กก

༄༅། །བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པའི་མན་ངག་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །
སྒ་རབ་འབྱམས་པ་ཀུན་དགའ་ཡེ་ཤེས་ཀྱིས་མཛད།

  བསྡོམས་ལྡེབ་ངོས་༡༠ཡོད།    ༡༽   ༢༽  ༣༽   ༤༽   ༥༽   ༦༽   ༧༽   ༨༽   ངོས་པ།   ༡༠༽

      བཞི་པ་ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ་ནི། མན་ངག་སྙིང་པོ་མདོར་བསྡུས་པ། །སྟོབས་ལྔ་དག་དང་སྦྱར་བར་བྱ། །ཞེས་ཏེ། དང་
འཕེན་པའི་སྟོབས་ནི། ད་ནས་བཟུང་སྟེ་ཟླ་བ་འདི་དང་། ལོ་འདི་དང་། མ་ཤིའི་བར་དང་། སངས་མ་རྒྱས་ཀྱི་བར་དུ། བྱང་ཆུབ་ཀྱི་སེམས་གཉིས་
དང་མི་འབྲལ་བར་བྱའོ། །ཞེས་བློའི་འཕེན་པ་དྲག་པོ་ཡང་དང་ཡང་དུ་བྱེད་པའོ། །གོམས་པའི་སྟོབས་ནི་སྤྲོ་ཤུགས་ཆེན་པོའི་སྒོ་ནས་སྒོ་གསུམ་ཤ་
ཐང་ཆོད་པའི་གུས་སྦྱོར་དང་། ཉམས་ལེན་ཆུ་བོའི་རྒྱུན་ལྟར་སྒྲུབ་པའི་རྟག་སྦྱོར་གཉིས་ཀྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བའོ། །དཀར་
པོའི་ས་བོན་གྱི་སྟོབས་ནི། བྱང་ཆུབ་ཀྱི་སེམས་གཉིས་སྐྱེ་བ་དང་། འཕེལ་བའི་དོན་དུ་དམིགས་ནས། བླ་མ་དང་དཀོན་མཆོག་མཆོད་པ་སོགས་ཅི་
ནུས་པའི་དགེ་རྩ་སྒྲུབ་པའོ། །སུན་འབྱིན་པའི་སྟོབས་ནི་བདག་གཅེས་འཛིན་གྱི་ཉེས་དམིགས་སྔར་བཤད་པ་རྣམས་དང་། གཞན་ཡང་། སྤྱོད་
འཇུག་ལས། གལ་ཏེ་ལྷ་དང་ལྷ་མིན་རྣམས། །ཐམས་ཅད་བདག་ལ་དགྲར་ལངས་ཀྱང་། །དེ་དག་གིས་བདག་མནར་མེད་པའི། །མེ་ནང་ཁྲིད་
ཅིང་འཇུག་མི་ནུས། །ཉོན་མོངས་སྟོབས་ཅན་དགྲ་འདིས་ནི། །གང་དང་ཕྲད་ན་རི་རབ་ཀྱང་། །ཐལ་བ་ཡང་ནི་མི་ལུས་པ། །དེར་བདག་སྐད་ཅིག་
གཅིག་ལ་འདོར། །ཞེས་བདག་འཛིན་སོགས་ཉོན་མོངས་པའི་དགྲ་རྣམས་གནོད་ཚབས་ཆེ་ཚུལ་དང་། ཡང་དེ་ཉིད་ལས། བདག་གི་ཉོན་མོངས་
དགྲ་བོ་གང་། །དུས་རིང་ཐོག་མ་མེད་པ་ལྟར། །དགྲ་གཞན་ཀུན་ཀྱང་དེ་ལྟར་བུར། །ཡུན་རིང་ཐུབ་པ་མ་ཡིན་ནོ། །ཞེས་གནོད་ཡུན་རིང་ཚུལ་
གསུངས་པ་སོགས་དྲན་པའི་སྒོ་ནས། བདག་འཛིན་སོགས་ཀྱི་ཉེས་དམིགས་ཡང་དང་ཡང་དུ་སེམས་པའོ། །སྨོན་ལམ་གྱི་སྟོབས་ནི། དགེ་སྦྱོར་
ཐམས་ཅད་ཀྱི་གཤམ་དུ། སྤྱིར་འཁོར་གསུམ་རྣམ་དག་གི་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་འདེབས་པ་དང་། ཁྱད་པར་དུ་ཚེ་རབས་ཐམས་ཅད་
དུ་བསམ་པ་བྱང་ཆུབ་ཀྱི་སེམས་གཉིས་དང་མི་འབྲལ་བར་གྱུར་ཅིག སྦྱོར་བ་ལུས་ངག་ཡིད་གསུམ་ལོངས་སྤྱོད་དགེ་རྩ་དང་བཅས་པའི་སྒོ་ནས།
མཐའ་ཡས་པའི་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་འཁྱེར་ནུས་པར་གྱུར་ཅིག ཅེས་སོགས་སྨོན་ལམ་རྣམ་
དག་ལ་འབད་པའོ། །དེ་སྐད་དུ་ཡང་། མདོ་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩ་ལ་རབ་ཏུ་གནས། །གང་གིས་སྨོན་
ལམ་ཅི་བཏབ་པ། །དེ་ཡི་འབྲས་བུ་དེ་འདྲའོ། །ཞེས་གསུངས་པའི་ཕྱིར། འོ་ན་ཆོས་འདི་པའི་ལུགས་ཀྱི། འདའ་ཀ་མའི་གདམས་ངག་ཇི་ལྟར་བྱེད་
སྙམ་ན། ཐེག་ཆེན་འཕོ་བའི་མན་ངག་ནི། །སྟོབས་ལྔ་ཉིད་ཡིན་སྤྱོད་ལམ་གཅེས། །ཞེས་བྱ་བ་གསུངས་ཏེ། ད་ལྟ་ཉིད་ནས་ནམ་འཆི་བའི་ཚེ་ན།
སྟོབས་ལྔ་སྤྱོད་ལམ་དང་བཅས་པའི་གདམས་ངག་དྲན་པར་བྱའོ་སྙམ་པའི་འཕེན་པ་གཏོང་བ་དང་། གཉིད་ལོག་ཀ་ཐམས་ཅད་དུ་དེ་ལྟར་ཉམས་
སུ་ལེན་པ་ནི་རྒྱུན་དུ་སྦྱང་བའོ། །ལས་ལ་སྦྱར་བ་ནི། འཆི་བའི་དུས་ལ་བབ་པ་ན། སྟོབས་ལྔའི་ཉམས་ལེན་ཤུགས་དྲགས་པ་ལ་འབད་པ་དང་།
ཁྱད་པར་དུ་དཀར་པོ་ས་བོན་གྱི་སྟོབས། ཕར་ཕྱིན་དྲུག་ལྡན་དུ་བསྒྲུབ་པ་སྟེ། དེ་ཡང་ཡོ་བྱད་ལ་མ་ཆགས་པར་དཀོན་མཆོག་མཆོད་པ་སོགས་སྦྱིན་
པ། ཕྱིར་བཅོས་དང་བཤགས་བསྡམ་སོགས་ཀྱི་སྒོ་ནས་ཉེས་ལྟུང་གིས་མ་གོས་པར་བྱེད་པ་ཚུལ་ཁྲིམས། འཁོན་ཞུགས་པ་རྣམས་ལ་འཁོན་སྦྱང་
བ་སོགས་གང་ལ་ཡང་ཞེ་འགྲས་མེད་པར་བྱེད་པ་བཟོད་པ། བློ་སྦྱོང་སྒོམ་པ་སོགས་དགེ་བ་སྒྲུབ་པ་ལ་སྤྲོ་ཤུགས་བསྐྱེད་པ་བརྩོན་འགྲུས། བྱང་
ཆུབ་ཀྱི་སེམས་གཉིས་སོགས་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་བསམ་གཏན། གནས་ལུགས་ཀྱི་དོན་ལ་དཔྱོད་པ་ཤེས་རབ་བོ། །དེ་ནས་
སྤྱོད་ལམ་གྱི་ཁྱད་པར། འཆི་ཁར་གཞོགས་གཡས་པ་འོག་ཏུ་བཅུག ལག་པ་གཡས་པས་འགྲམ་པ་གཡས་པ་བརྟེན། མཐེའུ་ཆུང་གིས་སྣ་བུག་
གཡས་པ་བཀག རླུང་སྣ་བུག་གཡོན་ནས་རྒྱུ་བར་བྱ། བྱང་ཆུབ་ཀྱི་སེམས་གཉིས་གང་ལ་གོམས་པ་ཆེ་བ་དེའི་ངང་དུ་འཆི་འཕོ་བར་བྱའོ། །མདོར་
ན་འདའ་ཀ་མའི་གེགས་ཀྱི་གཙོ་བོ་ཚེ་འདིའི་གནས་ལུས་ལོངས་སྤྱོད་ལ་ཞེན་ཅིང་ཆགས་པ་ཡིན་པས། དེ་ཉིད་འབད་པ་ཆེན་པོས་སྤང་བར་བྱ་སྟེ།
དེ་ཡང་ཕྱི་རོལ་གྱི་བཀྱེ་བཀོད་ལ་ལྟོས་པ་མེད་པར། བློ་སྦྱོང་གི་གདམས་པའི་རྩིས་ཟིན་པར་བྱ་བ་ནི། ཆགས་ཡུལ་རྣམས་ལ་སྙིང་པོ་མེད་པར་ཤེས་
ནས། བྱང་ཆུབ་ཀྱི་སེམས་ལ་སོགས་པས་ཀུན་ནས་བསླངས་ཏེ། བདག་ཉིད་དབང་བའི་གནས་ལུས་ལོངས་སྤྱོད་འདི་དག་དགྲའམ། གཉེན་
ནམ། བར་མའི་ཕྱོགས་སུ་ཡང་རུང་བས་མཐུས་འཕྲོག་པའམ། འཇབ་བུས་རྐུ་བའམ། སྒྱུ་ཐབས་ཀྱིས་བསླུ་བ་སོགས། ཐབས་ཚུལ་གང་ཡང་
རུང་བས་ལོངས་སྤྱོད་པ་དེ་དག་ལ། རྣམ་པ་ཀུན་ཏུ་ཕན་པ་དང་བདེ་བའི་རྒྱུར་གྱུར་ཅིག ཅེས་ཡིད་ཀྱིས་སྨོན་ཅིང་ངག་ཏུ་ཡང་གདོན་པར་བྱའོ། །
འདིར་ཡང་རང་ཉིད་ཚེ་འཕོ་བའི་ཤུལ་གྱི་གནས་ལུས་ལོངས་སྤྱོད་ལ་སྙིང་པོ་ལེན་པའི་ཐབས་ཚུལ་བླ་ན་མེད་པ་སྟེ། གལ་ཆེ་བ་རྒྱང་དུ་མི་བསྐྱུར་
བར་དགོས་དུས་སུ་ངེས་པར་དྲན་པར་བྱའོ། །རྐྱེན་ངན་རླུང་དམར་སྣ་ཚོགས་ལྡང་བའི་ཚེ། །བྱང་ཆུབ་སྤྱོད་པའི་གྲོགས་སུ་སྒྱུར་བྱེད་ཅིང་། །རྣམ་
དག་ལམ་གྱི་སྙིང་པོ་སྟོབས་ཆེན་ལྔ། །ཉམས་སུ་ལེན་པ་དེ་དག་རྒྱལ་བའི་སྲས། །
      ལྔ་པ་བློ་འབྱོངས་པའི་ཚད་དམ་རྟགས་བསྟན་པ་ནི། བྱང་བའི་ཚད་ནི་བཟློག་པ་ཡིན། །ཅེས་ཏེ། ཐ་མལ་པའི་བློའི་འཇུག་ཚུལ་ལས་ལོག་ནས།
ལམ་གྱི་དམིགས་རྣམ་གྱི་སྐབས་སོ་སོའི་མྱོང་བ་རང་ངང་གིས་སྐྱེས་པ་སྟེ། དཔེར་ན་མི་རྟག་པ་བསྒོམ་པས་ཚེ་འདི་དོན་གཉེར་ལས་བློ་ལོག དེ་
བཞིན་དུ་ལས་འབྲས་བསྒོམ་པས་མི་དགེ་བ་ལས། འཁོར་བའི་ཉེས་དམིགས་བསྒོམ་པས་འཁོར་བ་མཐའ་དག་ལས། ཀུན་རྫོབ་བྱང་སེམས་
བསྒོམ་པས་བདག་གཅེས་འཛིན་ལས། དོན་དམ་བྱང་སེམས་བསྒོམ་པས་མཚན་མར་འཛིན་པ་ལས་བློ་ལོག་པ་ལྟ་བུའོ། །དེ་ལྟར་ན། འབྱོངས་
རྟགས་ཆེན་པོ་ལྔ་ལྡན་ཡིན། །ཞེས་པ། བྱང་ཆུབ་ཀྱི་སེམས་གཉིས་དང་ལྡན་པའི་སེམས་དཔའ་ཆེན་པོ། ཉེས་ལྟུང་མཐའ་དག་ལ་འཛེམ་པའི་
འདུལ་འཛིན་ཆེན་པོ། དཀའ་སྤྱད་དཔག་མེད་ཉམས་སུ་ལེན་པའི་དཀའ་ཐུབ་པ་ཆེན་པོ། རྟག་ཏུ་སྒྲུབ་པ་ལ་བརྩོན་པའི་དགེ་སྦྱོར་པ་ཆེན་པོ།
བདག་གཞན་དང་སྲིད་ཞི་རོ་སྙོམས་པའི་རྣལ་འབྱོར་པ་ཆེན་པོ་གཅིག་ཏུ་འགྱུར་བའོ། །མདོར་ན། ཆོས་ཀུན་དགོངས་པ་གཅིག་ཏུ་འདུས། །ཞེས་
པ་ཐེག་པ་གསུམ་གྱི་ཆོས་ཐམས་ཅད་བདག་འཛིན་འདུལ་བའི་ཐབས་སུ་དགོངས་པ་གཅིག་པས། ཉམས་ལེན་བདག་འཛིན་གྱི་གཉེན་པོར་སོང་མ་
སོང་གི་སྒོ་ནས། རང་རྒྱུད་ལ་བརྟགས་ཏེ། བྱང་ཆུབ་ཀྱི་སེམས་ལ་བློ་འབྱོངས་པ་དང་། མ་འབྱོངས་པའི་ཚགས་ཚད་ཤེས་པར་བྱའོ། །གལ་ཏེ་འགྲོ་
བ་གཞན་དག་གིས་བཟང་པོར་མཐོང་བ་སོགས་དཔང་པོ་ཡིན་ནོ་སྙམ་ན། དཔང་པོ་གཉིས་ཀྱི་གཙོ་བོ་བཟུང་། །ཞེས་པ། ཆོས་དང་ལྡན་པ་རྣམས་
ཀྱིས་མ་ཁྲེལ་བའང་དཔང་པོ་ཡིན་མོད་ཀྱི། དེ་གཙོ་བོར་མི་བཟུང་སྟེ། དེ་དག་ཕལ་ཆེ་བ་རྣམས་ཀྱིས། བདག་གི་སེམས་མི་རྟོགས་པའི་ཕྱིར། དེས་
ན་ཆོས་དང་སྦྱར་བའི་རང་སེམས་ཀྱིས་མ་ཁྲེལ་བ་གཅིག་དཔང་པོའི་གཙོ་བོ་བཟུང་སྟེ། རང་བློ་རང་ལ་ལྐོག་ཏུ་མི་འགྱུར་བའི་ཕྱིར། དེ་ཡང་། ཡིད་
བདེ་འབའ་ཞིག་རྒྱུན་དུ་བསྟེན། །ཞེས་པ། རྐྱེན་ངན་ལམ་ཁྱེར་ལ་གདེང་ཐོབ་པའི་སྟོབས་ཀྱིས་གང་ལའང་ཉམ་ང་མེད་པར། འགལ་རྐྱེན་ཅི་བྱུང་
ལའང་དགའ་བ་སྒོམ་ནུས་པ་དང་། ཡེངས་ཀྱང་ཐུབ་ན་འབྱོངས་པ་ཡིན། །ཞེས་པ། རྟ་རྩལ་ཅན་དག་གཞན་དུ་ཡེངས་ཀྱང་། རྟ་ལས་མི་ལྟུང་བ་
ལྟར་གློ་བུར་བའི་གནོད་བྱེད་སོགས། རྐྱེན་ངན་གྱི་ཐོག་རྫིས་གང་བྱུང་ཡང་འབད་རྩོལ་དྲག་པོ་ལ་མི་ལྟོས་པར། གནོད་བྱེད་སོགས་ལ་སྙིང་རྗེ་སྐྱེ་
ཞིང་། ཞེ་སྡང་སོགས་རང་འགགས་སུ་འགྲོ་བ་ནི་བློ་འབྱོངས་པའི་ཚད་ཡིན་པས། དེ་ལྟ་བུའི་སྐབས་སུ་བབ་པའི་ཚེ། དགའ་སྤྲོ་ཆེན་པོ་བསྐྱེད་ཅིང་
སླར་ཡང་ལམ་ལ་འབད་པར་བྱའོ། །
      དྲུག་པ་བློ་སྦྱོང་གི་དམ་ཚིག་བསྟན་པ་ནི། སྤྱི་དོན་གསུམ་ལ་རྟག་ཏུ་བསླབ། །ཅེས་པ། བློ་སྦྱོང་ཁས་བླངས་དང་མ་འགལ་བ། ཐོ་ཅོར་མ་ཤོར་
བ། ཕྱོགས་རེར་མ་ལྷུང་བ་ལ་བསླབ་པ་སྟེ།
      དང་པོ་ནི་ཁོ་བོ་ཅག་བློ་སྦྱོང་བ་ཡིན་པས། སེམས་སྲུང་ཁོ་ན་བྱེད་དོ་ཟེར་ནས། བསླབ་པ་ཕྲ་རགས་ཁྱད་དུ་གསོད་པ་ཡོད་དེ། དེ་དག་སྤངས་
ནས་རང་གིས་ཁས་བླངས་པའི་བསླབ་པ་མཐའ་དག་མ་ཉམས་པར་བསྲུང་བའོ། །
      གཉིས་པ་ནི་བདག་ལ་གཅེས་འཛིན་མེད་པར་གཞན་གྱིས་གོ་བའི་ཆེད་དུ། ཤིང་གཉན་གཅོད་པ། མཚོ་གཉན་དཀྲུག་པ་སོགས་ཐོ་ཅོའི་སྤྱོད་
པ་རྣམས་སྤངས་ཏེ། འབྲོམ་སྟོན་ཆེན་པོས། ར་སྒྲེང་དུ་བསྟན་པའི་སྲོལ་བཙུག་པའི་བཀའ་གདམས་གྱི་རྣམ་ཐར་བཞིན་བསླབ་པར་བྱའོ། །
      གསུམ་པ་ནི། མིའི་གནོད་པ་བཟོད་ལ། མི་མ་ཡིན་པའི་གནོད་པ་མི་བཟོད་པ་དང་། ཆེ་བ་ལ་གུས་ཤིང་ཆུང་བ་ལ་བརྙས་པ་དང་། གཉེན་ལ་
བྱམས་ཤིང་དགྲ་ལ་སྡང་བ་སོགས་ཕྱོགས་རེ་བ་རྣམས་སྤངས་ཏེ། དེ་དག་ཀུན་ལ་འབྱོངས་པར་བསླབ་པའོ། །དེའི་ཚེ་ཡང་། འདུན་པ་བསྒྱུར་ལ་
རང་སོར་བཞག །ཅེས་པ། བསམ་པས་བདག་གཅེས་འཛིན་གྱི་འདུན་པ་དེར། གཞན་གཅེས་འཛིན་དུ་བསྒྱུར་ཞིང་། སྦྱོར་བས་ཆོས་ལྡན་གྱི་གྲོགས་
རྣམས་དང་སྤྱོད་ལམ་དང་མཚུངས་པར་སོ་ཐུབ་པར་བྱ་སྟེ། བློ་སྦྱོང་ཐམས་ཅད་མངོན་མཚན་ཆུང་ལ་ས་གཅོད་ཆེ་བ་ཅིག་བྱེད་དགོས་པར་
གསུངས་པའི་ཕྱིར། གཞན་ཡང་། ཡན་ལག་ཉམས་པ་བརྗོད་མི་བྱ། །ཞེས་པ། གཞན་གྱི་ཡན་ལག་ཉམས་པ་སོགས་སྐྱོན་ནས་བརྗོད་པའི་ཚིག་མི་
སྨྲ་ཞིང་། བསམ་པས་ཀྱང་། གཞན་ཕྱོགས་གང་ཡང་མི་བསམ་མོ། །ཞེས་པ། སྤྱིར་སེམས་ཅན་ཐམས་ཅད་དང་། ཁྱད་པར་ཆོས་སྒོར་ཞུགས་པ་
རྣམས་ལ་སྐྱོན་གྱི་ཕྱོགས་ནས། སྐད་ཅིག་ཀྱང་མི་བསམ་པར། མདོ་ལས། སེམས་ཅན་ཐམས་ཅད་ལ་སྟོན་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་
གསུངས་པ་ལྟར། དག་སྣང་བསྒོམ་པར་བྱ་ཞིང་རང་རྒྱུད་ལ་བརྟགས་ནས། ཉོན་མོངས་གང་ཆེ་སྔོན་ལ་སྦྱངས། །ཞེས་པ། ཆགས་སོགས་ཉོན་
མོངས་པ་གང་ཤས་ཆེ་བ་དེའི་གཉེན་པོར། ཆོས་ཐམས་ཅད་སྤུངས་ནས་དེ་ཉིད་ཐོག་མར་འདུལ་བ་དང་། འབྲས་བུ་རེ་བ་ཐམས་ཅད་སྤངས། །
ཞེས་པ། དེ་ལྟར་བློ་སྦྱངས་པས་རང་དོན་དུ་རྙེད་བཀུར་སོགས་ཚེ་འདི་དང་། ལྷ་མིའི་གོ་འཕང་སོགས་ཕྱི་མའི་བདེ་བ་དང་། མཐར་ཐུག་མྱང་
འདས་ཐོབ་པ་སོགས། འབྲས་བུའི་རེ་བ་ཐམས་ཅད་སྤང་བར་བྱའོ། །གཞན་ཡང་། དུག་ཅན་གྱི་ཟས་སྤངས། ཞེས་པ། དགེ་སྦྱོར་ཐམས་ཅད་
དངོས་པོ་བདེན་འཛིན་དང་། བདག་གཅེས་འཛིན་གྱི་དུག་དང་མ་འདྲེས་པར་བྱའོ། །གཞུང་བཟང་པོ་མ་བསྟེན། ཞེས་པ། གཞན་གྱིས་གནོད་པ་
བྱས་པ་ལ་འཁོན་འཛིན་ཡུན་རིང་དུ་མི་བྱའོ། །ཤགས་ངན་མ་དགོད། ཅེས་པ། ཚིག་གི་སྒོ་ནས་ངན་ཤགས་ཀྱི་ལན་མི་འཇལ་བའོ། །འཕྲང་མ་
སྒུག ཅེས་པ། གནོད་ལན་འཇལ་བའི་སྐབས་མི་ཚོལ་བའོ། །གནད་ལ་མི་དབབ། ཅེས་པ། མིའི་མཚང་ནས་འབྲུ་བ་དང་། མི་མ་ཡིན་གྱི་སྲོག་
སྔགས་ཟློ་བ་སོགས། གཞན་གྱི་སེམས་ལ་གནོད་པའི་ལས་མི་བྱེད་པའོ། །མཛོ་ཁལ་གླང་ལ་མི་བྱོ། ཞེས་པ། རང་ལ་འབབ་པའི་ཇུ་གལ་ལམ་ཁག་
ངན་སོགས། གཞན་ལ་མི་བསྒྱུར་བའོ། །མགྱོགས་ཀྱི་རྩེ་མ་བརྟོང་། ཅེས་པ། ལོངས་སྤྱོད་སྙན་གྲགས་སོགས། ཐུན་མོང་བ་རང་གི་སྒོས་ཐོབ་
བྱེད་པའི་བསམ་སྦྱོར་སྤོང་བའོ། །ལྟོ་ལོག་མི་བྱ། ཞེས་པ། ཕུགས་རང་བཟང་བར་འདོད་ནས། ཕམ་ཁ་ལེན་པ་དང་། ནད་ཞི་གདོན་ཞི་སོགས་ཀྱི་
ཕྱིར་དུ་བློ་སྦྱོང་བ་ནི་ལྟོ་ཆོས་དང་འདྲ་བས། དེ་དག་སྤང་བའོ། །ལྷ་བདུད་དུ་མི་དབབ། ཅེས་པ། བློ་སྦྱོང་གི་སྒོ་ནས་ང་རྒྱལ་དང་། མངོན་རློམ་
སྤངས་ཏེ་གང་དང་འགྲོགས་ཀྱང་། བདག་ཉིད་བྲན་གྱི་ཐ་མ་ལྟར་དམན་ས་བཟུང་བའོ། །སྐྱིད་ཀྱི་ཡན་ལག་ཏུ་སྡུག་མ་ཚོལ། ཞེས་པ། རང་སྐྱིད་
པའི་ཡན་ལག་ཏུ་གཞན་སྡུག་པར་འདོད་པའི་བསམ་སྦྱོར་སྤང་བར་བྱ་བའོ། །
กก

    བསྡོམས་ལྡེབ་ངོས་༡༠ཡོད།    ༡༽   ༢༽  ༣༽   ༤༽   ༥༽   ༦༽   ༧༽   ༨༽   ངོས་པ།   ༡༠༽