กก

༄༅། །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་རྒྱུད་དོན་རབ་ཏུ་གསལ་བར་བྱེད་པ་
ལེགས་བཤད་ནོར་བུའི་སྒྲོན་མ་ཞེས་བྱ་བ་བཞུགས་སོ། །
སྒ་རབ་འབྱམས་པ་ཀུན་དགའ་ཡེ་ཤེས་ཀྱིས་མཛད།

  བསྡོམས་ལྡེབ་ངོས་༡༡ཡོད།       ༡༽   ༢༽   ༣༽   ༤༽   ༥༽   ༦༽   ༧༽   ༨༽   ༩༽   ངོས་༡༠པ།   ༡༡༽

    ༈ ལྔ་པ་དོན་གྲུབ་ཀྱི་སྒོ་ནས་བྱ་བ་གྲུབ་པའི་ཡེ་ཤེས་ལ་བསྟོད་པ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །
    དང་པོ་ནི། སངས་རྒྱས་ཀུན་གྱི་རྟོགས་བྱ་བ། །སངས་རྒྱས་བྱང་ཆུབ་བླ་ན་མེད། །གསང་སྔགས་ལས་བྱུང་ཡི་གེ་མེད། །གསང་སྔགས་ཆེན་པོ་རིགས་
གསུམ་པ། །ཞེས་པ་ལ། སངས་རྒྱས་ཀུན་གྱི་རྟོགས་བྱ་བ་སྟེ། ཆོས་ཀྱི་སྐུའི་བདག་ཉིད་ཅན་ཡིན་པས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་
སུ་ཆུད་པར་བྱ་བ་ཡིན་པའི་ཕྱིར། སངས་རྒྱས་བྱང་ཆུབ་བླ་ན་མེད་པ་སྟེ། ཆོས་ཀྱི་སྐུ་དེ་ཉིད་སངས་རྒྱས་ཀྱི་བྱང་ཆུབ་ཡིན་ལ། དེ་ཉིད་བྱང་ཆུབ་
ཐམས་ཅད་ཀྱི་མཐར་ཐུག་པ་བླ་ན་མེད་པ་ཡིན་པའི་ཕྱིར། གསང་སྔགས་ལས་བྱུང་ཡི་གེ་མེད་པ་སྟེ། མཚན་རྟོགས་ལས་སྐྱོབ་པར་བྱེད་པས་སྟོང་པ་
ཉིད་ཀྱི་ཡེ་ཤེས་ལས་ཡང་དག་པར་བྱུང་བའི་ཕྱིར་དང་། ཡི་གེ་ལ་སོགས་པ་བརྗོད་པ་དང་། བརྗོད་བྱའི་མཚན་ཉིད་དང་བྲལ་བ་ཆོས་ཀྱི་དབྱིངས་
ཀྱི་རང་བཞིན་ཡིན་པའི་ཕྱིར། གསང་སྔགས་ལས་བྱུང་ཡི་གེ་མེད་པ་སྟེ། མཚན་རྟོག་ལས་སྐྱོབ་པར་བྱེད་པས་སྟོང་པ་ཉིད་ཀྱི་ཡེ་ཤེས་ལས་ཡང་དག་
པར་བྱུང་བའི་ཕྱིར་དང་། ཡི་གེ་ལ་སོགས་པ་བརྗོད་པ་དང་། བརྗོད་བྱའི་མཚན་ཉིད་དང་བྲལ་བ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའི་ཕྱིར། གསང་སྔགས་ཆེན་པོ་རིགས་གསུམ་པ་སྟེ། རྒྱུ་ཆེ་བ་དང་འབྲས་བུ་ཆེ་བའི་བདག་ཉིད་ཀྱི་གསང་སྔགས་དེ་ནི། སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོས། དེ་བཞིན་གཤེགས་པ་དང་། པདྨ་དང་། རྡོ་རྗེའི་རིགས་རྣམ་པ་གསུམ་དུ་གནས་པའི་ཕྱིར། དེ་ལ་རྒྱུ་ཆེ་བ་ནི། ཐམས་ཅད་དུ་ཁྱབ་པའི་ཐུགས་རྗེ་ཆེན་
པོ་དང་། སྟོང་པ་ཉིད་ཀྱི་རང་བཞིན་ལས་བྱུང་བའི་ཕྱིར་རོ། །འབྲས་བུ་ཆེ་བ་ནི། སེམས་ཅན་མ་ལུས་པའི་བསམ་པ་ཡོངས་སུ་རྫོགས་པར་མཛད་
པའི་སངས་རྒྱས་ཉིད་འབྲས་བུ་ཡིན་པའི་ཕྱིར་རོ། །
    གཉིས་པ་རྒྱས་པར་བཤད་པ་ལ་གཉིས། ལམ་གྱི་རྣམ་པར་བཞག་པ། འབྲས་བུའི་རྣམ་པར་བཞག་པའོ། །
    དང་པོ་ནི། གསང་སྔགས་དོན་ཀུན་སྐྱེད་པ་པོ། །ཐིག་ལེ་ཆེན་པོ་ཡི་གེ་མེད། །སྟོང་པ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡི་གེ་བརྒྱ། །རྣམ་པ་ཀུན་
ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཡན་ལག་མེད་པའི་རྩིས་ལས་འདས། །བསམ་གཏན་བཞི་པའི་རྩེ་མོ་ཅན། །བསམ་གཏན་ཡན་
ལག་ཀུན་ཤེས་ཤིང་། །ཏིང་འཛིན་རིག་དང་རྒྱུད་རིག་པ། །ཞེས་ཏེ། དོན་དམ་པར་ཡི་གེ་སོགས་མེད་ཀྱང་། ཐ་སྙད་དུ་གསང་སྔགས་ཀྱི་རིགས་རྣམས་
བསྐྱེད་པར་མཛད་པས། བཅོམ་ལྡན་འདས་ཉིད་རྣམ་པ་ཐམས་ཅད་དུ་ཐམས་ཅད་ཀྱི་རྒྱུ་ཉིད་དུ་བསྟན་པའི་ཕྱིར། གསང་སྔགས་དོན་ཀུན་སྐྱེད་པ་
པོ། །ཞེས་གསུངས་ཏེ། དེ་ཡང་མ་ནི་ཡེ་ཤེས། ཏྲ་ནི་སྐྱོབ་པས་ན་གསང་སྔགས་ཡིན་ལ། དེ་བདག་དང་གཞན་གྱི་རྒྱུད་ལ་རྫོགས་པར་མཛད་པའི་ཕྱིར་
དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གསང་སྔགས་ཐམས་ཅད་ཀྱི་དོན་བསྐྱེད་ཅིང་འབྱིན་པར་མཛད་པའི་ཕྱིར། ཐིག་ལེ་ཆེན་པོ་ཡི་
གེ་མེད་པ་སྟེ། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་སྐུའི་རང་བཞིན་ཡིན་པའི་ཕྱིར་དང་། དེ་ཉིད་ཡི་གེ་དང་། སྒྲ་དང་། ཐ་སྙད་ཐམས་ཅད་
དང་བྲལ་བའི་ཕྱིར། སྟོང་པ་ཆེན་པོ་སྟེ། ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་བཅུ་དྲུག་ལ་སོགས་པའི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར། དེ་
ཉིད་ཡི་གེ་ལྔ་སྟེ། ཨ་ར་པ་ཙ་ནའི་སྔགས་ཀྱི་བདག་ཉིད་ཅན་དུ་གྱུར་པའི་ཕྱིར། གལ་ཏེ་དེ་ལྟར་ན། ཡི་གེ་མེད་པ་དང་། ཡི་གེ་ལྔའི་བདག་ཉིད་དུ་
གྱུར་པས་འགལ་ལོ་སྙམ་ན། མ་ཡིན་ཏེ། ཡི་གེ་ལྔའི་གསང་སྔགས་ཉིད་སྟོང་ཆེན་ཡི་གེ་མེད་པའི་དོན་ཡིན་པའི་ཕྱིར་རོ། །དེ་ཡང་ཡི་གེ་ཨ་ནི་ཆོས་
ཐམས་ཅད་སྐྱེ་བ་མེད་པའོ། །ཡི་གེ་ར་ནི་སྐྱེ་བ་མེད་པས་འདོད་ཆགས་ལ་སོགས་པའི་རྡུལ་དང་བྲལ་བའོ། །ཡི་གེ་པ་ནི་དོན་དམ་པ་ཉིད་ཡིན་པའི་
ཕྱིར་རོ། །ཡི་གེ་ཙ་ནི་འཕེལ་བ་དང་། འགྲིབ་པ་དང་བྲལ་བའོ། །དེས་ན་ཡི་གེ་ན་ནི་ཆོས་ཐམས་ཅད་དངོས་པོ་མེད་པའོ། །ཞེས་གསུངས་པ་ལྟར་རོ། །
ཐིག་ལེ་སྟོང་པ་ཡི་གེ་བརྒྱ་ཞེས་བྱ་སྟེ། ཐིག་ལེ་ཉིད་སྟོང་པ་ཡིན་པའི་ཚུལ་བཤད་ཟིན་པའི་ཕྱིར་དང་། སྟོང་པ་དེའི་ངོ་བོ་ཉིད་ཀྱི་ཡི་གེ་བརྒྱ་པའི་
གསང་སྔགས་ཀྱི་ཚུལ་གྱིས་ཕྱག་རྒྱ་ཐམས་ཅད་བརྟན་པར་བྱེད་ཅིང་། དམ་ཚིག་ཉམས་པ་ལས་བསླང་བ་དང་། བདག་སྲུང་བ་ལ་སོགས་པའི་བྱ་བ་
ཐམས་ཅད་རྫོགས་པར་བྱེད་པའི་ཕྱིར། དེ་ལ་ཡི་གེ་བརྒྱ་པའི་གསང་སྔགས་ནི། ཨོཾ་བཛྲ་ཏིཥྛ་ས་མ་ཡ། མ་ནུ་པ་ལ་ཡ། བཛྲ་ཏིཥྛ་ཏྭེ་ནོ་པ་ཏིཥྛ། ཌི་
ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། ཤ་ཤྭ་ཏྭ་མེ་བྷ་ཝ། ཨ་ནུ་རག་ཏོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཧྲི་ད་ཡ་མེ་ཨ་ངྷི་ཏིཥྛ། སརྦ་སིངྔྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་
ཙ་མེ། ཙིཏྟཾ་ཤྲཱི་ཡྃ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝན་མ་མེ་མུཉྩ། ཏྲིཎྜི་བྷ་བ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ཞེས་པའོ། །
    སྔགས་དོན་ལས། ཐིག་ལེ་སྟོང་པ་ཡི་གེ་དྲུག །ཅེས་བཏོན་ནས། ཨོཾ་ཝ་ཀི་ཤྭ་རི་མུཾཿ ཞེས་པའི་ཡི་གེ་དྲུག་གི་བདག་ཉིད་ཀྱི་ཕྱིར་རོ། །ཞེས་སོ། །རྣམ་
པ་ཀུན་ལྡན་རྣམ་པ་མེད་པ་སྟེ། དེ་ལྟར་མཚན་དཔེས་བརྒྱན་པའི་སྐུ་ལ་སོགས་པ་རྣམ་པ་སྣ་ཚོགས་སུ་སྣང་བའི་ཤེས་པ་བསྐྱེད་པའི་ཕྱིར་དང་།
ཆོས་ཀྱི་སྐུའི་ངོ་བོ་ཉིད་ཀྱི་ཕྱིར། དེ་དག་མི་འགལ་བའི་ཚུལ་ནི་བཤད་ཟིན་ཏོ། །དེ་ཉིད་གསང་སྔགས་ཀྱི་སྐུའི་སྦྱོར་བས་ཀྱང་བཞུགས་སོ་ཞེས་བསྟན་
པ་ནི། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན་ཏེ། ཆ་བཅུ་དྲུག་གི་ཕྱེད་དང་། དེའི་ཕྱེད་ཀྱི་ཟླ་བ་ལ་ཐིག་ལེའི་རྣམ་པ་འཆང་བར་མཛད་པའི་ཕྱིར་རོ། །
དོན་ནི་ཟླ་བ་ཕྱེད་པའི་སྟེང་དུ་ཐིག་ལེ་ཕྱེད་པའི་སྒྲའི་ཚུལ་གྱིས་སྔགས་ཐམས་ཅད་ལ་དབང་སྒྱུར་བར་མཛད། ཅེས་པའོ། །ཡན་ལག་མེད་པའི་རྩིས་
ལས་འདས་པ་སྟེ། གྲངས་ཀྱི་མཐར་བགྲང་བའི་ཡན་ལག་གམ་ཆ་མེད་པའི་ཕྱིར་དང་། དེ་ཉིད་ཀྱིས་ན་འདི་ནི་འདི་དག་ཙམ་མོ། །ཞེས་བརྩི་བ་དང་། ངེས་པར་བརྟག་པ་མེད་པའི་ཕྱིར་རོ། །བསམ་གཏན་བཞི་པའི་རྩེ་མོ་ཅན་ཏེ། བསམ་གཏན་བཞི་པའི་རབ་ཀྱི་མཐའ། རྟོག་པ་གཞན་ཐམས་ཅད་
དང་བྲལ་བའི་ངོ་བོ་ཉིད་འཛིན་ཅིང་གནས་པའི་ཕྱིར། སྔགས་དོན་ལས། བཅུ་དྲུག་ཕྱེད་ཕྱེད་སོགས་ཚིག་རྐང་གསུམ་གྱི་དོན་ནི། བླ་མའི་ལུང་གིས་
མི་བཤད་དེ། དེ་ཡང་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པ་ལ། སློབ་མ་རྣམས་དུས་རིང་པོར་བསྙེན་པ་དང་། བསམ་པའི་ཁྱད་པར་ལས་མན་ངག་སྙན་
ཁུང་དུ་བརྒྱུད་པ་རབ་ཏུ་བསྟན་པར་བྱའོ། །ཞེས་བླ་མས་གསུངས་པའི་ཕྱིར་རོ། །ཞེས་རྒྱུ་མཚན་དང་བཅས་པས་མ་བཤད་དོ། །བསམ་གཏན་ཡན་
ལག་ཀུན་ཤེས་པ་སྟེ། དེ་ལྟར་རྟོག་པ་ཐམས་ཅད་ལས་འདས་ཀྱང་བསམ་གཏན་ལ་མངའ་བརྙེས་པས་གདུལ་བྱ་རྣམས་ལ་བསམ་གཏན་གྱི་ཡན་
ལག་གི་རྣམ་པར་དབྱེ་བ་རབ་ཏུ་སྟོན་ཅིང་བསྐྱེད་པར་མཛད་པའི་ཕྱིར། དེར་མ་ཟད། ཏིང་ངེ་འཛིན་ཐམས་ཅད་ཀྱི་བྱེ་བྲག་ལ་ཤིན་ཏུ་མཁས་པར་
བསྟན་པ་ནི། ཏིང་འཛིན་རིག་དང་རྒྱུད་རིག་པ་སྟེ། དཔའ་བར་འགྲོ་བ་དང་། རིན་ཆེན་ཕྱག་རྒྱ་ལ་སོགས་པའི་ཏིང་ངེ་འཛིན་རྣམས་ཀྱིས་རིགས་
སམ། རྩ་བའི་རྒྱུད་དམ། དེ་དག་ལ་མཆོག་ཏུ་འབྲེལ་བའི་ངོ་བོ་ཉིད་ནི་རྒྱུད་དེ། དེ་རྣམས་ཇི་ལྟ་བ་བཞིན་དུ་མཁྱེན་པའི་ཕྱིར།
    ༈ གཉིས་པ་འབྲས་བུའི་རྣམ་པར་བཞག་པ་ལ་གཉིས། སྐུའི་རྣམ་པ་དང་། མཛད་པ་ཡོན་ཏན་དང་བཅས་པའོ། །
    དང་པོ་ནི། ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །སངས་རྒྱས་སྤྲུལ་པའི་རྒྱུད་
འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཇི་བཞིན་འགྲོ་བའི་དོན་བྱེད་པ། །ལྷ་དང་ལྷ་དབང་ལྷ་ཡི་ལྷ། །ལྷ་ཡི་དབང་པོ་ལྷ་མིན་བདག །
འཆི་མེད་དབང་པོ་ལྷ་ཡི་བླ། །འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་པོ། །སྲིད་པའི་དགོན་པ་ལས་བརྒལ་བ། །སྟོན་པ་གཅིག་པུ་འགྲོ་བའི་བླ། །
འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ། །ཆོས་ཀྱི་སྦྱིན་བདག་ཆེན་པོ་པ། །བྱམས་པའི་གོ་ཆ་ཆས་པ་སྟེ། །སྙིང་རྗེ་ཡི་ནི་ཡ་ལད་བགོས། །ཤེས་རབ་
རལ་གྲི་མདའ་གཞུ་ཐོགས། །ཞེས་པ་ལ། ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག་སྟེ། ཏིང་ངེ་འཛིན་གྱི་རང་བཞིན་ངོ་བོ་ཉིད་ཀྱི་སྐུ། ཡིད་ཀྱི་ལུས་ཅན་
ཐམས་ཅད་དུ་ཐོགས་པར་མེད་པར་འཇུག་པའི་ལུས་ཀྱི་མཆོག་གམ་གཙོ་བོ་ཡིན་པའི་ཕྱིར། ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ་ཏེ། སངས་རྒྱས་ཀྱི་
མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུ་མཛེས་པའི་ཕྱིར། སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག་སྟེ། སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུའི་སྒོ་ནས་ཀྱང་རྣམ་
པ་ཐམས་ཅད་དུ། གཞན་ཐམས་ཅད་ལས་ཕུལ་དུ་བྱུང་བ་ཉིད་ཀྱི་ཕྱིར། སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་གདུང་རྒྱུན་མི་གཅོད་པའི་ཕྱིར་དུ་སྤྲུལ་པ་དེ་ཉིད་རྒྱུན་ཆགས་པ་འཆང་བའི་ཕྱིར། ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད་པ་སྟེ། ཕུལ་དུ་བྱུང་
བའི་ཁྱད་པར་དེ་དང་ལྡན་པས་ཕྱོགས་ཐམས་ཅད་དུ་སྤྲུལ་པ་རྣམ་པ་སྣ་ཚོགས་པ་སྤྲོ་བའི་ཕྱིར། ཇི་བཞིན་འགྲོ་བའི་དོན་བྱེད་པ་སྟེ། སྐལ་བ་ཇི་ལྟ་
བ་བཞིན་དུ་དམ་པའི་ཆོས་སྟོན་པའི་ཕྱིར། དེའི་ཚུལ་ཡང་། ལྷ་དང་ལྷ་དབང་ལྷ་ཡི་ལྷ་སྟེ། སྐབས་ལ་ལར་ནི་ལྷའི་རྣམ་པ་སྤྱི་དང་། ལ་ལར་ནི་ལྷའི་
དབང་པོ་བརྒྱ་བྱིན་དང་། ལ་ལར་ནི་ལྷའི་ལྷ་ཚངས་པ་དང་། དེ་བཞིན་དུ། ལྷ་ཡི་བདག་པོ་ལྷ་མིན་བདག །འཆི་མེད་དབང་པོ་ལྷ་ཡི་བླ། །འཇོམས་
བྱེད་འཇོམས་བྱེད་དབང་ཕྱུག་པོ། །ཞེས་ཏེ། ལ་ལར་ནི་ལྷ་ཡི་བདག་པོ་དང་། ལ་ལར་ནི་ལྷ་མིན་བདག་པོ་ཐག་ཟངས་རིས་དང་། ལ་ལར་ནི་འཆི་
མེད་དབང་པོ་སྟེ། འཐབ་བྲལ་ལ་སོགས་པའི་ལྷ་རྣམས་ཀྱི་རྒྱལ་པོ་དང་། གཞན་ཡང་ལྷའི་བླ་མ་སྟེ་ཕུར་བུ་དང་། འཇོམས་བྱེད་དེ་དྲག་པོའི་འཁོར་
རྣམས་དང་། འཇོམས་བྱེད་དབང་ཕྱུག་སྟེ། དྲག་པོ་ཉིད་ལ་སོགས་པ་སྤྲུལ་པ་སྣ་ཚོགས་པས། འགྲོ་བའི་དོན་མཛད་པའི་ཕྱིར། དེ་ཡང་ཆོས་ཡང་དག་
པར་སྡུད་པའི་མདོ་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲུལ་པ་ནི། རྣམ་པ་བཅུར་ཤེས་པར་བྱ་སྟེ། འདི་ལྟ་སྟེ། འཁོར་ལོས་སྒྱུར་བར་
སྤྲུལ་པ་དང་། བརྒྱ་བྱིན་དང་། ཚངས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་དང་། སངས་རྒྱས་
ཀྱི་ཞིང་དང་། བྱང་ཆུབ་ཀྱི་སྙིང་པོ་དང་། འཁོར་ལོ་ཆེན་པོར་འཕྲུལ་པ་སྟེ། བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་
ཀྱི་འཕྲུལ་པ་ཆེན་པོར་ཁོང་དུ་ཆུད་པར་བྱ་སྟེ། འདི་དག་ཐམས་ཅད་ནི་གཞན་གྱི་བསམ་པ་ལས་གྱུར་པར་བལྟའོ། །ཞེས་པ་ལྟར་རོ། །སྲིད་པའི་
དགོན་པ་ལས་བརྒལ་བ་སྟེ། དེ་ལྟར་གཟུགས་སྣ་ཚོགས་ཀྱིས་གཞན་དོན་མཛད་ཀྱང་། འཁོར་བའི་བག་ཆགས་ཀྱི་ཉེས་པ་མི་མངའ་བས། འཁོར་བ་
ཉེས་པ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་ལས་བརྒལ་བའི་ཕྱིར། སྟོན་པ་གཅིག་པུ་འགྲོ་བའི་བླ་མ་སྟེ། རྫུ་འཕྲུལ་དང་ཆོ་འཕྲུལ་ལ་སོགས་པས་
འདུན་པར་མཛད་ནས། ཐེག་པ་ཆེན་པོ་འགྲོ་བ་རྣམས་ལ་རྗེས་སུ་སྟོན་པར་མཛད་པའི་ཕྱིར་དང་། འགྲན་པའི་ཟླ་གཉིས་པ་མེད་པའི་ཕྱིར་རོ། །
འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ་སྟེ། ཕྱོགས་བཅུའི་འཇིག་རྟེན་རྣམས་ན་སྦྱིན་བདག་ཆེན་པོའི་མཆོག་ཏུ་ཡེ་ཤེས་དང་ལྡན་པ་རྣམས་ཀྱིས་
མཁྱེན་པའི་ཚུལ་གྱིས་རབ་ཏུ་གྲགས་པའི་ཕྱིར་དང་། དེ་ཡང་སྦྱིན་པ་རྣམས་ཀྱི་ནང་ནས་ཆོས་ཀྱི་སྦྱིན་པ་ནི་ཕུལ་དུ་བྱུང་ཞིང་། ཆོས་ཀྱི་སྦྱིན་བདག་
ཆེ་བ་པོ་ཡིན་པའི་ཕྱིར། བྱམས་པའི་གོ་ཆས་ཆས་པ་སྟེ། ཉོན་མོངས་པ་དང་། མི་ཤེས་པ་དང་། བདུད་ཀྱི་དགྲ་རྣམས་ལས་རྒྱལ་བའི་ཕྱིར་དུ། སེམས་
ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར། བྱམས་པའི་གོ་ཆ་དང་། མི་མཐུན་པའི་ཕྱོགས་ཀྱིས་འབིགས་པར་དཀའ་བའི་ཐུགས་རྗེ་ཆེན་པོའི་ཡ་ལད་
བགོས་པའི་ཕྱིར། ཤེས་རབ་རལ་གྲི་མདའ་གཞུ་ཐོགས་པ་སྟེ། ཕྱི་རོལ་གྱི་མཚོན་ཆའི་བྱེ་བྲག་དག་གིས་ནི་ཉོན་མོངས་པ་དང་། མི་ཤེས་པ་ལས་རྒྱལ་
བར་གྱུར་པ་མི་སྲིད་པས། ཕུལ་དུ་བྱུང་བའི་མཚོན་ཆ་དང་ལྡན་པའི་ཕྱིར། ཞེས་སྤྱི་ཙམ་དུ་བསྟན་པ་དང་། སྔགས་དོན་ལས། ཤེས་རབ་ནི། ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏིའོ། །རལ་གྲི་ནི་ཡེ་ཤེས་ཀྱི་རལ་གྲིའོ། །མདའ་ནི་སེམས་ཕྲ་མོས་འབིགས་པའི་བདག་ཉིད་དོ། །གཞུ་ནི་རྡོ་རྗེའི་གཞུའོ། །
ཞེས་སོ། །
    གཉིས་པ་མཛད་པ་ཡོན་ཏན་དང་བཅས་པ་ལ་མཛད་པ་དངོས་ནི། ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །དཔའ་བོ་བདུད་དགྲ་བདུད་ཐུལ་བ། །
བདུད་བཞིའི་འཇིགས་པ་སེལ་བར་བྱེད། །བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ། །རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། །མཆོད་འོས་བསྟོད་
འོས་ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་རྗེད་པར་བྱ་བའི་མཆོག །ཕྱག་བྱར་འོས་པ་བླ་མའི་རབ། །འཇིག་རྟེན་གསུམ་པོ་གོམ་
གཅིག་བགྲོད། །མཁའ་ལྟར་མཐའ་མེད་རྣམ་པར་གནོན། །ཞེས་པ་ལ། ཉོན་མོངས་མི་ཤེས་གཡུལ་ངོ་སེལ་བ་སྟེ། ཉོན་མོངས་པའི་དཔུང་ཚོགས་དུ་
མས་བསྐོར་བའི་མི་ཤེས་པའི་རྒྱལ་པོས་སེམས་ཅན་རྣམས་འཇོམས་པའི་གཡུལ་ངོ་རྣམ་པ་ཐམས་ཅད་དུ་འཇོམས་པར་མཛད་པའི་ཕྱིར། དཔའ་བོ་
བདུད་དགྲ་བདུད་ཐུལ་བ་སྟེ། ལྷའི་བུ་ལ་སོགས་པ་བདུད་རྣམས་ཀྱི་དགྲ་ཡིན་ཅིང་། བདུད་དེ་དག་ལས་རྒྱལ་བར་མཛད་པའི་ཕྱིར་དང་། དེ་ལྟ་ཕྱི་
ནང་གི་དགྲ་བོ་ངེས་པར་བཟློག་པའི་སྟོབས་དང་ལྡན་པས་དཔའ་བོ་ཡིན་པའི་ཕྱིར། སྔགས་དོན་ལས། བདུད་བཞིའི་དགྲ་བོ་དེ་ཉིད་འདུལ་བ་སྟེ། རྡོ་རྗེ་གདན་ལ་བཞུགས་ནས་མི་མཐུན་པའི་ཕྱོགས་རྣམས་འཇོམས་པའི་ཕྱིར། ཞེས་སོ། །བདུད་བཞིའི་འཇིགས་པ་སེལ་བར་བྱེད་པ་སྟེ། ཕུང་པོ་
དང་། ཉོན་མོངས་པ་དང་། འཆི་བདག་དང་། ལྷའི་བུའི་བདུད་རྣམས་ཀྱི་འཇིགས་པ་མཐའ་དག་མཐར་འབྱིན་པར་མཛད་པའི་ཕྱིར། བདུད་ཀྱི་
དཔུང་རྣམས་ཕམ་བྱེད་པ་སྟེ། བྱམས་པ་དང་། སྙིང་རྗེ་དང་། ཤེས་རབ་རྣམས་ཀྱིས། ཉོན་མོངས་པ་དང་། མི་ཤེས་པ་དང་། བདུད་ཀྱི་སྡེ་རྣམས་
ཐམས་ཅད་འཇོམས་པར་མཛད་པའི་ཕྱིར། རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན་པ་སྟེ། མངོན་པར་རྫོགས་པར་སངས་རྒྱས་ནས། འཇིག་རྟེན་
ཐམས་ཅད་ཀྱི་འདྲེན་པ་དམ་པར་གྱུར་པའི་ཕྱིར། དེའི་ཕྱིར་རྗེ་བཙུན་འཇམ་དཔལ་དེ་ཉིད་ནི། མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་
མོར་བྱ་བའི་འོས། །བཀུར་འོས་རྗེད་པར་བྱ་བའི་འོས། །ཕྱག་བྱར་འོས་པ་བླ་མའི་རབ། །ཅེས་རྣམ་གྲངས་ཀྱི་སྒོ་ནས་མཚན་སྨོས་པ་སྟེ། ཕུལ་དུ་བྱུང་
བའི་ཡོན་ཏན་གྱིས་ཐམས་ཅད་ལས་ཁྱད་པར་དུ་འཕགས་ཤིང་། བླ་ན་མེད་པ་ཉིད་ཡིན་པའི་ཕྱིར། དེས་ན་འཇིག་རྟེན་གསུམ་པོ་གོམ་གཅིག་
བགྲོད་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཇིག་རྟེན་གསུམ་པོ་ཐམས་ཅད་དུ་ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས་གཅིག་ཆར་གོམ་པ་གཅིག་
གིས་བགྲོད་པའི་ཕྱིར། མཁའ་ལྟར་མཐའ་མེད་རྣམ་པར་གནོན་པ་སྟེ། ནམ་མཁའ་ལ་མཐའ་མེད་པ་ལྟར། སེམས་ཅན་གྱི་དོན་དུ་འཇིག་རྟེན་མཐའ་
མེད་པར་རྣམ་པར་གནོན་པར་མཛད་པའི་ཕྱིར། དེའི་ཡོན་ཏན་ནི། གསུམ་རིག་གཙང་མ་དག་པ་སྟེ། །མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེ། །རྫུ་འཕྲུལ་ཆེན་པོ་འཇིག་རྟེན་འདས། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །ཤེས་རབ་ཀྱི་ནི་དེ་ཉིད་ཐོབ། །
བདག་རིག་གཞན་རིག་ཐམས་ཅད་པ། །ཀུན་ལ་ཕན་པའི་གང་ཟག་མཆོག །དཔེར་བྱ་ཀུན་ལས་འདས་པ་སྟེ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །
ཅེས་པ་ལ་གསུམ་རིག་སྟེ། སྔོན་གྱི་མཐའ་རིག་པ་དང་། ཕྱི་མའི་མཐའ་རིག་པ་དང་། ཟག་པ་ཟད་པ་རིག་པ་མཐར་ཐུག་པ་དང་ལྡན་པའི་ཕྱིར། གཙང་མ་སྟེ། ཉོན་མོངས་པའི་བག་ཆགས་ཀྱི་མི་གཙང་བ་ཐམས་ཅད་བདག་མེད་པའི་ཆུ་ཚོགས་ཀྱིས་བཀྲུས་པའི་ཕྱིར། དག་པ་སྟེ། དེ་ཉིད་ཀྱིས་ན་
ཉེས་པ་ཐམས་ཅད་དང་བྲལ་བའི་ངོ་བོ་ཉིད་ཀྱི་ཕྱིར། མངོན་ཤེས་དྲུག་དང་ལྡན་པ་སྟེ། ལྷའི་མིག་དང་། ལྷའི་རྣ་བ་དང་། ཕ་རོལ་གྱི་སེམས་ཤེས་པ་
དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། རྫུ་འཕྲུལ་གྱི་བྱ་བ་ཤེས་པ་དང་། ཟག་པ་ཟད་པའི་མངོན་པར་ཤེས་པ་རྣམས་དང་། རྟག་ཏུ་མི་འབྲལ་
བའི་ཕྱིར། རྗེས་དྲན་དྲུག་དང་ལྡན་པ་སྟེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ཚུལ་ཁྲིམས་དང་། གཏོང་བ་དང་། ལྷ་རྗེས་སུ་དྲན་པ་
རྣམས་དང་རྟག་ཏུ་ལྡན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྟེ། རང་གི་དོན་ཕུན་སུམ་ཚོགས་པ་ལ་སེམས་པའི་བློ་དང་ལྡན་པའི་ཕྱིར། སེམས་དཔའ་
ཆེན་པོ་སྟེ། གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་སེམས་པའི་བློ་དང་ལྡན་པའི་ཕྱིར། རྫུ་འཕྲུལ་ཆེན་པོ་ཅན་ཏེ། རྣམ་པ་ཐམས་ཅད་དུ་ཡུལ་ཆེ་བའི་
རྫུ་འཕྲུལ་བརྙེས་པའི་ཕྱིར། འཇིག་རྟེན་ལས་འདས་པ་སྟེ། ཟག་པ་མེད་པའི་ཡེ་ཤེས་ཐུགས་སུ་ཆུད་པས་འཁོར་བའི་ཆུ་བོ་ལས་བརྒལ་བའི་ཕྱིར། ཤེས་རབ་ཕ་རོལ་ཕྱིན་པའི་མཐའ་སྟེ། ཆོས་རབ་ཏུ་རྣམ་འབྱེད་མཐར་ཕྱིན་པ་དང་ལྡན་པའི་ཆོས་ཀྱི་སྐུ་བརྙེས་པའི་ཕྱིར། ཤེས་རབ་ཀྱི་ནི་དེ་ཉིད་
ཐོབ་པ་སྟེ། ཤེས་རབ་ཀྱི་དེ་ཁོ་ན་ཉིད་གཉིས་མེད་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་ཕྱིར། བདག་རིག་པ་སྟེ། སོ་སོ་རང་གི་རིག་པ་མཐར་ཐུག་པ་ཉིད་
ཡིན་པའི་ཕྱིར། གཞན་རིག་པ་སྟེ། སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་རིག་པའི་ཕྱིར་དང་། དེ་རྣམས་ལ་རང་རིག་ཡེ་ཤེས་ཁོང་དུ་ཆུད་པར་མཛད་
པའི་ཕྱིར། ཐམས་ཅད་པ་སྟེ། རྒྱུ་བ་དང་། མི་རྒྱུ་བའི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཆོས་ཀྱི་དབྱིངས་སུ་བྱེ་བྲག་མེད་པའི་ཕྱིར། ཀུན་ལ་ཕན་
པའི་གང་ཟག་མཆོག་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་རྫོགས་པར་མཛད་ཅིང་། ཐམས་ཅད་ཀྱི་གཙོ་བོར་གྱུར་པའི་ཕྱིར་སྐྱེས་བུ་
ཡིན་པའི་ཕྱིར། དཔེར་བྱ་ཀུན་ལས་འདས་པ་སྟེ། གང་དང་ཡང་མཉམ་པ་མེད་པས་མཚོན་པར་ནུས་པའི་དཔེ་དང་བྲལ་བའི་ཕྱིར། ཤེས་དང་ཤེས་
བྱའི་བདག་པོ་མཆོག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ངོ་བོར་གྱུར་པས་ཤེས་པ་དང་། མཐོ་རིས་དང་། ཐར་པ་ཐམས་ཅད་ཀྱི་
རྒྱུར་གྱུར་པས་ཤེས་བྱ་དང་། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་མ་ལུས་པ་ལ་དབང་སྒྱུར་ཞིང་ཐམས་ཅད་ལས་ཕུལ་དུ་བྱུང་བའི་ཕྱིར་རོ། །
    ༈ གསུམ་པ་དོན་བསྡུ་བ་ནི། གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། །ཕྱག་རྒྱ་བཞི་པོའི་དོན་སྟོན་པ། །འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག །ངེས་
འབྱུང་གསུམ་པོ་བགྲོད་རྣམས་ཀྱི། །དོན་གྱི་དམ་པ་རྣམ་དག་དཔལ། །འཇིག་རྟེན་གསུམ་ན་སྐལ་བཟང་ཆེ། །དཔལ་ལྡན་འབྱོར་པ་ཀུན་བྱེད་པ། །
འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཅེས་པ་ལ། གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། ཆོས་ཀྱི་སྦྱིན་པ་ནི་སྦྱིན་པ་ཐམས་ཅད་ཀྱི་གཙོ་བོ་ཡིན་ལ། དེ་ཉིད་སྐལ་བ་ཇི་ལྟ་བ་བཞིན་སྩོལ་བས་སྦྱིན་བདག་རྣམས་ཀྱི་མཆོག་ཏུ་གྱུར་པའི་ཕྱིར། ཕྱག་རྒྱ་བཞི་པོའི་དོན་སྟོན་པ་སྟེ། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་དོན་སྟོན་པར་མཛད་པའི་ཕྱིར། དེ་ལ་ཕྱག་རྒྱ་ཆེན་པོ་ནི་ལྷ་དང་རྗེས་
སུ་མཐུན་པར་བྱེད་པ་ཡིན་པས། ལོངས་སྤྱོད་རྫོགས་པའི་སྐུའོ། །དམ་ཚིག་གི་ཕྱག་རྒྱ་ནི་ཐུགས་ཀྱི་ངོ་བོ་ཉིད་ཡིན་པས་སོ་སོ་རང་གི་རིག་པ་ཆོས་
ཀྱི་སྐུའོ། །ཆོས་ཀྱི་ཕྱག་རྒྱ་ནི། ཆོས་ཀྱི་ལོངས་སྤྱོད་ཀྱི་བྱིན་རླབས་ལས་ཆོས་ཉིད་ཀྱི་དེ་ཁོ་ན་ཉིད་སྟོན་པའི་གསང་སྔགས་ཀྱི་ཡི་གེའི་བདག་ཉིད་ཅན་
སྣ་ཚོགས་པའོ། །ལས་ཀྱི་ཕྱག་རྒྱ་ནི། བྱ་བ་སྒྲུབ་པའི་ངོ་བོ་ཉིད་དུ་གྱུར་པས་སྤྲུལ་པའི་མཛད་པ་སྣ་ཚོགས་པ་རྫོགས་པར་བྱེད་པ་སྤྲུལ་པའི་སྐུའོ། །
འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག་སྟེ། ཉེས་པ་ཐམས་ཅད་ལས་འདས་ཤིང་། ཡོན་ཏན་ཐམས་ཅད་ཀྱི་རང་བཞིན་ཅན་ཡིན་ལ། ཐར་པ་
ཐམས་ཅད་དང་། ཕུན་སུམ་ཚོགས་པ་ཐམས་ཅད་བསྐྱེད་པར་མཛད་པའི་ཕྱིར། འགྲོ་བ་ཇི་ལྟ་བུའི་བསྙེན་བཀུར་གྱི་གནས་ཡིན་སྙམ་ན། ངེས་འབྱུང་
གསུམ་པོ་བགྲོད་རྣམས་ཀྱི་ཞེས་ཏེ། ཐེག་པ་གསུམ་གྱི་ངེས་པར་འབྱུང་བ་ལས་མ་གཏོགས་པའི་ལམ་གཞན་དག་གི་ངེས་པར་འབྱུང་བ་མི་སྲིད་པས། ལམ་གསུམ་པོ་དེ་བགྲོད་པ་རྣམས་ཀྱིས་བསྙེན་ཅིང་བཀུར་བའི་གནས་ཀྱི་མཆོག་ཡིན་པའི་ཕྱིར། དེ་ལྟ་བུའི་རྗེ་བཙུན་འཇམ་དཔལ་དེ་ཉིད་ནི་
དཔལ་དང་ལྡན་པའི་མཆོག་སྟེ། དོན་གྱི་དམ་པ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་དཔལ་དང་ལྡན་པའི་ཕྱིར་དང་། འཇིག་རྟེན་གསུམ་ན་སྐལ་
བཟང་ཆེ་བ་སྟེ། ཐམས་ཅད་ཀྱི་མངོན་པར་འདོད་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཡང་དག་པར་རྫོགས་པར་མཛད་པའི་ཕྱིར། དེ་ཉིད་ཀྱིས་ན། དཔལ་ལྡན་འབྱོར་པ་ཀུན་བྱེད་པ་སྟེ། ལེགས་པ་ཐམས་ཅད་སྒྲུབ་པར་བྱེད་པའི་ཕྱིར། དེ་ལྟར་ན་ཚུལ་དེ་དག་གིས་ནི། འཇམ་དཔལ་དཔལ་དང་
ལྡན་པའི་མཆོག་ཅེས་མཚན་བསྡུས་པའི་དོན་ལེགས་པར་གྲུབ་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གྱུར་
པའང་དེ་ཉིད་ཡིན་ནོ་ཞེས་ངེས་པར་བཟུང་བ་ཡིན་ནོ། །
กก

  བསྡོམས་ལྡེབ་ངོས་༡༡ཡོད།       ༡༽   ༢༽   ༣༽   ༤༽   ༥༽   ༦༽   ༧༽   ༨༽   ༩༽   ངོས་༡༠པ།   ༡༡༽