས་ཡིག་བཅུ་གཉིས་ གསུངས་པའི་རྒྱུ་མཚན་ནི། ས་བཅུ་གཉིས་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་གཉིས་ཀྱི་སྒོ་ནས། མངོན་པར་བྱང་ཆུབ་པའི་ཚུལ་བསྟན་པའི་ཕྱིར་རོ། ། འདི་ཡང་འགྲེལ་ཆེན་ལས། མོས་པས་སྤྱོད་པའི་ས་དང་། རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་དང་། ཀུན་ཏུ་འོད་གྱི་ས་སྟེ་བཅུ་གཉིས་དང་། རིན་ཆེན་པདྨའི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པ་ནས་ཡེ་ཤེས་ཀྱི་བར་བཅུ་དང་། རྡོ་རྗེ་ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་བཅུ་གཉིས་དང་། དབྱངས་ བཅུ་གཉིས་རྣམས་རིམ་པ་ལྟར་སྦྱར་ནས་གསུངས་སོ། །སྔགས་དོན་ལས། སངས་རྒྱས་ཀྱི་ས་ཉིད་ལས། ས་བཅུ་གཉིས་སུ་ཕྱེ་སྟེ། དེའི་ཤེས་བྱེད་ཀྱང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཀུན་ཏུ་འོད་ཀྱི་ས་ཆེན་པོ། །དེ་ནི་ཉི་མའི་དཀྱིལ་འཁོར་འདྲ། །བདུད་རྩི་འོད་ནི་གཉིས་པ་སྟེ། །ཤིན་ཏུ་འོད་གསལ་ ཟླ་བ་འདྲ། །ནམ་མཁའ་འོད་ནི་གསུམ་པ་སྟེ། །ནམ་མཁའི་ངོ་བཞིན་རབ་ཏུ་གནས། །རྡོ་རྗེའི་འོད་ནི་བཞི་པ་སྟེ། །ས་དེ་ཉིད་ནི་ཡིད་དགའ་བའོ། ། བསམ་པ་ནང་གི་བརྟན་སྦྱོར་བས། །རྡོ་རྗེ་ཞེས་ནི་ཡོངས་སུ་བསྟན། །ལྔ་པ་རིན་ཆེན་འོད་ཅེས་བྱ། །དབང་བསྐུར་བ་ལ་རབ་ཏུ་གནས། །པདྨའི་འོད་ ཅེས་དྲུག་པ་སྟེ། །པདྨ་བཞིན་དུ་རབ་ཏུ་སྐྱེ། །རང་བཞིན་དག་པའི་ཆོས་ཉིད་ཀྱི། །དྲི་མ་མེད་ཅིང་འཛིན་མེད་པ། །བདུན་པ་ལས་ཀྱི་འོད་ཅེས་པ། ། སངས་རྒྱས་ཕྲིན་ལས་བྱེད་པར་འདོད། །བརྒྱད་པ་དཔེ་མེད་ཅེས་པ་ནི། །དེ་ལ་དཔེ་ནི་ཡོད་མ་ཡིན། །དཔེ་ལྡན་ཞེས་པ་དགུ་པ་སྟེ། །ཐམས་ཅད་ དཔེ་ནི་སོ་སོར་རྟོག །བཅུ་པ་ཤེས་རབ་འོད་ཅེས་བྱ། །སངས་རྒྱས་ས་ནི་བླ་ན་མེད། །བཅུ་གཅིག་ཐམས་ཅད་མཁྱེན་པ་ཉིད། །ས་ཆེན་རབ་ཏུ་ འོད་གསལ་བ། །བཅུ་གཉིས་སོ་སོ་རང་རིག་པ། །རྣལ་འབྱོར་ཡེ་ཤེས་རབ་ཏུ་རྫོགས། །ཞེས་དྲངས་སོ། །གཞན་ཡང་འདི་ཉིད་ནས། ཡན་ལག་ བཅུ་གཉིས་སྲིད་རྩ་བཏོན། །དག་པ་རྣམ་པ་བཅུ་གཉིས་འཆང་། །ཞེས་དང་། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །ཞེས་གསུངས་པའི་དོན་ རྣམས་དང་སྦྱར་དུ་རུང་བའང་། བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཤེས་པར་བྱའོ། །དེ་ནས་སྠི་ཏོ་ནི་གནས་པ། ཧྲི་དི་ཐུགས། ཛྙཱ་ན་ཡེ་ཤེས། མུརྟི་ སྐུའམ་སྤྱི་གཙུག ར་ཧཾ་ད་ལྟ། བུངྷོ་འདས་པ། བུདྷཱ་ནཾ་མ་འོངས་པ། ཏྲེ་ངྷ་ཝརྟི་ནཾ་དུས་གསུམ་གྱི་ཞེས་པ་སྟེ། སྔགས་འདི་འདི་ལྟར་བསྒྱུར་ཞིང་ བཤད་པ་མང་ལ། སྔགས་དོན་དུ། དུས་གསུམ་དུ་བཞུགས་པའི་སངས་རྒྱས་ཀྱི་ཐུགས་ཀ་ན་གནས་པའི་ཡེ་ཤེས་ཀྱི་སྐུའམ། སྤྱི་གཙུག་ཞེས་པའི་ དོན་དུ་མཛད་ནས། བུངྷོའི་དོན་ཡང་སངས་རྒྱས་ཞེས་ཏེ། སྔ་མ་དེ་ཇི་ལྟར་གནས་པའི་དོན་ཤེས་པའི་ཕྱིར་རོ། །ཞེས་འཆད་དོ། །མདོར་ན་ཡེ་ ཤེས་ཀྱི་སྐུ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཉིད་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ལ་གནས་པ་ཞེས་པའི་དོན་ཏོ། །དེ་ནས་ཨོཾ་ ནི་སྔགས་ཀྱི་མགོ་འདྲེན་པ། བཛྲ་རྡོ་རྗེ། ཏིཥྛ་རྣོན་པོ་སྟེ་སྔགས་དང་པོའོ། །དུཿཁ་སྡུག་བསྔལ། ཙྪེ་ད་གཅོད་པ་སྟེ་གཉིས་པ། པྲ་ཛྙཱ་ཤེས་རབ། ཛྙཱ་ ན་ཡེ་ཤེས། མུརྟ་ཡེ་སྐུ་ཅན་ཏེ་གསུམ་པ། ཛྙཱ་ན་ཡེ་ཤེས། ཀ་ཡ་སྐུ་སྟེ་བཞི་པ། ཝཱ་གཱི་ངག ཤྭ་ར་དབང་ཕྱུག་སྟེ་ལྔ་པ། ཨ་ར་འགྲོ་བའམ་ཉོན་ མོངས། པ་ཙ་ན་སྨིན་པའམ་འཚེད་པ་སྟེ་དྲུག་པའོ། །ཡ་ཏེ་ན་མ་ནི་ཁྱོད་མཆོད་དོ་ཞེས་པའམ། གང་དེ་ཞེས་བྱ་བ་ཞེས་པའོ། །འདི་དག་ལ་འགྲེལ་ པ་གཉིས་སུ་ཤེས་རབ་འཁོར་ལོ་བསྒོམ་པའི་མན་ངག་མང་དུ་གསུངས་ཀྱང་། གཞུང་ལ་ཉེ་བར་མཁོ་བའི་གནད་དོན་འདི་ལྟར་ཤེས་པར་བྱ་སྟེ། གཉིས་མེད་ཡེ་ཤེས་ཀྱི་རྡོ་རྗེ་མི་མཐུན་པའི་ཕྱོགས་མཐའ་དག་འཇོམས་ཤིང་འབིགས་པའི་རྣོན་པོ་ནི། འདོད་ཆགས་རྣམ་དག་སོར་རྟོག་ཡེ་ཤེས་ འོད་དཔག་མེད་ཀྱི་ངོ་བོ་སྟེ། པདྨ་རིགས་ཀྱི་གཙོ་བོའི་མཚན་ནས་སྨོས་པའོ། །དེ་བཞིན་དུ། སྡུག་བསྔལ་གསུམ་གྱི་མྱུ་གུ་ས་བོན་དང་བཅས་པ་ གཅོད་པར་བྱེད་པ་དམིགས་མེད་ཀྱི་སྙིང་རྗེ་ནི། ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་མི་བསྐྱོད་པའི་ངོ་བོ་སྟེ། རྡོ་རྗེ་རིགས་ཀྱི་གཙོ་བོའི་མཚན་དང་། དག་པ་གཉིས་ལྡན་གྱི་ཆོས་དབྱིངས་ལ། རྟག་ཏུ་མཉམ་པར་བཞག་པའི་ཤེས་རབ་ཟག་པ་མེད་པའི་ཡེ་ཤེས་ཀྱི་སྐུ་ནི། གཏི་མུག་རྣམ་དག་ཆོས་ དབྱིངས་ཡེ་ཤེས་རྣམ་སྣང་གི་ངོ་བོ་སྟེ། དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོའི་མཚན་དང་། འབད་རྩོལ་སོགས་སྤྲོས་པ་ཉེ་བར་ཞི་བའི་ཡེ་ ཤེས། ལྷུན་གྱིས་གྲུབ་པའི་མཛད་པ་ཅན་གྱི་སྐུ་ནི། ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་དོན་གྲུབ་ཀྱི་ངོ་བོ་སྟེ། ལས་ཀྱི་རིགས་ཀྱི་གཙོ་བོའི་མཚན་ དང་། རེ་འདོད་སྐོང་བའི་ངག་གམ། གསུང་གི་ནོར་བུ་སོགས་ཡོན་ཏན་རིན་པོ་ཆེའི་དབང་གིས་ཕྱུག་པ་ནི། སེར་སྣ་རྣམ་དག་མཉམ་ཉིད་ཡེ་ཤེས་ རིན་འབྱུང་གི་ངོ་བོ་སྟེ། རིན་ཆེན་རིགས་ཀྱི་གཙོ་བོའི་མཚན་དང་། འགྲོ་བ་མཐའ་དག་སྨིན་པ་སོགས་དོན་གཉིས་ཕུན་ཚོགས་ཀྱི་གཞི་རྟེན། ཐོག་ མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་ནི་རྒྱུ་རིག་སྟོང་ཟུང་འཇུག ལམ་ཐབས་ཤེས་ཟུང་འཇུག་གིས་སྦྱངས་པས། འབྲས་བུ་དབྱིངས་དང་ཡེ་ཤེས་ དབྱེར་མེད་པའི་ངོ་བོ་སྟེ། རིགས་དྲུག་པ་རྡོ་རྗེ་སེམས་དཔའི་མཚན་ནས་སྨོས་པའོ། །འདི་ལ་ཚུལ་གཞན། ཨ་ཞེས་བྱ་བ་ནི། གདོད་མ་ནས་མ་ སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ར་ཞེས་བྱ་བ་ནི་རྡུལ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །པ་ཞེས་བྱ་བ་ནི། དོན་དམ་པ་རབ་ ཏུ་སྟོན་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཙ་ཞེས་བྱ་བ་ནི། འཆི་འཕོ་དང་སྐྱེ་བ་རབ་ཏུ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ན་ཞེས་ བྱ་བ་ནི། མིང་ཐམས་ཅད་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་སོགས་མདོ་ལས་གསུངས་པའི་དོན་ཡང་ཤེས་པར་བྱའོ། །དེ་ལྟར་ སྒྱུ་འཕྲུལ་དྲྭ་བས་མངོན་པར་བྱང་ཆུབ་པའི་ཚུལ་རིགས་དྲུག་གི་སྒོ་ནས་བསྟན་ཏོ། །དེ་ཉིད་ཀྱི་མངོན་པར་རྟོགས་པ་ཉམས་སུ་ལེན་པའི་ཚུལ་ ཡང་། སྔགས་དོན་ལས། མངོན་པར་བྱང་ཆུབ་པ་ལྔའི་རིམ་པ་འདིས་བསྒོམ་པར་བྱའོ། །དང་པོར་རེ་ཞིག་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གཟུགས་ བརྙན་གྱི་སྦྱོར་བ་བསྒོམ་པར་བྱ་སྟེ། ཞེས་སོགས་ཡེ་ཤེས་ལྔ་དང་སྦྱར་བའི་མངོན་བྱང་སྒོམ་ཚུལ་རྒྱས་པར་གསུངས་སོ། ། ༈ གཉིས་པ་སོ་སོའི་རང་བཞིན་ཕྱེ་སྟེ་བཤད་པ་ལ་བཞི། རྡོ་རྗེ་དབྱིངས་ཀྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་བསྟོད་པ། རིགས་ལྔའི་སྒོ་ནས་ ཡེ་ཤེས་ལྔ་ལ་བསྟོད་པ། གཞུང་གི་ཕན་ཡོན་ནམ་ཆེ་བ་བསྟན་པ། རྩ་བ་དང་ཕྲེང་བའི་སྔགས་བསྟན་པའོ། ། དང་པོ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། ། དང་པོ་ནི། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་ དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། ། ཅེས་ཏེ། མཚན་གྱི་རང་བཞིན་རྒྱས་པར་འཆད་པའི་ཚུལ་འདི་ལྟར་ཞེས་མཚམས་སྦྱར་ནས། སངས་རྒྱས་དང་། བཅོམ་ལྡན་འདས་དང་། རྫོགས་ པའི་སངས་རྒྱས་རྣམས་ཀྱི་དོན་སྔར་བཤད་ཟིན་པ་དྲན་པར་བྱ་ཞིང་། དེ་དག་ནི་ངེས་པའི་དོན་དུ་ན་ཨ་སྟེ། གཟོད་མ་ནས་སྐྱེ་བ་མེད་པ་ བསྒོམས་པ་ལས་བྱུང་ལ། ཀུན་རྫོབ་ཏུ་ན། བྱང་ཆུབ་སེམས་ཀྱི་ངོ་བོ་ཨ་ཡོངས་སུ་གྱུར་པ་ལས། ཟླ་བའི་རྣམ་པར་སེམས་སོ་སོར་རྟོག་པ་ལ་སོགས་ པའི་རིམ་པ་ལས་བྱུང་བའོ། །ཡི་གེ་དཔག་ཏུ་མེད་པ་ཡོད་པ་ལས། ཅིའི་ཕྱིར་ཨ་ཉིད་ལས་བྱུང་སྙམ་ན། ཨ་ནི་ཡིག་འབྲུ་མ་ལུས་པ་ཀུན་གྱི་མཆོག་ སྟེ། ཡིག་འབྲུའི་སྐད་དོད་ཨཀྵ་ར་ནི་མི་འགྱུར་བ་ཡིན་ལ། ཨ་ཡང་འགྱུར་མེད་ཆོས་སྐུའི་ངོ་བོ་ཆོས་རྣམས་ཀུན་གྱི་མཆོག་ཡིན་པའི་ཕྱིར་རོ། ། གཞན་ཡང་། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག་སྟེ། དབྱིབས་ཀྱི་ཨ་ཤད་ཀྱི་རྣམ་པ་ཅན་ནི། ཡི་གེ་ཐམས་ཅད་ཀྱི་གཟུགས་འགྲུབ་པའི་སྲོག་ཏུ་ གནས་པའི་ཕྱིར་དང་། བརྗོད་པ་སྒྲ་གདངས་ཀྱི་ཨ་ནི་ངག་ཐམས་ཅད་ཀྱི་རྒྱུ་དང་ངོ་བོར་གནས་པའི་ཕྱིར་དང་། ས་བོན་གྱི་ཨ་ནི་ཡི་གེ་ཕྲི་བསྣན་ གྱི་སྦྱོར་བས་མི་བསྐྱོད་པ་ལ་སོགས་པ་རིགས་ཐམས་ཅད་ཀྱི་ས་བོན་གྱི་ངོ་བོའམ་བདག་ཉིད་དུ་འགྱུར་བའི་ཕྱིར། དེ་ལྟར་ཚུལ་དེ་དག་ཤེས་ཤིང་ བསྒོམས་པས་སངས་རྒྱས་ཉིད་འཐོབ་པ་ལ་སོགས་པའི་དོན་ཆེན་པོ་དང་ལྡན་པས་ན་ཡི་གེ་དམ་པའང་ཡིན་ནོ། །གཞན་ཡང་འདི་ནི་ཐ་སྙད་དུ་ འབད་པས་བརྗོད་པའི་ཚེ་ཁོང་ནས་འབྱུང་བ་དང་། དོན་དམ་པར་ནི་སྐྱེ་བ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། ཚིག་ཏུ་བརྗོད་པ་ལ་སོགས་པ་ ཐམས་ཅད་སྤངས་པ་སྟེ། བརྗོད་བྱ་དང་རྗོད་བྱེད་སོགས་དང་བྲལ་བས་སོ། །དེ་ལྟར་ན་དེ་དག་བསྒོམས་པའི་སྟོབས་ཀྱིས་ངག་གི་འཁོར་ལོ་རྫོགས་ པར་ཇི་ལྟར་འགྱུར་སྙམ་ན། ཐ་སྙད་དུ་བརྗོད་པ་སྒྲ་རྣམས་ཀུན་གྱི་རྒྱུ་ཡི་མཆོག་སྟེ། དང་པོའི་བྱེད་རྒྱུ་ཡིན་པའི་ཕྱིར་དང་། གཙོ་བོར་འཇམ་ དཔལ་གྱི་ཡེ་ཤེས་སྐྱེད་པར་བྱེད་པའི་ཕྱིར། དེ་ལྟར་ན་ངག་ཚིག་ཀུན་གྱི་དོན་མ་ལུས་པ་རབ་ཏུ་གསལ་བར་བྱེད་པ་ཞེས་ཀྱང་ཤེས་པར་བྱའོ། ། ཡང་རྣམ་པ་གཞན་དུ་ན། གཉིས་མེད་ཡེ་ཤེས་ཀྱི་ངོ་བོ་དེ་ལོངས་སྐུའི་ཚུལ་གྱིས་ཁོང་ནས་འབྱུང་བ། ཆོས་སྐུའི་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ། སོ་ སོས་རང་རིག་བདེ་བ་ཆེན་པོའི་ཚིག་ཏུ་བརྗོད་པ་སྤངས་པ། སྒྲ་སྐད་སྣ་ཚོགས་ཀྱིས་ཆོས་སྟོན་པས་བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག་ཏུ་གྱུར་པ། ཡིད་ བཞིན་གྱི་ནོར་བུ་ལྟར་མངོན་པར་འདོད་པའི་ཚིག་རྣམས་བསྐྱེད་ཅིང་། སེམས་ཅན་མ་ལུས་པའི་མ་རིག་པའི་མུན་པ་སེལ་བས་ན། ཚིག་ཀུན་རབ་ ཏུ་གསལ་བར་བྱེད་པ་ཞེས་བྱའོ། ། ༈ གཉིས་པ་རྒྱས་པར་བཤད་པ་ལ་བཞི། ཕུལ་བྱུང་མཆོད་པའི་བྱེ་བྲག་གི་སྒོ་ནས། སྐུ་སོགས་ཆེ་བ་ཡོན་ཏན་གྱི་སྒོ་ནས། སྦྱིན་སོགས་ཕ་རོལ་ ཏུ་ཕྱིན་པའི་སྒོ་ནས། བྱམས་སོགས་རྣམ་གྲངས་སྣ་ཚོགས་ཀྱི་སྒོ་ནས་བསྟོད་པའོ། ། དང་པོ་ནི། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་ དགྲ་ཆེ་བ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཁྲོ་བ་ཆེན་པོའི་དགྲ་ཆེ་བ། །མཆོད་པ་ ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །འདོད་པ་ཆེན་པོ་བདེ་བ་ཆེ། །དགའ་བ་ཆེན་པོ་མགུ་བ་ཆེ། །ཞེས་པ་ལ། ཅིག་ཆར་ འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ཁྱབ་པའི་མཆོད་པའི་རྣམ་འཕྲུལ་སྤྱི་དང་། ཁྱད་པར་སྤྱན་ལ་སོགས་པའི་བཙུན་མོ་ཉེ་བར་སྤྱོད་པ་སོགས། ཕུལ་དུ་བྱུང་ཞིང་རྒྱུན་མི་འཆད་པའི་བདེ་བ་ཆེན་པོའི་རྒྱུར་གྱུར་པ་ནི་མཆོད་པ་ཆེན་པོ་སྟེ། འོག་མ་ཐམས་ཅད་ལ་ཡང་ཤེས་པར་བྱའོ། །འདོད་ ཆགས་ཆེ་བ་ནི་སྤྱིར་ན་ལྷ་ཆེན་པོ་སྟེ། བདེ་བ་ཆེན་པོ་སྐྱེད་པའི་ཐབས་དེ་ཁོ་ན་ཉིད་མ་ཤེས་པས། འཁྲིག་པའི་ཆགས་པས་ངོམས་པ་མེད་པའི་ ཕྱིར་རོ། །རྗེ་བཙུན་འཇམ་དཔལ་ནི་དེ་བས་ཀྱང་འདོད་ཆགས་ཆེ་བ་ཞེས་བྱ་བ་སྟེ་ཐབས་ལ་མཁས་པས། ཅི་སྐད་བཤད་པའི་ཡུལ་ལ་སྤྱད་པས། བདེ་བ་ཆེན་པོ་རྒྱུན་མི་འཆད་པ་དང་ལྡན་པའི་ཕྱིར་དང་། སེམས་ཅན་ཐམས་ཅད་ཀྱང་སྐྱེ་མེད་རྟོགས་པའི་དགའ་བ་ཆེན་པོས་ཚིམ་པར་བྱེད་ པའི་ཕྱིར། འདིས་ནི་ཧོ་ལས་སྐྱེས་པའི་བཅོམ་ལྡན་འདས་འདོད་ཆགས་ཆེན་པོ་དམར་སེར་ཞལ་བཞི་ཕྱག་བརྒྱད་པར་བསྒོམས་ནས། སེམས་ཅན་ ཐམས་ཅད་དགའ་བར་བྱེད་ཅིང་དབང་དུ་བྱེད་པའི་ཚུལ་ཡང་གསུངས་སོ། །དེ་བཞིན་དུ་གོང་འོག་གཞན་དུ་ཡང་ལས་སྒྲུབ་པའི་ལྷ་དང་། དཀྱིལ་ འཁོར་གྱི་ལྷ་དང་སྦྱར་བའི་ཚུལ་དང་། དེ་དག་གི་མངོན་པར་རྟོགས་པ་རྣམས་ནི་འགྲེལ་པ་ཉིད་དུ་ཤེས་པར་བྱ་སྟེ། ཚིག་མངས་པའི་འཇིགས་ པས་འདིར་མི་བྲིའོ། །ཞེ་སྡང་ཆེ་བ་ནི་སྤྱིར་ན་ཁྱབ་འཇུག་སྟེ། ཞེ་སྡང་གི་དབང་དུ་གྱུར་པས་ལྷ་མིན་སོགས་གསོད་པར་བྱེད་ཅིང་། རང་གི་ཉོན་ མོངས་པའི་དགྲ་བཟློག་པར་མི་ནུས་པའི་ཕྱིར། རྗེ་བཙུན་ནི་དེ་བས་ཀྱང་ཞེ་སྡང་ཆེ་བ་སྟེ། ཞེ་སྡང་སོགས་ཉོན་མོངས་པ་ཀུན་གྱི་སྟོབས་འཇོམས་ པའི་དགྲ་ཆེ་བ་པོའི་ངོ་བོ་ཡིན་པའི་ཕྱིར། གཏི་མུག་ཆེ་བ་ནི། སྤྱིར་ན་ཚངས་པ་སྟེ། གཏི་མུག་གི་དབང་གིས་སྲོག་ལ་འཚེ་བའི་མཆོད་སྦྱིན་སོགས་ ཀུན་ཏུ་སྟོན་པའི་ཕྱིར། རྗེ་བཙུན་ནི་དེ་བས་ཀྱང་གཏི་མུག་ཆེ་བ་སྟེ། བདག་ཏུ་རྨོངས་པའི་བློ་ལ་གཏི་མུག་བློ་ཞེས་བྱ་སྟེ། དེས་ཕྱིན་ཅི་ལོག་དུ་ མངོན་པར་ཞེན་པ་རྣམས་བདག་མེད་རྟོགས་པ་ལ་བཀོད་ནས། གཏི་མུག་ས་བོན་དང་བཅས་པ་སེལ་བར་མཛད་པའི་ཕྱིར། ཡང་རྗེ་བཙུན་ཉིད་ ལ་ཡང་གཏི་མུག་བློ་ཞེས་པའི་སྒྲ་འཇུག་པ་སྟེ། གཏི་མུག་སེལ་བྱེད་གྱི་བློ་ཡིན་པའི་ཕྱིར། རིམས་སེལ་བའི་སྔགས་ལ་རིམས་སྔགས་ཞེས་པ་ བཞིན་ནོ། །ཁྲོ་བ་ཆེ་བ་ནི་སྤྱིར་ན་གཟའ་གདུག་པ་ཅན་དང་། ཀླུ་ལ་སོགས་པ་སྟེ་སེམས་ཅན་རྣམས་ལ་འཁུ་བའི་བསམ་པས་གནས་པའི་ཕྱིར། རྗེ་བཙུན་ནི་དེ་བས་ཀྱང་ཁྲོ་བ་ཆེ་བ་སྟེ། ཁྲོ་བས་ཁྲོ་བ་སོགས་དྲུང་ནས་འབྱིན་པའི་ཚུལ་གྱིས། ཁྲོ་བ་དང་ཕྲག་དོག་ཆེན་པོའི་ངོ་བོར་གྱུར་པའི་ ཉོན་མོངས་པ་ཐམས་ཅད་ཀྱི་དགྲ་ཆེ་བ་ཡིན་པའི་ཕྱིར། ཆགས་པ་ཆེ་བ་ནི་སྤྱིར་ན་མ་རིག་པ་དང་། ང་རྒྱལ་གྱི་དབང་གིས་བདག་དང་བདག་ གིར་མངོན་པར་ཞེན་ཅིང་ཆགས་པ་རྣམས་ཡིན་ལ། རྗེ་བཙུན་ནི་དེ་བས་ཀྱང་ཆགས་པ་ཆེ་བ་སྟེ། བདག་མེད་པའི་ལམ་བསྟན་པས་ཆགས་པ་ དེ་དག་ཐམས་ཅད་ས་བོན་དང་བཅས་པ་སེལ་བར་བྱེད་པའི་ཕྱིར། དུག་སེལ་བའི་སྨན་ལ་དུག་སྨན་ཞེས་པ་བཞིན་ནོ། །གཞན་ཡང་། རྗེ་བཙུན་ གསུང་གི་དབང་ཕྱུག་ནི་འདོད་པ་ཆེན་པོ་སྟེ། སེམས་ཅན་མ་ལུས་པ་སངས་རྒྱས་ཉིད་ལ་འགོད་པར་བཞེད་པའི་ཕྱིར། བདེ་བ་ཆེ་བ་སྟེ། ཐར་པ་ ཆེན་པོའི་བདེ་བ་བསྐྱེད་པའི་ཕྱིར། དགའ་བ་ཆེན་པོ་སྟེ། དེ་ཉིད་གོང་ནས་གོང་དུ་འཕེལ་བའི་ཕྱིར། མགུ་བ་ཆེ་བ་སྟེ། དེ་ཉིད་འཕེལ་བ་མཐར་ ཐུག་པའི་ཕྱིར་རོ། ། གཉིས་པ་སྐུ་སོགས་ཆེ་བའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་ནི། གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། །ཁ་དོག་ཆེ་ཞིང་ལུས་བོངས་ཆེ། །མིང་ཡང་ཆེ་ ཞིང་རྒྱ་ཆེ་བ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཤེས་རབ་མཚོན་ཆེན་འཆང་བ་སྟེ། །ཉོན་མོངས་ཆེན་པོའི་ལྕགས་ཀྱུ་མཆོག །གྲགས་ཆེན་ སྙན་གྲགས་ཆེན་པོ་སྟེ། །སྣང་བ་ཆེན་པོ་གསལ་བ་ཆེ། །མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་། །སྒྱུ་འཕྲུལ་ཆེན་པོའི་དོན་སྒྲུབ་པ། །སྒྱུ་འཕྲུལ་ཆེན་པོའི་ དགའ་བས་དགའ། །སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན། །ཞེས་པ་ལ། རྗེ་བཙུན་ནི་གཟུགས་ཆེ་བ་སྟེ། གདུལ་བྱ་འདུལ་བའི་ཕྱིར་དུ་གཟུགས་སྣ་ ཚོགས་པས་འགྲོ་བ་ཁྱབ་པའི་ཕྱིར། དེར་མ་ཟད་ལུས་ཀྱང་ཆེ་བ་སྟེ། ཕྲ་རགས་སོགས་གཟུགས་ཅན་གྱིས་འདུལ་བ་ལ། ལྷ་ལ་སོགས་པ་བས་ཀྱང་ ཆེས་ཆེ་བའི་སྐུ་སྟོན་པའི་ཕྱིར། ཁ་དོག་ཆེ་བ་སྟེ་ཁ་དོག་གིས་འདུལ་བ་རྣམས་ལ་ཁ་དོག་སོ་སོ་བ་དང་། འདྲེས་པའི་འོད་འབར་བ་སྟོན་པའི་ཕྱིར། ཞིང་ཞེས་པ་ནི་ཕྱི་མ་སྡུད་པའོ། །ལུས་བོངས་ཆེ་བ་སྟེ་ལྷ་ལ་སོགས་པའི་མདངས་ཟིལ་གྱིས་གནོན་པའི་སྐུ་མངའ་བའི་ཕྱིར། མིང་ཡང་ཆེ་བ་སྟེ། འཇིག་རྟེན་ཐམས་ཅད་ཀྱི་སྒྲ་སྐད་དང་མཐུན་པར་མིང་དང་། བརྡ་དང་། ཐ་སྙད་ལ་སོགས་པའི་སྒོ་ནས་རབ་ཏུ་གྲགས་པའི་ཕྱིར། རྒྱ་ཆེ་བ་སྟེ། བསོད་ནམས་ཀྱི་ཚོགས་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བ་མངའ་བའི་ཕྱིར། དཀྱིལ་འཁོར་ཆེན་པོ་སྟེ། འོད་ཟེར་གྱི་ཚོགས་ཟླུམ་ཞིང་ཆེ་བས་བསྐོར་བའི་ ཕྱིར། དེ་ཉིད་ཡངས་པ་ཡང་ཡིན་ཏེ། འཇིག་རྟེན་མ་ལུས་པ་ལ་ཁྱབ་པའི་ཕྱིར། ཤེས་རབ་མཚོན་ཆེན་འཆང་བ་སྟེ། ཆོས་ཐམས་ཅད་མངོན་སུམ་ དུ་རྟོགས་པའི་ཤེས་རབ་ནི། ཉོན་མོངས་པ་ཐམས་ཅད་གཅོད་པས་མཚོན་ཆ་ཆེན་པོ་ཡིན་ཞིང་། དེ་ཉིད་རྟག་ཏུ་འཆང་བའི་ཕྱིར་དང་། ཡང་ ཕྱག་གཡོན་ན་ཤེར་ཕྱིན་གྱི་གླེགས་བམ་དང་། གཡས་ན་རལ་གྲིའི་མཚོན་ཆ་འཆང་བའི་ཕྱིར་ཡང་ངོ་། །ཉོན་མོངས་ཆེན་པོ་འདུལ་བའི་ལྕགས་ ཀྱུ་མཆོག་སྟེ། གླང་ཆེན་མྱོས་པ་དང་འདྲ་བར་བཟློག་པར་དཀའ་བའི་ཆགས་སོགས་ཉོན་མོངས་རྣམས་བཟློག་ནས་རང་དབང་དུ་མཛད་པའི་ ཕྱིར། གྲགས་པ་ཆེན་པོ་ཅན་ཏེ། ཤེས་རབ་དང་། རྟོགས་པ་དང་། ཡེ་ཤེས་ཀྱི་སྒོ་ནས་ཕུལ་དུ་བྱུང་ཞིང་ཁྱད་པར་དུ་འཕགས་པར་གྲགས་པའི་ ཕྱིར། སྙན་གྲགས་ཆེན་པོ་ཅན་ཏེ། ཆོ་འཕྲུལ་རྨད་དུ་བྱུང་བ་སྣ་ཚོགས་པས་སྙན་པ་དང་གྲགས་པའི་གནས་སུ་ཉེ་བར་མཚོན་པའི་ཕྱིར། སྣང་བ་ ཆེན་པོ་ཅན་ཏེ། ནང་སེམས་ཀྱི་གསལ་སྣང་རབ་ཏུ་ཆེན་པོ་དང་ལྡན་པའི་ཕྱིར། གསལ་བ་ཆེ་བ་སྟེ། ཕྱི་རོལ་ཏུ་འབྱུང་བའི་འོད་ཟེར་ཆེན་པོ་འཕྲོ་ བའི་ཕྱིར་རོ། །མཁས་པ་སྟེ། གདུལ་བྱ་རྣམས་ལ་ཇི་ལྟར་འཚམས་པའི་སྐུ་སྟོན་པས་འདུལ་བར་མཛད་པའི་ཕྱིར། སྒྱུ་འཕྲུལ་ཆེན་པོ་འཆང་བ་སྟེ། གདུལ་བྱ་དང་མཐུན་པར་གཟུགས་སྣ་ཚོགས་སུ་སྤྲུལ་པའི་རྫུ་འཕྲུལ་མངའ་བའི་ཕྱིར། སྒྱུ་འཕྲུལ་ཆེན་པོའི་སྒོ་ནས་གདུལ་བྱ་རྣམས་ཀྱི་དོན་སྒྲུབ་ པ་སྟེ། ཚུལ་དེས་སེམས་ཅན་རྣམས་སངས་རྒྱས་ཉིད་ལ་རབ་ཏུ་འཇོག་པའི་ཕྱིར། སྒྱུ་འཕྲུལ་ཆེན་པོའི་དགའ་བས་རབ་ཏུ་དགའ་བ་སྟེ། རྣམ་པ་ ཐམས་ཅན་དུ་སེམས་ཅན་གྱི་དོན་མཛད་པའི་ཆོ་འཕྲུལ་ཆེན་པོའི་དགའ་བ་ལ་མངོན་པར་དགྱེས་པའི་ཕྱིར། སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ ཅན་ཏེ། རྫུ་འཕྲུལ་རྣམ་པར་འཕྲུལ་པ་སྣ་ཚོགས་མངོན་པར་འདུ་མཛད་པའི་ཕྱིར་རོ། ། ༈ གསུམ་པ་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པའི་སྒོ་ནས་བསྟོད་པ་ནི། སྦྱིན་བདག་ཆེན་པོ་གཅོ་བོ་སྟེ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག ། བཟོད་ཆེན་འཆང་བ་བརྟན་པ་པོ། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །བསམ་གཏན་ཆེན་པོའི་ཏིང་འཛིན་གནས། །ཤེས་རབ་ཆེན་པོའི་ལུས་ འཆང་བ། །སྟོབས་པོ་ཆེ་ལ་ཐབས་ཆེ་བ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །ཞེས་པ་ལ་དང་པོར་སྦྱིན་བདག་ཆེན་པོ་དང་། དེའི་ཡང་གཙོ་བོ་ཞེས་བྱ་ སྟེ། ས་རབ་ཏུ་དགའ་བ་ལ་སྦྱིན་པའི་ཕར་ཕྱིན་ལྷག་པར་སྤྱད་པ་སོགས། སྦྱིན་པའི་ལས་ཚད་མེད་པར་རྫོགས་པའི་ཕྱིར། དེ་བཞིན་དུ་ཚུལ་ཁྲིམས་ ཆེན་པོ་འཆང་བའི་མཆོག་སྟེ། ས་གཉིས་པ་ལ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལྷག་པར་སྤྱད་པ་སོགས། ཚུལ་ཁྲིམས་འཆང་ཞིང་རྫོགས་པ་རྣམས་ཀྱི་ གཙོ་བོར་གྱུར་པའི་ཕྱིར། བཟོད་ཆེན་འཆང་བ་བརྟན་པ་པོ་སྟེ། ས་གསུམ་པ་ལ་བཟོད་པའི་ཕར་ཕྱིན་ལྷག་པར་སྤྱད་པ་སོགས། བཟོད་པ་ཆེན་པོའི་ ངོ་བོ་ཉིད་དུ་གྱུར་ནས་རྐྱེན་གྱིས་རབ་ཏུ་མི་གཡོ་བའི་ཕྱིར་རོ། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན་ཏེ། ས་བཞི་པ་ལ་བརྩོན་འགྲུས་ཀྱི་ཕར་ཕྱིན་ ལྷག་པར་སྤྱད་པ་སོགས། བརྩོན་འགྲུས་ཚད་མེད་པ་ཡོངས་སུ་རྫོགས་པའི་ཕྱིར། བསམ་གཏན་ཆེན་པོའི་ཏིང་འཛིན་ལ་གནས་པ་སྟེ། ས་ལྔ་པ་ལ་ བསམ་གཏན་གྱི་ཕར་ཕྱིན་ལྷག་པར་སྤྱད་པ་སོགས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་མཐའ་ཡས་པ་ལ་སྙོམས་པར་ཞུགས་ ཤིང་རྫོགས་པར་གནས་པའི་ཕྱིར་རོ། །ཤེས་རབ་ཆེན་པོའི་ལུས་འཆང་བ་སྟེ། ས་དྲུག་པ་ལ་ཤེས་རབ་ཀྱི་ཕར་ཕྱིན་ལྷག་པར་སྤྱད་པ་སོགས། ཇི་ལྟ་ བ་དང་ཇི་སྙེད་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཉིད་ཤེས་རབ་ཆེན་པོའི་ལུས་ཡིན་ལ། དེའི་ངོ་བོ་ཉིད་ཡོངས་སུ་རྫོགས་པའི་ ཕྱིར་དང་། རྡོ་རྗེ་སྙིང་པོ་རྒྱན་ལས། བདེ་གཤེགས་ཤེས་རབ་དྲི་མེད་ནི། །རྡོ་རྗེ་རྣོན་པོར་དེ་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ནས། སྟོབས་ པོ་ཆེ་ལ་ཐབས་ཆེ་བ། །ཞེས་འབྱུང་ཡང་། ས་དང་སྦྱར་བའི་ཆེད་དུ། གོ་རིམ་བསྡེབས་ཏེ་བཤད་པ་ལ། དང་པོར་ཐབས་ཆེ་བ་སྟེ། ས་བདུན་པ་ལ་ ཐབས་ཀྱི་ཕར་ཕྱིན་ལྷག་པར་སྤྱད་པ་སོགས། དོན་གཉིས་ཕུན་ཚོགས་སྒྲུབ་པའི་སྤྱོད་པ་ཐམས་ཅད་ལ། འཁོར་གསུམ་མི་དམིགས་པར་རྟོགས་ པའི་ཐབས་ལ་མཁས་པ་མཐར་ཕྱིན་པའི་ཕྱིར། སྨོན་ལམ་ཆེ་བ་སྟེ། ས་བརྒྱད་པ་ལ། སྨོན་ལམ་གྱི་ཕར་ཕྱིན་རྣམ་སྨིན་གྱི་ཚུལ་དུ་ལྷག་པར་སྤྱད་པ་ སོགས། འཇམ་དཔལ་གྱི་ཞིང་བཀོད་ལས་འབྱུང་བའི་སྨོན་ལམ་ལྟ་བུ། བསམ་གྱིས་མི་ཁྱབ་པ་རྣམས་ཡོངས་སུ་རྫོགས་པའི་ཕྱིར། སྟོབས་པོ་ཆེ་སྟེ། ས་དགུ་པ་ལ་སྟོབས་ཀྱི་ཕར་ཕྱིན་ལྷག་པར་སྤྱད་པ་སོགས། བྱང་སེམས་དང་། སངས་རྒྱས་ཀྱི་སྟོབས་བཅུ་ཡོངས་སུ་རྫོགས་པའི་ཕྱིར། ལ་ནི་ཚིག་ ཕྲད་དོ། །ཡེ་ཤེས་རྒྱ་མཚོ་ཞེས་བྱ་སྟེ། ས་བཅུ་པ་ལ་ཡེ་ཤེས་ཀྱི་ཕར་ཕྱིན་ལྷག་པར་སྤྱད་པ་སོགས། ཡེ་ཤེས་ཀྱི་ཚོགས་རྣམས་ཡོངས་སུ་རྫོགས་པ་ དང་། མཚན་མ་མེད་པ་དང་། ལྷུན་གྱིས་གྲུབ་པ་དང་། རྣམ་པར་མི་རྟོག་པ་དང་། སྒྲིབ་པ་མེད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱ་མཚོ་ཆེན་ པོ་དང་འདྲ་བའི་ངོ་བོར་གྱུར་པའི་ཕྱིར&