| ¡þགསུམ་པ་གཏོང་ལེན་སྤེལ་མར་བསྒོམ་པ་ནི།
གཙོ་བོར་གོང་གི་དམིགས་ཐུན་གཉིས་པོ་རེ་མོས་སུ་སྤེལ་ནས་བསྒོམ་པ་ཡིན་ལ།
དེ་དག་གོམས་
ཤིང་བརྟན་པའི་ཕྱིར་དུ།
རླུང་ནང་དུ་འཇུག་པ་དང་བསྟུན་ནས་གཞན་གྱི་སྡིག་སྡུག་ཐམས་ཅད་འོད་ནག་པོའི་རྣམ་པར་རང་ལ་འདུས་པ་དང་།
ཕྱིར་འགྲོ་བ་དང་བསྟུན་ནས་རང་གི་བདེ་དགེ་ཐམས་ཅད་གཞན་ལ་སྨིན་པར་བསྒོམ་ཞིང་།
བརྒྱ་སྟོང་ལ་སོགས་པའི་གྲངས་བཟུང་བར་བྱའོ། །
ཡང་གཞུང་འགའ་ཞིག་ལས། ལེན་པའི་གོ་རིམ་རང་ནས་བརྩམས། །ཞེས་འབྱུང་བ་ལྟར་ན།
རང་རྒྱུད་ཀྱི་མྱོང་ངེས་ཀྱི་འབྲས་བུ་ཚེ་སྨད་དུ་སྨིན་རྒྱུ་
རྣམས། ད་ལྟའི་ལུས་སྟེང་དུ་ལེན་པ་དང་།
ཕྱི་མར་སྨིན་རྒྱུ་རྣམས་ཚེ་འདི་ཡི་ལུས་སྟེང་དུ་ལེན་པ་སྟེ།
བློ་རིམ་གྱིས་གོམས་སུ་འཇུག་པའི་ཐབས་
སོ། །གཞན་ཡང་། སྤྱོད་འཇུག་ལས། དམན་སོགས་བདག་ཏུ་བྱས་པ་དང་། །གཞན་ཉིད་དུ་ནི་བདག་བྱས་ནས།
།རྣམ་རྟོག་མེད་པའི་སེམས་
ཀྱིས་སུ། །ཕྲག་དོག་དང་ནི་ང་རྒྱལ་བསྒོམ། །ཞེས་སོགས་གསུངས་པའི་ཚུལ་གྱིས་ཀྱང་བདག་གཅེས་འཛིན་གཞོམ་པར་བྱའོ།
།མདོར་ན་ལེན་པ་
མ་བསྒོམ་ན་བདག་གཅེས་འཛིན་གྱི་འཁྲི་བ་མི་ཆོད།
གཏོང་བ་མ་བསྒོམ་ན་བསོད་ནམས་ཀྱི་ཚོགས་མི་རྫོགས།
སྤེལ་མར་མ་བསྒོམ་ན་གོམས་པ་
བདེ་བླག་ཏུ་མི་འགྲུབ་པས། དམིགས་ཐུན་གསུམ་གྱིས་སྒོམ་པ་ལ་འབད་པར་བྱ་སྟེ།
འདི་ནི་ཐེག་ཆེན་ལམ་གྱི་སྙིང་པོ་དམ་པ་ཡིན་པའི་ཕྱིར། དེའི་
རྒྱུ་མཚན་ཡང་སྔར་བཤད་ཟིན་མོད། གཞན་ཡང་། ཕལ་པོ་ཆེ་ལས།
འགྲོ་བའི་སྡུག་བསྔལ་བདག་ཉིད་ལ་བསྒྱུར་བར་ནི་མོས། བདག་ཉིད་འགྲོ་
བ་ཀུན་གྱི་ཉེ་བར་འཚོ་བའི་ལུས་སུ་ནི་བསྒྱུར། ཞེས་དང་།
མཆོག་གི་སྤྱོད་པའི་སྨོན་ལམ་ལས། སེམས་དམྱལ་གཤིན་རྗེའི་འཇིག་རྟེན་སྡུག་
བསྔལ་དང་། །དུད་འགྲོའི་གནས་རྣམས་མི་ཡི་སྡུག་བསྔལ་དག །འགྲོ་བའི་སྡུག་བསྔལ་ཕུང་པོ་མཐའ་ཡས་དག
།བདག་ལ་འབབ་གྱུར་འགྲོ་བ་
བདེ་བར་ཤོག །ཅེས་དང་། བྱམས་པ་མཆོད་སྦྱིན་གྱི་སྨོན་ལམ་ལས།
སྲིད་རྩེ་མན་ཆད་མནར་མེད་ཡན་ཆད་དང་། །འཇིག་རྟེན་བགྲང་དུ་མེད་པ་
ཐམས་ཅད་ཀྱི། །ལྷ་དང་ལྷ་མིན་ལྟོ་འཕྱེ་ཆེན་པོའི་ཚོགས། །བདེ་བར་གྱུར་ཅིག་སྡུག་བསྔལ་བདག་གིས་བླངས།
།ཞེས་སོགས་དང་། སྤྱོད་འཇུག་
ལས། དེ་ལྟས་བདག་གནོད་ཞི་བ་དང་། །གཞན་གྱི་སྡུག་བསྔལ་ཞི་བྱའི་ཕྱིར། །བདག་ཉིད་གཞན་ལ་བཏང་བྱ་དང་།
།གཞན་རྣམས་བདག་
བཞིན་བཟུང་བར་བྱ། །ཞེས་སོགས་སྒོམ་ཚུལ་དང་། དེ་ལྟར་ངེས་པར་གཞན་དག་གི། །དོན་ལ་རབ་ཏུ་འཇུག་གྱིས་དང་།
།ཐུབ་པའི་བཀའ་ནི་མི་
བསླུ་བས། །དེ་ཡི་འབྲས་བུ་ཕྱིས་མཐོང་འགྱུར། །གལ་ཏེ་ཁྱོད་ཀྱིས་སྔ་དུས་སུ།
།ལས་འདི་བྱས་པར་གྱུར་ན་ནི། །སངས་རྒྱས་ཕུན་ཚོགས་བདེ་
མིན་པ། །གནས་སྐབས་འདི་འདྲར་འགྱུར་མི་སྲིད། །ཅེས་གཞན་ཕན་སེམས་ཀྱི་འབྲས་བུ་མི་བསླུ་བར་བཤད་པ་རྣམས་ཀྱང་ཤེས་པར་བྱའོ།
།
གལ་ཏེ་བདག་པས་གཞན་གཅེས་པའི་བློ་འགྲུབ་པ་མི་སྲིད་དོ་སྙམ་ན། མ་ཡིན་ཏེ།
གོམས་པའི་དབང་གིས་འགྲུབ་པའི་ཕྱིར། དེ་སྐད་དུ་ཡང་།
སྤྱོད་འཇུག་ལས། ཇི་ལྟར་བདག་མེད་ལུས་འདི་ལ། །གོམས་པས་བདག་གི་བློ་བྱུང་བ།
།དེ་བཞིན་སེམས་ཅན་གཞན་ལ་ཡང་། །གོམས་པས་
བདག་བློ་ཅིས་མི་སྐྱེ། །ཞེས་སོ། །ཉེས་བརྒྱའི་རྩ་བ་བདག་ཉིད་གཅེས་འཛིན་བློ།
།སྣ་ཚོགས་ཐབས་ཀྱི་སྒོ་ནས་གཞོམ་པ་དང་། །བདེ་ལེགས་ཀུན་
འབྱུང་གཞན་ཕན་བྱང་ཆུབ་སེམས། །འབད་པ་དུ་མས་སྒོམས་ཤིག་བརྩོན་ལྡན་རྣམས། །
¡þགཉིས་པ་རྗེས་ཐོབ་ཀྱི་ཉམས་ལེན་ནི།
རྗེས་ཀྱི་མན་ངག་མདོར་བསྡུས་པ། །ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ། །སྤྱོད་ལམ་ཀུན་ཏུ་ཚིག་
གིས་སྤྱད། །ཅེས་པ་སྟེ། ཡུལ་གཟུགས་སྒྲ་སོགས་ཡིད་དུ་འོང་བ་དང་།
མི་འོང་བ་དང་། བར་མ་གསུམ་ལ་བརྟེན་ནས་རིམ་བཞིན་དུ་ཆགས་པ་
དང་། སྡང་བ་དང་། རྨོངས་པའི་དུག་གསུམ་སྐྱེ་བས།
དེ་དག་དགེ་རྩ་གསུམ་དུ་བསྒྱུར་བར་བྱ་སྟེ། དེ་ཡང་ཆགས་པ་སྐྱེས་པ་ན།
སེམས་ཅན་
ཐམས་ཅད་ཀྱི་འདོད་ཆགས་བདག་ལ་སྨིན་ནས།
དེ་དག་འདོད་ཆགས་མེད་པའི་དགེ་རྩ་ཕུན་ཚོགས་དང་ལྡན་པར་གྱུར་ཅིག་སྙམ་དུ་བསྒོམ།
གཞན་གཉིས་ལ་ཡང་དེ་བཞིན་དུ་སྦྱར།
སྤྱོད་ལམ་ཐམས་ཅད་དུ་ཚིག་གི་སྒོ་ནས་ཀྱང་སྦྱང་བར་བྱ་སྟེ།
རིན་ཆེན་ཕྲེང་བ་ལས། བདག་ལ་དེ་དག་
སྡིག་སྨིན་ཅིང་། །བདག་དགེ་མ་ལུས་དེར་སྨིན་ཤོག །ཅེས་དང་། སྤྱོད་འཇུག་ལས།
འགྲོ་བའི་སྡུག་བསྔལ་གང་ཅིའང་རུང་། །དེ་ཀུན་བདག་ལ་
སྨིན་གྱུར་ཅིག །བྱང་ཆུབ་སེམས་དཔའི་དགེ་ཀུན་གྱིས། །འགྲོ་བ་བདེ་ལ་སྤྱོད་པར་ཤོག
།ཅེས་དང་། མཐུ་སྟོབས་དབང་ཕྱུག་གི་གདམས་པ་ལས།
སེམས་ཅན་ཀུན་གྱི་སྡུག་བསྔལ་བདག་ལ་སྨིན། །བདག་གི་དགེ་བས་དེ་དག་བདེ་ཐོབ་ཤོག
།ཅེས་པ་ལྟ་བུ་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་
སེམས་སྦྱོང་བ་དང་། གཞན་ཡང་མདོ་སྡེ་རྒྱན་ལས།
རྒྱལ་སྲས་སྤྱོད་ཚེ་ཇི་ལྟ་ཇི་ལྟ་བུར། །དབང་པོའི་སྤྱོད་ཡུལ་སྣ་ཚོགས་འཇུག་གྱུར་པ།
།དེ་ལྟ་དེ་
ལྟར་རིགས་པ་མཐུན་ཚིག་གིས། །སེམས་ཅན་ཕན་ཕྱིར་དེ་མངོན་འདུ་བྱེད་དོ། །ཞེས་པའི་དོན་སྤྱོད་ཡུལ་ཡོངས་དག་གི་མདོ་ནས་གསུངས་པ་
ལྟར་ཉམས་སུ་ལེན་པའོ། །དེའི་ཚུལ་ཡང་ཚིག་ཟོར་ཡང་བའི་ཕྱིར་དུ།
སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པའི་མདོ་དེའི་དོན་བསྡུས་ཀྱི་རྗེས་སུ་
འབྲངས་ནས་ཤེས་པར་བྱ་སྟེ། འདི་ལྟར། བྱང་སེམས་ཁྱིམ་གྱི་ནང་དུ་འདུག་པའི་ཚེ།
སེམས་ཅན་ཐམས་ཅད་ཐར་པ་ཆེན་པོའི་གྲོང་ཁྱེར་འཐོབ་
པར་གྱུར་ཅིག ཅེས་ཚིག་ཏུ་བརྗོད་ཅིང་སྙིང་ཐག་པ་ནས་བསྒོམ་མོ། །དེ་བཞིན་དུ་སྦྱར་ཏེ།
ཉལ་བའི་ཚེ། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཐོབ་པར་གྱུར་
ཅིག རྨི་ལམ་བྱུང་ན་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་རྟོགས་པར།
གཉིད་སད་པའི་ཚེ་མ་རིག་པ་ལས་སད་པར། ལྡང་བའི་ཚེ་སངས་རྒྱས་ཀྱི་
གཟུགས་ཀྱི་སྐུ་འཐོབ་པར།
གོས་གོན་པའི་ཚེ་ངོ་ཚ་དང་ཁྲེལ་ཡོད་ཀྱི་གོས་གོན་པར།
སྐ་རགས་འཆིང་བའི་ཚེ་དགེ་བའི་རྩ་བ་དང་འབྲེལ་བར།
སྟན་ལ་འདུག་པའི་ཚེ་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་འཐོབ་པར།
རྒྱབ་བརྟེན་པའི་ཚེ་བྱང་ཆུབ་ཀྱི་ཤིང་འཐོབ་པར། མེ་གཏོང་བའི་ཚེ་ཉོན་
མོངས་པའི་བུད་ཤིང་སྲེག་པར། འབར་བའི་ཚེ་ཡེ་ཤེས་ཀྱི་མེ་འབར་བར།
གཡོས་ཟིན་པའི་ཚེ་ཡེ་ཤེས་ཀྱི་བདུད་རྩི་ཐོབ་པར། ཟས་ཟ་བའི་ཚེ་
བསམ་གཏན་གྱི་ཟས་ཐོབ་པར།
ཕྱི་རོལ་ཏུ་འགྲོ་བའི་ཚེ་འཁོར་བའི་གྲོང་ཁྱེར་ལས་ཐར་བར།
སྐས་ལ་འབབ་པའི་ཚེ་སེམས་ཅན་གྱི་དོན་དུ་འཁོར་
བར་འཇུག་པར། སྒོ་འབྱེད་པའི་ཚེ་ཐར་པའི་གྲོང་ཁྱེར་གྱི་སྒོ་འབྱེད་པར།
སྒོ་གཅོད་པའི་ཚེ་ངན་སོང་གསུམ་ཀྱི་སྒོ་གཅོད་པར། ལམ་དུ་འཇུག་པའི་
ཚེ་འཕགས་པའི་ལམ་དུ་འཇུག་པར།
གྱེན་ལ་འགྲོ་བའི་ཚེ་སེམས་ཅན་ཐམས་ཅད་མཐོ་རིས་ཀྱི་བདེ་བ་ལ་འགོད་པར།
ཐུར་ལ་འབབ་པའི་ཚེ་ངན་
སོང་གསུམ་རྒྱུན་གཅོད་པར།
སེམས་ཅན་དང་ཕྲད་པའི་ཚེ་རྫོགས་པའི་སངས་རྒྱས་དང་མཇལ་བར།
རྐང་པ་འཇོག་པའི་ཚེ་སེམས་ཅན་ཐམས་
ཅད་ཀྱི་དོན་ལ་རྟོན་པར།
རྐང་པ་འདེགས་པའི་སེམས་ཅན་ཐམས་ཅད་འཁོར་བ་ལས་འདོན་པར།
རྒྱན་དང་ལྡན་པ་མཐོང་ན་མཚན་དང་དཔེ་
བྱད་ཀྱི་རྒྱན་ཐོབ་པར། རྒྱན་མེད་པ་མཐོང་ན་སྦྱངས་པའི་ཡོན་ཏན་དང་ལྡན་པར།
སྣོད་གང་བ་མཐོང་ན་ཡོན་ཏན་གྱིས་གང་བར། སྟོང་པ་
མཐོང་ན་སྐྱོན་གྱིས་སྟོང་པར། སེམས་ཅན་དགའ་བ་མཐོང་ན་ཆོས་ལ་དགའ་བར།
མི་དགའ་བ་མཐོང་ན་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ལ་
མི་དགའ་བར། བདེ་བ་མཐོང་ན་སངས་རྒྱས་ཀྱི་བདེ་བའི་ཡོ་བྱད་ཐོབ་པར།
སྡུག་བསྔལ་བ་མཐོང་ན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་
བར་བྱེད་པར། ནད་པ་མཐོང་ན་ནད་ཐམས་ཅད་ལས་གྲོལ་བར།
ཆུ་ལས་བརྒལ་བའི་ཚེ་འཁོར་བའི་རྒྱ་མཚོ་ལས་བརྒལ་བར། ཁྲུས་བྱེད་པའི་ཚེ་
ལུས་དང་སེམས་དྲི་མ་མེད་པར།
མཆོད་རྟེན་མཐོང་བའི་ཚེ་འགྲོ་བ་ཐམས་ཅད་ཀྱི་མཆོད་པའི་རྟེན་དུ།
སངས་རྒྱས་ཀྱི་ཡོན་ཏན་བརྗོད་པའི་ཚེ་
ཡོན་ཏན་ཟད་མི་ཤེས་པའི་ཕ་རོལ་ཏུ་ཕྱིན་པར་གྱུར་ཅིག
ཅེས་སོགས་བྱ་བ་ཅི་དང་ཅི་བྱེད་པ་ཐམས་ཅད་ལ་རུང་མཐུན་བརྩིས་ནས་བློ་སྦྱོང་བར་
ཤེས་པར་བྱ་ཞིང་། རྒྱས་པར་ནི་མདོ་ཉིད་དུ་བལྟ་བར་བྱའོ། །སྤྱོད་ལམ་གྱི་རྣལ་འབྱོར་འདི་ལྟ་བུ་ལ་གནས་པ་དེས་ནི་ཚད་མེད་པའི་གཞན་དོན་
མྱུར་དུ་འགྲུབ་པར་འགྱུར་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས།
ཁྱོད་ལ་བསྒོ་བྱ་ཁོང་དུ་ཆུད་པར་བྱ། །ཇི་ལྟར་ཇི་ལྟར་མིང་དུ་མིས་བརྟགས་ན།
།དེ་ལ་
རྟོག་པའི་རྣམ་པར་རྟོག་པ་དེས། །དེ་ལྟ་དེ་ལྟར་དེ་ལ་སེམས་གཞོལ་འགྱུར། །ཞེས་དང་།
རིན་ཆེན་ཕྲེང་བ་ལས། གཞན་ཕན་ལས་ལ་མཐུ་མེད་
ཀྱང་། །དེ་ཡི་བསམ་པ་རྟག་ཏུ་བྱ། །གང་ལ་དེ་ཡི་སེམས་ཡོད་པ། །དེ་ནི་དེ་ལ་དོན་གྱིས་ཞུགས།
།ཞེས་པ་ལྟར་རོ། །རྫུན་སྣང་ཡུལ་ལ་དམིགས་
པའི་ཉོན་མོངས་དང་། །ཐ་མལ་སྤྱོད་པའི་འཕྲུལ་འཁོར་མ་ལུས་པ། །བླ་མེད་དགེ་བའི་གཏེར་དུ་བསྒྱུར་བའི་ཐབས།
།གསེར་འགྱུར་མཆོག་འདིས་
དོན་ཆེན་སྒྲུབས་ཤིག་ཀྱེ། །
¡þགཉིས་པ་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ།
སྒོམ་པའི་འཐད་པ་དང་། བསྒོམ་ཚུལ་གྱི་རིམ་པ་རྒྱས་པར་བཤད་པ་ནི། ཁོ་བོས་བྱས་
པའི་མཐའ་བྲལ་དབུ་མ་ཆེན་པོའི་གདམས་པ་ཟབ་དོན་རབ་གསལ་སོགས་ལས་ཤེས་པར་བྱ་ཞིང་།
མདོར་བསྡུ་ན། བསྒོམ་རིམ་བར་པ་ལས།
དེ་ལྟར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས།
དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕྱིར་འབད་པར་བྱའོ། །ཞེས་གསུངས་པ་ལྟར།
ཟབ་མོའི་ལམ་འདི་ལ་ཐོས་བསམ་སྒོམ་གསུམ་གྱིས་འབད་པར་བྱ་སྟེ།
སྒྲིབ་གཉིས་ཀྱི་མུན་པའི་གཉེན་པོ་ནི་འདི་ཁོ་ནར་ངེས་ཤིང་། སྒྲིབ་གཉིས་
མ་སྤངས་པར་རྣམ་མཁྱེན་འཐོབ་པ་མི་སྲིད་པའི་ཕྱིར། ཇི་སྐད་དུ།
སྤྱོད་འཇུག་ལས། ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །མུན་པའི་གཉེན་པོ་སྟོང་
པ་ཉིད། །མྱུར་དུ་ཐམས་ཅད་མཁྱེན་འདོད་པས། །དེ་ནི་ཇི་ལྟར་སྒོམ་མི་བྱེད། །ཅེས་སོ།
།འོ་ན་དེའི་ངོ་བོ་དང་། སྒོམ་ཚུལ་ཇི་ལྟ་བུ་སྙམ་ན། སྒོམ་
རིམ་བར་པ་ལས། དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ནི་འཇིག་རྟེན་ལས་འདས་པ།
སྤྲོས་པ་མཐའ་དག་དང་བྲལ་བ། ཤིན་ཏུ་གསལ་བ། དོན་
དམ་པའི་སྤྱོད་ཡུལ། དྲི་མ་མེད་པ། མི་གཡོ་བ།
རླུང་མེད་པའི་མར་མེའི་རྒྱུན་ལྟར་མི་གཡོ་བའོ། །དེ་འགྲུབ་པ་ནི་རྟག་ཏུ་གུས་པར་ཡུན་རིང་དུ།
ཞི་
གནས་དང་ལྷག་མཐོང་གི་རྣལ་འབྱོར་གོམས་པར་བྱས་པ་ལས་འགྱུར་ཏེ། ཞེས་དང་།
རྒྱན་ལས་ཀྱང་། ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་
ནི་དམ་པར་འདོད། །ཅེས་གསུངས་པ་ལྟར།
སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ནི་ངོ་བོ་ཡིན་ལ།
དེ་ཡང་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་
འཛིན་སྒོམ་པའི་སྒོ་ནས་བསྒྲུབ་པར་བྱ་སྟེ། སྤྱོད་འཇུག་ལས།
ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་
ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ།
།ཅེས་སོ། །དེའི་ཕྱིར་དོན་དམ་
བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་གཉིས། མཉམ་བཞག་གི་ཉམས་ལེན།
རྗེས་ཐོབ་ཀྱི་ཉམས་ལེན་ནོ། །
¡þདང་པོ་ལ་གཉིས།
ཞི་གནས་བསྒོམ་པ། ལྷག་མཐོང་བསྒོམ་པའོ། །
¡þདང་པོ་ལ་གསུམ།
ཞི་གནས་ཀྱི་ཚོགས་བསྟེན་པ། དམིགས་པ་ལ་སེམས་འཇོག་ཚུལ།
གྲུབ་པའི་ཚད་བསྟན་པའོ། །
དང་པོ་ནི། སྒོམ་རིམ་བར་པ་ལས། དེ་ལ་ཞི་གནས་ཀྱི་ཚོགས་གང་ཞེ་ན།
མཐུན་པའི་ཡུལ་ན་གནས་པ་དང་། འདོད་པ་ཆུང་བ་དང་། ཆོག་ཤེས་པ་
དང་། བྱ་བ་མང་པོ་ཡོངས་སུ་སྤངས་པ་དང་། ཚུལ་ཁྲིམས་རྣམ་པར་དག་པ་དང་།
འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་ཡོངས་སུ་སྤངས་
པའོ། །དེ་ལ་ཡོན་ཏན་ལྔ་དང་ལྡན་པ་ནི། མཐུན་པའི་ཡུལ་ཡིན་པར་ཤེས་པར་བྱ་སྟེ།
གོས་དང་། ཟས་ལ་སོགས་པ་ཚེགས་མེད་པར་རྙེད་པའི་ཕྱིར་
རྙེད་སླ་བ་དང་།
སྐྱེ་བོ་མི་སྲུན་པ་དགྲ་ལ་སོགས་པ་མི་གནས་པའི་ཕྱིར་གནས་བཟང་བ་དང་།
ནད་མེད་པའི་ས་ཡིན་པས་ས་བཟང་བ་དང་།
གྲོགས་ཚུལ་ཁྲིམས་དང་ལྡན་པ་ལྟ་བ་མཚུངས་པ་ཡིན་པས་གྲོགས་བཟང་བ་དང་།
ཉིན་མོ་སྐྱེ་བོ་མང་པོ་དག་གིས་མི་གང་བའི་ཕྱིར་དང་། མཚན་
མོ་སྒྲ་ཆུང་བའི་ཕྱིར་ན་ལེགས་པར་ལྡན་པའོ། །འདོད་པ་ཆུང་བ་གང་ཞེ་ན།
ཆོས་གོས་ལ་སོགས་པ་བཟང་པོའམ། མང་པོ་ལ་ལྷག་པར་ཆགས་པ་
མེད་པའོ། །ཆོག་ཤེས་པ་གང་ཞེ་ན།
ཆོས་གོས་ལ་སོགས་པ་ཇི་ཙམ་རྙེད་པས་རྟག་ཏུ་ཆོག་ཤེས་པ་གང་ཡིན་པའོ། །བྱ་བ་མང་པོ་ཡོངས་སུ་སྤངས་
པ་གང་ཞེ་ན། ཉོ་ཚོང་ལ་སོགས་པ་ལས་ངན་པ་ཡོངས་སུ་སྤངས་པ་དང་།
ཁྱིམ་པ་དང་རབ་ཏུ་བྱུང་བ་དག་དང་ཧ་ཅང་སྨོན་འདྲིན་བྱེད་པ་
ཡོངས་སུ་སྤངས་པ་དང་། སྨན་བྱེད་པ་དང་།
སྐར་མ་བརྩི་བ་ལ་སོགས་པ་ཡོངས་སུ་སྤངས་པ་གང་ཡིན་པའོ། །ཚུལ་ཁྲིམས་རྣམ་པར་དག་པ་གང་
ཞེ་ན།
སྡོམ་པ་གཉིས་ཀ་ལ་ཡང་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པའི་བསླབ་པའི་གཞི་མི་འདྲལ་བ་དང་།
བག་མེད་པས་
དྲལ་ན་ཡང་སྐྱིན་པ་སྐྱེན་པར་འགྱོད་པས་ཆོས་བཞིན་བྱེད་པ་དང་།
ཉན་ཐོས་ཀྱི་སྡོམ་པ་ལ་ཕམ་པ་བཅོས་སུ་མི་རུང་བར་གསུངས་པ་དེ་ལ་
ཡང་། འགྱོད་པ་དང་ལྡན་པ་དང་། ཕྱིས་མི་བྱེ་བའི་སེམས་དང་ལྡན་པ་ཡིན།
སེམས་གང་གིས་ལས་དེ་བྱས་པའི་སེམས་དེ་ལ་ངོ་བོ་མེད་པར་སོ་
སོར་རྟོག་པའི་ཕྱིར་རམ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གོམས་པའི་ཕྱིར།
དེའི་ཚུལ་ཁྲིམས་རྣམ་པར་དག་པ་ཁོ་ན་ཡིན་པར་བརྗོད་པར་
བྱའོ། །ཞེས་དང་།
འདོད་པ་རྣམས་ལ་ཡང་ཚེ་འདི་དང་ཕྱི་མ་ལ་ཉེས་དམིགས་རྣམ་པ་མང་པོར་འགྱུར་བ་ཡིད་ལ་བྱས་ལ།
དེ་དག་ལ་རྣམ་པར་
རྟོག་པ་སྤང་བར་བྱའོ། །ཞེས་གསུངས་པ་ལྟར་ཤེས་ནས་རྒྱུ་ཚོགས་དེ་དག་བསྒྲུབ་པར་བྱ་སྟེ།
དེ་དག་དང་མི་ལྡན་ན་མཁས་པ་དགྱེས་པའི་ཞི་
གནས་མི་འགྲུབ་པའི་ཕྱིར་ཏེ། མར་མེ་མཛད་ཀྱིས། ཞི་གནས་ཡན་ལག་རྣམས་ཉམས་པས།
།རབ་ཏུ་འབད་དེ་བསྒོམ་བྱས་ཀྱང་། །ལོ་ནི་སྟོང་ཕྲག་
དག་ཏུ་ཡང་། །ཏིང་འཛིན་འགྲུབ་པར་མི་འགྱུར་རོ། །ཞེས་སོ། །
¡þགཉིས་པ་དམིགས་པ་ལ་སེམས་འཇོག་པའི་ཚུལ་ཡང་།
སྒོམ་རིམ་བར་པ་ལས། དེ་ལ་རྣལ་འབྱོར་པས་བསྒོམ་པའི་དུས་ན། ཐོག་མར་བྱ་བ་ཅི་
ཡོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ལ།
བཤང་གཅི་བྱས་ནས་དགྲའི་ཚེར་མ་མེད་པ་ཡིད་དུ་འོང་བའི་ཕྱོགས་སུ།
བདག་གིས་སེམས་
ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་དགོད་པར་བྱའོ་སྙམ་དུ་བསམ་ཞིང་འགྲོ་བ་མཐའ་དག་མངོན་བར་གདོན་པའི་བསམ་པ་ཅན་གྱི་སྙིང་རྗེ་
ཆེན་པོ་མངོན་དུ་བྱས་ལ།
ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡན་ལག་ལྔས་ཕྱག་བྱས་ལ།
སངས་
རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་རི་མོ་ལ་སོགས་པ་མདུན་དུ་བཞག་གམ།
གཞན་དུ་ཡང་རུང་སྟེ། དེ་དག་ལ་ཅི་ནུས་ཀྱིས་མཆོད་པ་
དང་བསྟོད་པ་བྱས་ལ།
རང་གི་སྡིག་པ་བཤགས་ནས་འགྲོ་བ་མཐའ་དག་གི་བསོད་ནམས་ལ་རྗེས་སུ་ཡི་རང་བ་བྱས་ལ།
སྟན་ཤིན་ཏུ་འཇམ་པོ་
བདེ་བ་ལ། རྗེ་བཙུན་རྣམ་པར་སྣང་མཛད་ཀྱི་སྐྱིལ་མོ་ཀྲུང་རྡོ་རྗེ་ལྟ་བུའམ།
སྐྱིལ་མོ་ཀྲུང་ཕྱེད་དུ་ཡང་རུང་སྟེ། མིག་ཧ་ཅང་ཡང་མི་དབྱེ། ཧ་ཅང་
ཡང་མི་ཟུམ་པར་སྣའི་རྩེ་མོར་གཏད་ཅིང་། ལུས་ཧ་ཅང་ཡང་མི་གུས།
ཧ་ཅང་ཡང་མི་དགྱེ་བར་དྲང་པོར་བསྲང་ལ་དྲན་པ་ནང་དུ་བཞག་སྟེ་
འདུག་པར་བྱའོ། །དེ་ནས་ཕྲག་པ་མཉམ་པར་བཞག་ལ།
མགོ་མི་མཐོ་མི་དམའ་ཞིང་ཕྱོགས་གཅིག་ཏུ་མ་ཡོ་བར་བཞག་སྟེ།
སྣ་ནས་ལྟེ་བར་དྲང་
པོར་བཞག་གོ། །སོ་དང་མཆུ་ཡང་ཐ་མལ་པར་བཞག་གོ། །ལྕེ་ཡང་སོའི་དྲུང་དུ་བཞར་རོ།
།དབུགས་ཕྱི་ནང་དུ་རྒྱུ་བ་ཡང་། སྒྲ་ཅན་དང་། རྔམ་པ་
དང་། དབུགས་རྒོད་བག་ཅན་དུ་མི་བཏང་གི།
ཅི་ནས་ཀྱང་མི་ཚོར་བར་དལ་བུ་དལ་བུས་ལྷུན་གྱིས་གྲུབ་པའི་ཚུལ་གྱིས།
དབུགས་ནང་དུ་རྔུབ་པ་
དང་། ཕྱིར་འབྱུང་བར་འགྱུར་བ་དེ་ལྟར་བྱའོ། །ཞེས་གསུངས་པ་ལྟར་རོ། །དེ་ནས།
ཇོ་བོས། དམིགས་པ་གང་རུང་གཅིག་དག་ལ། །ཡིད་ནི་དགེ་ལ་
བཞག་པར་བྱ། །ཞེས་པ་ལྟར།
མཚན་བཅས་སམ་མཚན་མེད་ཀྱི་དམིགས་པ་གང་རུང་ལ་སེམས་འཇོག་པས་རུང་མོད།
འདིར་ནི་སྒོམ་རིམ་ལས།
རྣམ་པ་གཅིག་ཏུ་ན་ཇི་ལྟར་མཐོང་བ་དང་།
ཇི་ལྟར་ཐོས་པའི་སངས་རྒྱས་ཀྱི་སྐུ་གཟུགས་ལ་སེམས་བཞག་པར་བྱ་སྟེ།
འཕགས་པ་ཏིང་ངེ་འཛིན་
གྱི་རྒྱལ་པོ་ལས། ཇི་སྐད་དུ། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས། །འཇིག་རྟེན་མགོན་པོ་ཀུན་ཏུ་མཛེས་པ་སྟེ།
།དམིགས་པ་དེ་ལ་གང་གི་སེམས་
འཇོག་པ། །བྱང་ཆུབ་སེམས་དཔའ་དེ་མཉམ་བཞག་ཅེས་བྱ། །ཞེས་གང་གསུངས་པ་ལྟ་བུའོ།
།དེ་ལྟར་རང་གང་ལ་འདོད་པའི་དམིགས་པ་དེ་ལ་
སེམས་བཞག་ནས། དེ་ཉིད་ལ་ཕྱིར་ཞིང་རྒྱུན་ཏུ་སེམས་བཞག་པར་བྱའོ། །ཞེས་ཤེས་བྱེད་དང་བཅས་པ་གསུངས་པ་ལྟར་སངས་རྒྱས་ཀྱི་སྐུ་ལ་
སེམས་བཟུང་བར་བྱ་སྟེ། འདི་ལ་ནི་སེམས་གནས་འགྲུབ་པ་ཙམ་དུ་མ་ཟད།
སངས་རྒྱས་རྗེས་སུ་དྲན་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པར་
འབྱུང་བར་མདོ་སྡེ་དག་ལས་གསུངས་པའི་ཕྱིར་རོ། །དེའི་ཚེ་བྱིང་རྒོད་སེལ་བའི་ཚུལ་ཡང་།
སྒོམ་རིམ་ལས། དེ་ལ་ཉེ་བར་བཞག་ནས་སེམས་ལ་
འདི་ལྟར་དཔྱད་པར་བྱ་སྟེ། ཅི་དམིགས་པ་ལེགས་པར་འཛིན་ཏམ། འོན་ཏེ་བྱིང་ངམ།
འོན་ཏེ་ཕྱི་རོལ་གྱི་ཡུལ་ལ་རྣམ་པར་འཕྱར་བས་རྣམ་པར་
གཡེངས་སམ་སྙམ་དུ་བརྟག་པར་བྱའོ། །དེ་ལ་གལ་ཏེ་རྨུགས་པ་དང་གཉིད་ཀྱིས་ནོན་ནས་སེམས་བྱིང་དམ་བྱིང་དུ་དོགས་པར་མཐོང་ན།
དེའི་ཚེ་
མཆོག་ཏུ་དགའ་བའི་དངོས་པོ་སངས་རྒྱས་ཀྱི་སྐུ་གཟུགས་ལ་སོགས་པའམ།
སྣང་བའི་འདུ་ཤེས་ཡིད་ལ་བྱས་ལ་བྱིང་བ་ཞི་བར་བྱས་ནས། ཅི་
ནས་ཀྱང་དམིགས་པ་དེ་ཉིད་སེམས་ཀྱིས་ཤིན་ཏུ་གསལ་བར་མཐོང་བར་འགྱུར་བ་དེ་ལྟར་བྱའོ།
།ཞེས་དང་། གང་གི་ཚེ་ཕྱི་རོལ་གྱི་གཟུགས་ལ་
སོགས་པ་ལ་དེ་དག་གི་ཡོན་ཏན་རྟོག་པས་རྒྱུག་པའི་ཕྱིར་རམ།
གཞན་ཡིད་ལ་བྱེད་པས་སམ། སྔོན་མྱོང་བའི་ཡུལ་ལ་འདོད་པས་སེམས་རྒོད་
པའམ། རྒོད་དུ་དོགས་པར་མཐོང་བ་དེའི་ཚེ་འདུ་བྱེད་ཐམས་ཅད་མི་རྟག་པ་དང་།
སྡུག་བསྔལ་བ་ལ་སོགས་པ་ཡིད་འབྱུང་བར་འགྱུར་བའི་
དངོས་པོ་ཡིད་ལ་བྱའོ། །དེ་ལྟར་རྣམ་པར་གཡེང་བ་ཞི་བར་བྱས་ནས་དྲན་པ་དང་།
ཤེས་བཞིན་གྱི་ཐག་པས་ཡིད་ཀྱི་གླང་པོ་དམིགས་པའི་སྡོང་
པོ་དེ་ཉིད་ལ་གདགས་པར་བྱའོ། །གང་གི་ཚེ་བྱིང་བ་དང་རྒོད་པ་མེད་པར་གྱུར་ཏེ་དམིགས་པ་དེ་ལ་སེམས་རྣལ་དུ་འཇུག་པར་མཐོང་བ་དེའི་ཚེ་
རྩོལ་བ་གློད་ལ་བཏང་སྙོམས་སུ་བྱ་ཞིང་།
ཇི་སྲིད་འདོད་ཀྱི་བར་དུ་འདུག་པར་བྱའོ། །ཞེས་པ་ལྟར་རོ། །ཐུན་ལས་ལྡང་བའི་ཚེ་ཇི་ལྟར་བྱ་བ་ནི་
འོག་ནས་འཆད་པ་ལྟར་ཤེས་པར་བྱའོ། །
¡þགསུམ་པ་གྲུབ་པའི་ཚད་བསྟན་པ་ནི།
དེ་ཉིད་ལས། དེའི་ལུས་དང་སེམས་གང་གི་ཚེ་ཤིན་ཏུ་སྦྱངས་པར་གྱུར་པ་དང་།
ཇི་ལྟར་འདོད་པ་
བཞིན་དུ་དམིགས་པ་ལ་སེམས་དབང་དུ་གྱུར་པ་དེའི་ཚེ་ཞི་གནས་གྲུབ་པ་ཡིན་པར་རིག་པར་བྱའོ།
།ཞེས་པ་ལྟར་རོ། །ཅིའི་ཕྱིར་ཞི་གནས་ཞེས་བྱ་
སྙམ་ན། དེ་ཉིད་ལས། ཕྱི་རོལ་གྱི་ཡུལ་ལ་རྣམ་པར་གཡེང་བ་ཞི་ནས།
ནང་དུ་དམིགས་པ་ལ་རྒྱུན་ཏུ་རང་གི་ངང་གིས་འཇུག་ལ། དགའ་བ་དང་
ཤིན་ཏུ་སྦྱངས་པ་དང་ལྡན་པའི་སེམས་ཉིད་ལ་གནས་པ་ནི་ཞི་གནས་ཞེས་བྱའོ། །ཞེས་ཤིན་ཏུ་གསལ་བར་གསུངས་སོ།
།དེས་ན་ཤིན་སྦྱངས་མ་
ཐོབ་པའི་སེམས་གནས་སྐྱོན་མེད་རྣམས་ནི་ཞི་གནས་རྗེས་མཐུན་པར་ཤེས་པར་བྱའོ།
།
གཉིས་པ་ལྷག་མཐོང་བསྒོམ་པ་ལ་གསུམ། ལྷག་མཐོང་གི་ཚོགས་བསྟེན་པ།
ཇི་ལྟར་སྒྲུབ་པའི་ཚུལ། གྲུབ་པའི་ཚད་བསྟན་པའོ། །
དང་པོ་ནི། སྒོམ་རིམ་བར་པ་ལས། ལྷག་མཐོང་གི་ཚོགས་གང་ཞེ་ན།
སྐྱེས་བུ་དམ་པ་ལ་བསྟེན་པ་དང་། མང་དུ་ཐོས་པ་ཡོངས་སུ་བཙལ་བ་
དང་། ཚུལ་བཞིན་དུ་སེམས་པའོ། །ཞེས་པ་ལྟར།
མཚན་ལྡན་གྱི་བཤེས་གཉེན་བསྟེན་ཅིང་། མང་དུ་ཐོས་པ་ཅི་ནུས་སུ་བསྒྲུབ་པ་དང་།
ཁྱད་པར་
དུ་ཟབ་ལམ་སྟོན་པའི་གཞུང་དང་གདམས་ངག་ལ་ཐོས་པ་དང་བསམ་པས་ཚུལ་བཞིན་དུ་འབད་པར་བྱ་སྟེ།
ཇོ་བོས། ཚེ་ནི་ཡུན་ཐུང་ཤེས་བྱའི་
རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ངེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་ལྟར།
།རང་གི་འདོད་པ་དང་དུ་བླང་བར་གྱིས། །ཞེས་སོ། །
གཉིས་པ་ལ་གསུམ། ལྟ་བས་སྤྲོས་པ་བཅད་པ། སྒོམ་པས་ཉམས་སུ་བླངས་པ།
སྤྱོད་པས་བོགས་དབྱུང་བའོ། །
དང་པོ་ལ་གསུམ། ཕྱི་ཡུལ་ལ་སྤྲོས་པ་བཅད་པ། ནང་སེམས་ལ་སྤྲོས་པ་བཅད་པ།
སྒོམ་བྱེད་ཀྱི་གཉེན་པོ་ལ་སྤྲོས་པ་བཅད་པའོ། །
དང་པོ་ནི། ཆོས་རྣམས་རྨི་ལམ་ལྟ་བུར་བསམ། །ཞེས་པ་སྟེ།
དེའི་དོན་ཡང་སྒོམ་རིམ་ལས། ཆོས་ཞེས་བྱ་བ་ནི་མདོར་བསྡུ་ན་ཕུང་པོ་ལྔ་དང་།
སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅྭོ་བརྒྱད་དོ། །དེ་ལ་ཕུང་པོ་དང་སྐྱེ་མཆེད་གཟུགས་ཅན་གང་དག་ཡིན་པ་དེ་དག་ནི།
དོན་དམ་པར་ན་
སེམས་ཀྱི་རྣམ་པ་ལས་གུད་ན་མེད་དེ། དེ་དག་རྡུལ་ཕྲ་རབ་ཏུ་བཤིག་ལ།
རྡུལ་ཕྲ་རབ་རྣམས་ཀྱང་ཆ་ཤས་ཀྱི་ངོ་བོ་ཉིད་སོ་སོར་བརྟགས་ན་ངོ་བོ་
ཉིད་ངེས་པར་བཟུང་དུ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་ཐོག་མ་མེད་པའི་དུས་ནས་གཟུགས་ལ་སོགས་པ་ཡང་དག་པ་མ་ཡིན་པ་ལ་མངོན་པར་
ཞེན་པའི་དབང་གིས། རྨི་ལམ་ན་དམིགས་པའི་གཟུགས་ལ་སོགས་པ་སྣང་བ་བཞིན་དུ།
བྱིས་པ་རྣམས་ལ་སེམས་ཉིད་གཟུགས་ལ་སོགས་པར་
ཕྱི་རོལ་ཏུ་ཆད་པ་བཞིན་དུ་སྣང་གིས།
དོན་དམ་པར་ན་འདི་ལ་གཟུགས་ལ་སོགས་པ་ནི་སེམས་ཀྱི་རྣམ་པ་ལས་གུད་ན་མེད་དོ།
།ཞེས་དཔྱད་པར་
བྱའོ། །ཞེས་གསུངས་པ་ལྟར། ཉིན་པར་གྱི་བག་ཆགས།
གཉིད་ཀྱི་རྐྱེན་གྱི་སད་པས་རྨི་ལམ་གྱི་སྣང་བ་སྣ་ཚོགས་འབྱུང་ཡང་སྣང་བ་ལྟར་དུ་གྲུབ་
པ་ཅུང་ཟད་ཀྱང་མེད་པ་བཞིན། ཐོག་མ་མེད་པ་ནས་ཞུགས་པའི་དོན་སྣང་གི་བག་ཆགས།
ལས་ཀྱི་རྐྱེན་གྱིས་སད་པས་བཟུང་ཡུལ་སྣ་ཚོགས་སུ་
སྣང་བ་ཡང་། སེམས་ཀྱི་རྣམ་པ་ཙམ་ལས་གཞན་དུ་སྣང་བ་ལྟར།
བདེན་པ་ཅུང་ཟད་ཀྱང་མེད་པར་ངེས་པའོ། །
|