กก

༄༅། །བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པའི་མན་ངག་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །
སྒ་རབ་འབྱམས་པ་ཀུན་དགའ་ཡེ་ཤེས་ཀྱིས་མཛད།

  བསྡོམས་ལྡེབ་ངོས་༡༠ཡོད།    ༡༽   ༢༽  ༣༽   ༤༽   ༥༽   ངོས་པ།   ༧༽   ༨༽   ༩༽   ༡༠༽

    གསུམ་པ་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་ལེན་པ་བསྒོམ་པ་ནི། དེ་ལྟར་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་དང་། སྡུག་བསྔལ་དང་བྲལ་
འདོད་ཀྱི་སྙིང་རྗེ་དང་ལྡན་པ་ལ། གཞན་དོན་སྒྲུབ་འདོད་ཀྱི་བྱང་ཆུབ་ཀྱི་སེམས་སྐྱེ་བས་ལམ་གྱི་གཙོ་བོ་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱ་སྟེ།
འདི་ནི་རྫོགས་པའི་སངས་རྒྱས་ཀྱི་ས་བོན། ཐེག་པ་ཆེན་པོའི་འཇུག་སྒོ། བདེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར། དེ་སྐད་དུ་ཡང་།
འཕགས་པ་སྡོང་པོ་བཀོད་པའི་མདོ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་
ཅད་ཀྱི་ཆོས་དཀར་པོ་རྣམ་པར་འཕེལ་བར་བྱེད་པས་ཞིང་ལྟ་བུའོ། །ཉེས་པར་བྱས་པ་ཐམས་ཅད་སྲེག་པས། སྲེག་པའི་བསྐལ་པའི་མེ་ལྟ་བུའོ། །
མི་དགེ་བའི་ཆོས་ཐམས་ཅད་ཟད་པར་བྱེད་པའི་ཕྱིར། སའི་འོག་ལྟ་བུའོ། །དོན་ཐམས་ཅད་ཡོངས་སུ་སྒྲུབ་པས་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་
ལྟ་བུའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་པོ་ལྟ་བུའོ། །འཁོར་བའི་ཆུ་ལ་རྒྱུ་བ་འདོན་པས་ལྕགས་ཀྱུ་ལྟ་བུའོ། །
ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་མཆོད་རྟེན་ལྟ་བུ་སྟེ། མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། སངས་རྒྱས་ཀྱི་
ཡོན་ཏན་ཐམས་ཅད་ཇི་སྙེད་ཡོད་པ། བྱང་ཆུབ་ཀྱི་སེམས་ཀྱི་ཡོན་ཏན་དང་ཕན་ཡོན་ཡང་དེ་སྙེད་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་
དཔའི་སྤྱོད་པའི་དཀྱིལ་འཁོར་ཐམས་ཅད་འདི་ལས་བྱུང་སྟེ། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་
ཅད་ཀྱང་འདི་ལས་སྐྱེས་སོ། །ཞེས་སོགས་རྒྱས་པར་གསུངས་པའི་ཕྱིར་རོ། །དེ་བཞིན་དུ། དབུ་མ་སྙིང་པོ་ལས་ཀྱང་། བྱམས་པ་དང་ནི་སྙིང་རྗེ་
དང་། །ཤེས་རབ་ཆེན་པོས་བརྒྱན་པ་ཡི། །སངས་རྒྱས་ས་བོན་བྱང་ཆུབ་སེམས། །དེ་ཕྱིར་མཁས་པས་དེ་མི་བཏང་། །ཞེས་སོ། །སེམས་བསྐྱེད་དེའི་
ངོ་བོ་ཡང་། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པ་ལྟར། ཆེད་དུ་བྱ་བ་
གཞན་དོན་དུ་ཐོབ་བྱ་རྫོགས་བྱང་དོན་དུ་གཉེར་བའི་བསམ་པ་མཚུངས་ལྡན་དང་བཅས་པའོ། །འདི་ལ་དབྱེ་སྒོ་མང་དུ་ཡོད་ཀྱང་། སྐབས་སུ་
བབ་པ་ནི་སྨོན་སེམས་གཙོ་བོར་གྱུར་པའི་ཀུན་རྫོབ་སེམས་བསྐྱེད་ཡིན་ལ། འདི་ལ་ཡང་རྒྱལ་པོ་ལྟ་བུའི་སེམས་བསྐྱེད། མཉན་པ་ལྟ་བུའི་སེམས་
བསྐྱེད། ལུག་རྫི་ལྟ་བུའི་སེམས་བསྐྱེད་རྣམས་ལས། འདིར་བསྒོམ་པར་བྱ་བ་ནི་ཕྱི་མ་སྟེ། འདི་ནི་དང་པོར་རང་ཉིད་ཡལ་བར་དོར་ནས། གཞན་
སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་འདོད་པ་རླབས་པོ་ཆེའི་སེམས་བསྐྱེད་ཡིན་པའི་ཕྱིར། དེ་ལྟར་ཡང་། ཆོས་ཡང་དག་པར་སྡུད་པ་ལས།
བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནི་ཐོག་མ་ཁོ་ནར་སེམས་ཅན་ཐམས་ཅད་བྱང་ཆུབ་པར་འཚལ་བར་བགྱི་སྟེ། བདག་ཉིད་ནི་མ་ལགས་
སོ། །ཞེས་སོ། །དེ་ཇི་ལྟར་བསྒོམ་པའི་ཚུལ་ཡང་། མར་གྱུར་པའི་འགྲོ་བ་མཐའ་ཡས་པ་རྣམས་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བཞིན་དུ། རང་ཉིད་
ཞི་བ་དོན་དུ་གཉེར་བ་ནི་ཁྲེལ་མེད་པ་སྟེ། སློབ་སྤྲིང་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོངས་སུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་
བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་པ་ལྟར་རོ། །དེའི་ཕྱིར། རིན་
ཆེན་ཕྲེང་བ་ལས། ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང་། །གང་དུ་མ་གྲོལ་དེ་སྲིད་དུ། །དེ་ཕྱིར་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་གནས་གྱུར་
ཅིག །ཅེས་གསུངས་པ་ལྟར། སེམས་ཅན་གཅིག་གི་ཆེད་དུ་ཡང་། རང་གི་བྱང་ཆུབ་ཀྱང་ཡལ་བར་བོར་ནས་གནས་པ་ལྟ་བུ། གཞན་དོན་སྒྲུབ་
པའི་ཁུར་འཁྱེར་བར་ནུས་པའི་ལྷག་བསམ་དང་ལྡན་པར་བྱ་སྟེ། དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། བཅོམ་ལྡན་འདས་བྱང་ཆུབ་ཀྱི་
སེམས་བསྐྱེད་པ་སུའི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གང་གི་ལྷག་པའི་བསམ་པ་མ་འཁྲུགས་པའོ། །ཞེས་སོ། །དེ་ནས་བསྒྲུབ་བྱ་གཞན་
དོན་དེ་ལ་ཡང་མང་དུ་ཡོད་པ་ལས། སྤྱིར་ནི་ཇི་ལྟར་འཚམས་པར་ཐམས་ཅད་བསྒྲུབ་བྱ་ཡིན་མོད་ཀྱི། མཐར་ཐུག་གི་དབང་དུ་བྱས་ན། མངོན་
མཐོ་ཙམ་ནི་མཐའ་མི་བཙན་ཞིང་། སྡུག་བསྔལ་ལས་མ་འདས་པ་དང་། དམན་པའི་བྱང་ཆུབ་དག་ཀྱང་རང་དོན་མ་རྫོགས། གཞན་དོན་མི་
འགྲུབ། མཐར་ཐེག་ཆེན་དུ་འཇུག་དགོས་ཤིང་། དེའི་ཚེ་ཡང་སྔོན་དམན་པའི་ལམ་ལ་གོམས་པའི་དབང་གིས་རྟོགས་པ་བུལ་བ་སོགས། ཉེས་
པ་དུ་མ་ཡོད་པས་བསྒྲུབ་བྱའི་གཙོ་བོ་མ་ཡིན་ནོ། །དེས་ན་སྒྲིབ་གཉིས་མ་ལུས་པ་སྤངས་ཤིང་། སྐུ་གཉིས་གྱི་གོ་འཕང་ལ་གནས་ནས། དོན་གཉིས་
ལྷུན་གྲུབ་ཏུ་འབྱུང་བ། སངས་རྒྱས་ཁོ་ན་ཡིན་པས། སེམས་ཅན་ཐམས་ཅད་ཀྱིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་ན་ཅི་མ་
རུང་། ཐོབ་པར་གྱུར་ཅིག ཐོབ་པར་བྱའོ། །ཐོབ་པར་འགྱུར་བ་བླ་མ་དཀོན་མཆོག་མཁྱེན། སྙམ་དུ་སྒོ་གསུམ་འཇུག་པ་གཅིག་དྲིལ་དུ་བྱའོ། །དེ་
ནས་དེའི་ཆེད་དུ། སེམས་ཅན་ཐམས་ཅད་ཀྱི་རྒྱུ་ཀུན་འབྱུང་། འབྲས་བུ་སྡུག་བསྔལ། སྒྲིབ་གཉིས་ཀྱི་དྲི་མ། མདོར་ན་མཐོ་རིས་དང་། ཐར་པ་
དང་། ཐམས་ཅད་མཁྱེན་པ་འཐོབ་པའི་གེགས་སུ་གྱུར་པ་ཐམས་ཅད། ས་བོན་དང་བཅས། བག་ཆགས་དང་བཅས་པ་བདག་གི་རྒྱུད་ལ་སྨིན་
པར་གྱུར་ཅིག ཅེས་སོགས་པ་སྒོ་སྣ་ཚོགས། རྣམ་གྲངས་སྣ་ཚོགས། ཐབས་སྣ་ཚོགས་ཀྱིས་ལེན་པ་བསྒོམ། ཡུལ་དེ་དག་ཉེས་པ་ཐམས་ཅད་དང་
བྲལ་ནས། ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པར་བསྒོམ་ཞིང་། དམིགས་ཐུན་གྱི་གྲངས་བཟུང་བར་བྱའོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་
ལན་རེ་བསྒོམ་པ་ལ་ཡང་། ཚད་མེད་པའི་བསོད་ནམས་འབྱུང་བར་གསུངས་ཏེ། དཔའ་སྦྱིན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་ཀྱི་བསོད་
ནམས་གང་། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །གངྒཱའི་བྱེ་མའི་གྲངས་
སྙེད་ཀྱི། །སངས་རྒྱས་ཞིང་རྣམས་མི་གང་གིས། །རིན་ཆེན་དག་གིས་ཀུན་བཀང་སྟེ། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་
བགྱིས་ཏེ། །བྱང་ཆུབ་ཏུ་ནི་སེམས་བཏུད་ན། །མཆོད་པ་འདི་ནི་ཁྱད་པར་འཕགས། །དེ་ལ་མཐའ་ནི་མ་མཆིས་སོ། །ཞེས་སོགས་དཔེ་དང་བཅས་
པ་གསུངས་པའི་ཕྱིར། དེ་ལྟ་མིན་པར་བྱང་ཆུབ་ཀྱི་སེམས་དང་བྲལ་ན། ལམ་གཞན་ལ་འབད་དུ་ཟིན་ཀྱང་། ཞི་བའི་མཐར་ལྷུང་བ་ལས་མ་
འདས་ཏེ། རྒྱན་ལས། ཆེར་འོས་སེམས་བསྐྱེད་སྤངས་པའི་སྐྱེ་བོ་དག །གཞན་དོན་སེམས་དང་དེ་ཡི་ཐབས་རྙེད་དང་། །དགོངས་ཆེན་དོན་དང་
དེ་ཉིད་མཆོག་མཐོང་བའི། །བདེ་བ་དེ་སྤངས་ཞི་བར་འགྲོ་བར་འགྱུར། །ཞེས་སོ། །དེ་ལྟར་སེམས་བསྐྱེད་ཡོད་པ་དང་མེད་པའི་ཕན་ཡོན་དང་
ཉེས་དམིགས་ལ་ངེས་པ་བསྐྱེད་ནས། སེམས་དེ་རང་གཞན་གྱི་རྒྱུད་ལ་སྐྱེ་བ་གནས་པ། འཕེལ་བའི་ཐབས་ལ་ནན་ཏན་གྱིས་བསླབ་པར་བྱ་སྟེ།
ཇོ་བོས། ཐེག་ཆེན་ཆོས་སྒོར་འཇུག་འདོད་པས། །མུན་སེལ་གདུང་བ་ཞི་བྱེད་པ། །ཉི་ཟླ་ལྟ་བུའི་བྱང་ཆུབ་སེམས། །བསྐལ་པར་འབད་པས་སྐྱེ་
ཡང་རུང་། །ཞེས་གསུངས་པ་ལྟར་རོ། །གལ་ཏེ་སྨོན་སེམས་ཙམ་ལ་ཕན་ཡོན་ཆེན་པོ་དེ་ལྟ་བུ་མི་འབྱུང་ངོ་ཞེ་ན། མ་ཡིན་ཏེ། སྤྱོད་འཇུག་ལས།
བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་
བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །ཞེས་སོགས་རྒྱས་པར་གསུངས་པའང་། གཙོ་བོར་སྨོན་སེམས་ཀྱི་དབང་དུ་མཛད་
པའི་ཕྱིར་དང་། བྱམས་པའི་རྣམ་པར་ཐར་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན། རྡོ་རྗེ་རིན་པོ་ཆེ་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་
འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཅིང་། རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ལ། དབུལ་བ་ཐམས་ཅད་ཀྱང་རྣམ་པར་ཟློག་གོ། །རིགས་
ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ནན་ཏན་དང་བྲལ་ཡང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་
ཏན་གྱི་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཅིང་། བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ། འཁོར་བའི་དབུལ་བ་ཐམས་ཅད་ཀྱང་
རྣམ་པར་ཟློག་གོ། །ཞེས་སྒྲུབ་པའི་ནན་ཏན་དང་བྲལ་བའི་སྨོན་སེམས་ཀྱི་ཕན་ཡོན་དཔེ་དང་བཅས་པ་གསུངས་པའི་ཕྱིར་དང་། དཔའ་བར་འགྲོ་
བའི་མདོ་ལས། གཡོ་བྱས་ཏེ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡང་སངས་རྒྱས་ཀྱི་རྒྱུར་གསུངས་ན། དགེ་བ་སྣ་འགའ་བྱས་ཏེ་སེམས་བསྐྱེད་པ་ལྟ་ཅི་
སྨོས། ཞེས་སོགས་མཐའ་ཡས་པར་གསུངས་པའི་ཕྱིར་རོ། །སྙིང་རྗེའི་ཆུ་གཏེར་གཏིང་མཐའ་མི་མངོན་ཞིང་། །ལྷག་བསམ་གསེར་གྱི་ཁྱོན་ཡངས་
བརྟན་དབུས་སུ། །རིགས་མཆོག་རིན་ཆེན་ཁམས་ལས་ལེགས་གྲུབ་པའི། །བྱང་ཆུབ་སེམས་འདི་སྲིད་དང་ཞི་བའི་དཔལ། །
    གཉིས་པ་གཏོང་བ་བསྒོམ་པ་ལ་གཉིས། སྒོམ་པའི་འཐད་པ། སྒོམ་ཚུལ་གྱི་རིམ་པའོ། །
    དང་པོ་ནི། གཏོང་བ་ལ་བློ་སྦྱོང་བའི་ཚུལ་འདི་ནི། གནད་ཀྱི་གདམས་པར་ཤེས་པར་བྱ་སྟེ། སེམས་ཅན་ཐམས་ཅད་ལ་ཐོག་མ་མེད་པ་ནས་ཀྱི་
དྲིན་ལན་དང་། ལན་ཆགས་བསམ་གྱིས་མི་ཁྱབ་པ་འཇལ་དགོས་པའི་ཕྱིར་དང་། སྒོ་མཐའ་ཡས་པའི་གཟུངས་ལས། སེམས་ཅན་གང་དག་ཁ་ཅིག་
རྩོད་འགྱུར་བ། །དེ་ཡི་གཞི་རྩ་ཡོངས་སུ་འཛིན་པ་སྟེ། །དེ་ལྟས་གང་ལ་སྲེད་པར་འགྱུར་བ་སྤོངས། །སྲེད་པ་སྤང་བར་བྱས་ན་གཟུངས་སུ་འགྱུར། །
ཞེས་སོགས་གསུངས་པ་ལྟར། ཉེས་པའི་རྩ་བ་སེར་སྣའི་ཀུན་འཛིན་སྤོངས་དགོས་པའི་ཕྱིར་དང་། སྤྱོད་འཇུག་ལས། དངོས་སམ་ཡང་ན་བརྒྱུད་
ཀྱང་རུང་། །སེམས་ཅན་དོན་ལས་གཞན་མི་སྤྱད། །ཅེས་པ་ལྟར། ཆེད་དུ་བྱ་བ་གཞན་དོན་ཁོ་ན་ལྷུར་ལེན་དགོས་པའི་ཕྱིར་དང་། དེ་ཉིད་ལས། ཐམས་ཅད་བཏང་བས་མྱ་ངན་འདས། །བདག་བློ་མྱ་ངན་འདས་པ་བསྒྲུབ། །ཐམས་ཅད་བཏང་བར་ཆབས་ཅིག་ལ། །སེམས་ཅན་རྣམས་ལ་
བཏང་བ་མཆོག །ཅེས་པ་ལྟར། ལུས་དང་ལོངས་སྤྱོད་སོགས་མཐར་འབྲལ་བའི་ཆོས་ཅན་དུ་ངེས་ཤིང་ད་ལྟ་དངོས་དང་བསམ་པས་བཏང་བ་
ནི་སྙིང་པོ་ལེན་པའི་ཐབས་དང་། མྱང་འདས་སྒྲུབ་པའི་རྒྱུར་འགྱུར་བའི་ཕྱིར་དང་། བསླབ་བཏུས་ལས། བདག་གི་ལུས་དང་ལོངས་སྤྱོད་དང་། །
དགེ་བ་དུས་གསུམ་སྐྱེས་པ་རྣམས། །སེམས་ཅན་ཀུན་ལ་བཏང་བ་དང་། །དེ་བསྲུང་དག་པ་སྤེལ་བའོ། །ཞེས་པ་ལྟར། བྱང་ཆུབ་སེམས་དཔའི་བསླབ་
པ་ཐམས་ཅད་མདོར་བསྡུ་ན། ལུས་དང་། ལོངས་སྤྱོད་དགེ་རྩ་གསུམ་བཏང་བ། བསྲུང་བ། དག་པ། སྤེལ་བ་རྣམས་སུ་འདུས་པའི་ཕྱིར་དང་། རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཞེས་པ་ལྟར། སངས་རྒྱས་སའི་གནས་
ལུས་ལོངས་སྤྱོད་མཛད་པ་ཕུན་ཚོགས་རྣམས་ཀྱི་སྒྲུབ་བྱེད་དུ་ངེས་པའི་ཕྱིར་དང་། ས་ལ་ཞུགས་པའི་བྱང་སེམས་རྣམས་ཀྱིས་རླབས་པོ་ཆེའི་
སྤྱོད་པ་དངོས་སུ་མཛད་པ་རྣམས། ད་ལྟ་བསམ་པའི་སྒོ་ནས་སྒྲུབ་པའི་ཐབས་ལ་མཁས་པ་ཡིན་པའི་ཕྱིར་རོ། །
    གཉིས་པ་སྒོམ་ཚུལ་གྱི་རིམ་པ་ལ་གསུམ། ལུས་གཏོང་བ། ལོངས་སྤྱོད་གཏོང་བ། དགེ་བའི་རྩ་བ་གཏོང་བའོ། །
    དང་པོ་ནི། རང་སེམས་ཡི་དམ་གང་རུང་གི་ཐུགས་ཀར་འཕོ། ལུས་བློས་འཁྱུད་ཚད་ཙམ་གྱི་སྔར་བས་ཆེ་བ། ཚོ་བ་མགྲེ་བ། བཀྲག་མདངས་
རྒྱས་པ་སོགས་སུ་བསྒོམ། དེ་ཉིད་བློས་ཁ་ཕྱེ་ནས་སྟོང་གསུམ་ཁྱབ་པའི་པགས་པ། ཤ་ཁྲག རུས་པ། ནང་ཁྲོལ། དོན་སྙིང་། ཡན་ལག་སོགས་སུ་གྱུར་
པར་བསམ། འབྲུ་གསུམ་བརྗོད་ཅིང་བདུད་རྩིར་བྱིན་གྱིས་བརླབས་ནས། མགྲོན་རིགས་བཞི་ལ་དབུལ། གང་འདོད་དང་ཅི་འོས་ཀྱི་དངོས་པོར་
གྱུར་ནས་ཚིམ་པར་བསམ། ཁྱད་པར་དུ་ལན་ཆགས་གདོན་བགེགས་རྣམས་ལ་སྦྱིན་ནོ། །
    གཉིས་པ་ནི། རང་དབང་བའི་ཟས་ནོར། ཞིང་ཁང་སོགས་ཡོ་བྱད་རྣམས་མདུན་དུ་དམིགས། ཟད་མི་ཤེས་པའི་ལོངས་སྤྱོད་དུ་བློས་སྤྲུལ་ཞིང་
བྱིན་གྱིས་བརླབས། མགྲོན་རིགས་བཞི་ལ་ཕུལ་བས། ཡིད་བཞིན་གྱི་ནོར་བུ། དཔག་བསམ་གྱི་ཤིང་། བུམ་པ་བཟང་པོ། རིན་པོ་ཆེའི་གཏེར་བྱེ་བ་
ཁྲག་ཁྲིག་སོགས་སུ་གྱུར་ནས་ཐམས་ཅད་དགྱེས་ཤིང་ཚིམ་པར་བསམ། ཁྱད་པར་དུ་དབུལ་ཕོངས་རྣམས་ལ་སྦྱིན་ནོ། །
    གསུམ་པ་ནི། རང་རྒྱུད་ཀྱི་དགེ་རྩ་དུས་གསུམ་གྱིས་བསྡུས་པ་རྣམས་བློ་ཡུལ་དུ་བྱ། དེ་ཉིད་ལུང་དང་རྟོགས་པའི་ཆོས་ཟད་མི་ཤེས་པར་བྱིན་
གྱིས་བརླབས། སེམས་ཅན་ཐམས་ཅད་ལ་བྱིན་པས་ཆོས་ཀྱི་དཔལ་འབྱོར་རྒྱས་པར་བསྒོམ། ཁྱད་པར་དུ། མདོ་སྡེ་རྒྱན་ལས། ལ་ལ་གཅིག་ཏུ་ཉེས་
པར་སྤྱོད་དེས་ཡོད། །ལ་ལ་དཀར་པོའི་ཆོས་རྣམས་ཀུན་ཏུ་བཅོམ། །ལ་ལ་ཐར་པ་ཆ་མཐུན་དགེ་བ་མེད། །དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ།།
ཞེས་པ་ལྟར། མཚམས་མེད་སོགས་བྱེད་པ། ལོག་ལྟ་དང་ལྡན་པ། རིགས་ནུས་དམན་པ། རིགས་ཀྱི་ཉེས་པས་བསྒྲིབས་པ་སོགས་ཆོས་ཀྱི་ཕོངས་པ་
རྣམས་ལ་སྦྱིན། གཞན་ཡང་། སྤྱོད་འཇུག་ལས། སེམས་ཅན་རྣམས་དོན་བསྒྲུབ་པའི་ཕྱིར། །ཡིད་བཞིན་གྱི་ནི་ལུས་སུ་བསྒྱུར། །ཞེས་པ་དང་། ས་
སོགས་འབྱུང་བ་ཆེན་པོ་དང་། །ཞེས་སོགས་ལ་བརྟེན་ནས་ཡིད་བཞིན་གྱི་ནོར་བུ་ལ་བརྟེན་པའི་བློ་སྦྱོང་དང་། འབྱུང་བ་བཞི་ལ་བརྟེན་པའི་བློ་
སྦྱོང་སོགས་དམ་པ་སྔ་མ་རྣམས་ཀྱི་མན་ངག་ལས་འབྱུང་བ་བཞིན་དུ་བསྒོམ་པར་བྱའོ། །ཚུལ་དེ་དག་ཀྱང་དྲི་མ་མེད་པའི་མདོ་སྡེ་དག་ལས་འབྱུང་
བའི་སྒོམ་རིམ་ཁོ་ན་སྟེ། འདི་ལྟར། ལུས་གཏོང་བའི་དབང་དུ་བྱས་ནས། འཕགས་པ་བློ་གྲོས་མི་བཟད་པའི་མདོ་ལས། ལུས་འདི་བདག་གིས་སེམས་
ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་པ་ལ་དེངས་པར་བྱ་སྟེ། དཔེར་ན་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། འབྱུང་བ་ཆེན་པོ་བཞི་པོ་འདི་དག སྒོ་སྣ་ཚོགས་དང་། རྣམ་གྲངས་སྣ་ཚོགས་དང་། དམིགས་པ་སྣ་ཚོགས་དང་། ཡོ་བྱད་སྣ་ཚོགས་དང་། ལོངས་
སྤྱོད་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ཉེ་བར་ལོངས་སྤྱོད་པར་བྱེད་པ་དེ་བཞིན་དུ། བདག་གིས་ཀྱང་འབྱུང་བ་ཆེན་པོ་བཞིའི་ཁོག་པའི་ལུས་འདི། སྒོ་སྣ་ཚོགས་དང་། རྣམ་གྲངས་སྣ་ཚོགས་དང་། དམིགས་པ་སྣ་ཚོགས་དང་། ཡོ་བྱད་སྣ་ཚོགས་དང་། ལོངས་སྤྱོད་སྣ་ཚོགས་ཀྱིས་རྒྱ་ཆེར་སེམས་ཅན་
ཐམས་ཅད་ཉེ་བར་འཚོ་བར་བྱའོ་སྙམ་ཏེ། ཞེས་སྤྱིར་གཏོང་བའི་ཚུལ་དང་། སྲེད་མེད་ཀྱི་བུས་ཞུས་པའི་མདོ་ལས། སེམས་ཅན་གང་དང་གང་ལ། ཅི་དང་ཅི་འདོད་པ་ཁྱེར་ཅིག ལག་པ་འདོད་པས་ལག་པ་ཁྱེར་ཅིག རྐང་པ་འདོད་པས་རྐང་པ། མིག་འདོད་པས་མིག ཤ་འདོད་པས་ཤ ཁྲག་
འདོད་པས་ཁྲག རྐང་འདོད་པ་རྐང་། ཡན་ལག་དང་ཉིང་ལག་འདོད་པས་ཡན་ལག་དང་ཉིང་ལག མགོ་འདོད་པས་མགོ་ཁྱེར་ཅིག ཅེས་སོགས་སོ་
སོར་གཏོང་བའི་ཚུལ་གསུངས་སོ། །ལོངས་སྤྱོད་གཏོང་བའི་དབང་དུ་བྱས་ནས། མདོ་དེ་ཉིད་ལས། ཕྱི་རོལ་གྱི་དངོས་པོ་འདི་ལྟ་སྟེ། ནོར་དང་། འབྲུ་དང་། གསེར་དང་། དངུལ་དང་། རིན་པོ་ཆེ་དང་། རྒྱན་དང་། རྟ་དང་། གླང་པོ་ཆེ་དང་། ཤིང་རྟ་དང་། བཞོན་པ་དང་། གྲོང་དང་། གྲོང་ཁྱེར་
དང་། གྲོང་རྡལ་དང་། ལྗོངས་དང་། རྒྱལ་སྲིད་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དང་། ཚོང་དུས་དང་། བྲན་ཕོ་མོ་དང་། ལས་བྱེད་
པ་དང་། ཞོ་ཤས་འཚོ་བ་དང་། བུ་དང་། བུ་མོ་དང་། གཡོག་རྣམས་ལྟ་ཅི་སྨོས་ཏེ། སེམས་ཅན་གང་དང་གང་ལ། གང་དང་གང་གིས། ཅི་དང་ཅི་
དགོས་པར་འགྱུར་བ། སེམས་ཅན་དེ་དང་དེ་དག་ལ། དེ་དང་དེ་སྦྱིན་ནོ། །ཞེས་སོགས་གསུངས་སོ། །དགེ་རྩ་གཏོང་བའི་དབང་དུ་བྱས་ནས། འཕགས་པ་རྡོ་རྗེ་རྒྱལ་མཚན་གྱི་མདོ་ལས། དགེ་བའི་རྩ་བ་ཐམས་ཅད་ཀྱིས་ཕན་འདོགས་པས་སེམས་ཅན་ཐམས་ཅད་ལ། དགེ་བའི་རྩ་བ་དག་
གིས་སེམས་པར་བྱེད་པ་དང་། ཞེས་སོགས་དང་། ཅི་ནས་དགེ་བའི་རྩ་བ་འདི་དག་རྣམ་པར་དག་པའི་ཆོས་ཀྱི་མཐའ་ཀླས་པར་འགྲོ་བ་ཐམས་
ཅད་ལ། ཉེ་བར་འཚོ་བ་དང་ཕན་པར་གྱུར་ཅིག དེ་ནས་དགེ་བའི་རྩ་བ་འདི་དག་གིས། སེམས་ཅན་ཐམས་ཅད་ཀྱི་སེམས་ཅན་དམྱལ་བའི་ངན་
སོང་རྒྱུན་ཆད་པར་གྱུར་ཅིག དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་པའི་སྡུག་བསྔལ་བའི་ཕུང་པོ་རྣམ་པར་ལོག་པར་གྱུར་ཅིག ཅེས་སོགས་དགེ་རྩ་གཏོང་ཚུལ་སྤྱིར་གསུངས་ཤིང་། བློ་གྲོས་མི་ཟད་པའི་མདོ་ལས། དུས་གསུམ་གྱི་དགེ་རྩ་གཏོང་ཚུལ་སོ་སོར་ཕྱེ་ནས་རྒྱས་པར་
གསུངས་སོ། །དེ་ལྟར་གཏོང་བ་གསུམ་སོ་སོར་བསྒོམ་པ་ནི་གོང་མ་རྣམས་ཀྱི་ཕྱག་ལེན་ཡིན་མོད། དམིགས་ཐུན་ཉུང་ངུ་ལ་དགའ་བ་རྣམས་ཀྱི་ངོར་
དམིགས་རྣམ་རྒྱ་ཆེན་པོའི་སྒོ་ནས། ལུས་ལོངས་སྤྱོད་དགེ་རྩ་གསུམ་དུས་གཅིག་ཏུ་གཏོང་བའི་ཚུལ་བཤད་པར་བྱ་སྟེ། དེ་ཡང་བྱང་ཆུབ་ཀྱི་སེམས་
ལ་སོགས་པ་ཀུན་སློང་དང་། གཏོང་བ་སྒོམ་པའི་འཐད་པ་རྣམས་གསལ་བར་དྲན་པ་དང་། ལུས་བདུད་རྩིར་བྱིན་གྱིས་བརླབས་པའི་བར་རྣམས་
གོང་ལྟར་བྱ། དེ་ནས་བདག་གི་ལོངས་སྤྱོད་དང་དགེ་རྩ་ཐམས་ཅད་འོད་ཀྱི་རྣམ་པར་བདུད་རྩི་ལ་རིམ་བཞིན་ཐིམ་པས་ཁ་དོག དྲི། རོ། ནུས་པ་
ཕུན་སུམ་ཚོགས་པ་འདོད་དགུ་ཐམས་ཅད་འབྱུང་བའི་བདུད་རྩིའི་རྒྱ་མཚོ་བསམ་གྱིས་མི་ཁྱབ་པར་བསྒོམ། དེ་ཉིད་ལས་མཚོ་ལས་རླངས་ཆད་
པའི་ཚུལ་དུ་འོད་ཀྱི་ཕུང་པོ་ཆེན་པོ་རྣམས་འཕྲོས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནམ་མཁའི་མཐའ་ཀླས་པར་སྤྲིན་གྱི་རྣམ་པར་ཆགས། དེ་
ལས་བདུད་རྩིའི་ཟིམ་ཆར་བསམ་གྱིས་མི་ཁྱབ་པར་བབས། འཁོར་འདས་ཀྱི་སྣོད་བཅུད་ཐམས་ཅད་བཀྲུ་བའི་ཚུལ་དུ་བྱས་པས། གནས་ལུས་
ལོངས་སྤྱོད་འོག་མིན་བདེ་བ་ཆེན་པོའི་ཕོ་བྲང་ལྟ་བུ་འབའ་ཞིག་ཏུ་བསྒྱུར། ཁྱད་པར་དུ་དཀོན་མཆོག་སྲིད་ཞིའི་མགྲོན་རིགས། རྩ་བརྒྱུད་ཀྱི་བླ་མ་
རྣམས་དང་། ཡི་དམ་ལྷ་ཚོགས། སངས་རྒྱས་བྱང་སེམས། རང་རྒྱལ་ཉན་ཐོས། འཕགས་པའི་ཚོགས་ཐམས་ཅད་ཀྱི་སྤྱན་ལམ་དུ་བདུད་རྩིའི་ཆར་
བབས། གང་ལ་གང་འཚམས་པའི་སྣོད་རྣམས་གང་། དགྱེས་བཞིན་དུ་གསོལ་བས་ཟག་མེད་གྱི་བདེ་བ་ཆེན་པོས་དགྱེས། ཐུགས་དགོངས་ཐམས་
ཅད་ཡོངས་སུ་རྫོགས་པར་བསྒོམ། མགོན་པོ་ཡོན་ཏན་གྱི་མགྲོན་རིགས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྲུང་མ་དམ་ཚིག་ཅན། མཐུ་རྩལ་ཅན། བྱིན་རླབས་ཅན་ཐམས་ཅད་ཀྱི་སྤྱན་ལམ་དུ་སྔར་བཞིན་དུ་བབ་ཅིང་གསོལ་བས་ཐམས་ཅད་ཀྱི་ཐུགས་དམ་སྐོང་། བཞེད་པ་གྲུབ། ནུས་སྟོབས་རྒྱས། སངས་རྒྱས་ཀྱི་བསྟན་པ་སྲུང་བའི་ཕྲིན་ལས་ལ་བརྩོན་པར་བསྒོམ། རིགས་དྲུག་སྙིང་རྗེའི་མགྲོན་རིགས། སྲིད་པའི་རྩེ་མོ་མན་
ཆད། དམྱལ་བའི་གནས་ཡན་ཆད། བར་མ་དོ་ན་གནས་པ་དང་བཅས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ། བདུད་རྩིའི་སྤྲིན་ཆར་བབ་པས། སོ་སོའི་
རྒྱུད་ཀྱི་འབྲས་བུ་སྡུག་བསྔལ། རྒྱུ་ཉོན་མོངས། རྐྱེན་ལས་ངན། སྒྲིབ་གཉིས་ཀྱི་དྲི་མས་བསྡུས་པ་ཐམས་ཅད་ས་བོན་དང་བཅས། བག་ཆགས་དང་
བཅས་པ་ཐམས་ཅད་དག ཟག་མེད་ཀྱི་བདེ་བས་རྒྱུད་ཚིམ། ལུང་རྟོགས་ཀྱི་ཡོན་ཏན་ཕུན་ཚོགས་དང་ལྡན་པར་བསྒོམ། ལན་ཆགས་གདོན་
བགེགས་ཀྱི་མགྲོན་རིགས། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། ནད་རིགས་བཞི་བརྒྱ་རྩ་བཞི། བདུད་རིགས་སུམ་བརྒྱ་དྲུག་ཅུ། བྱིས་པའི་གདོན་
ཆེན་བཅྭོ་ལྔ་སོགས། སེམས་ཅན་ཡོངས་ལ་འཚེ་བ། སྲོག་དང་གཟི་མདངས་འཕྲོག་པ། ཤ་ལ་བརྐམ་པ་ཁྲག་ལ་སྲེད་པ། བསམ་པ་ངན་པ། སྦྱོར་བ་
རྩུབ་པ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་སྔར་བཞིན་བབ་ཅིང་ལོངས་སྤྱད་པས། ཐམས་ཅད་ངོམས་ཤིང་ཚིམ། བསམ་ངན་གདུག་རྩུབ་ཞི། ལན་ཆགས་
དང་ཤ་འཁོན་བྱང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྣམས་རྒྱུད་ལ་སྐྱེས། ལུས་སེམས་ཟག་མེད་ཀྱི་བདེ་བ་དང་ལྡན། ཕན་ཚུན་ཕན་འདོགས་ཀྱི་
སྦྱོར་བ་ལ་ཞུགས་པར་བསྒོམ། སླར་ཡང་བདུད་རྩིའི་རྒྱ་མཚོ་ལས། ཆར་སྤྲིན་གྱི་སྤྲོ་བསྡུ་སྔ་མ་བཞིན་བྱས་པས། མགྲོན་རིགས་དང་པོ་མཆོད་པའི་
ཕྱིར་དུ། མཆོད་ཡུལ་རེ་རེ་ལའང་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ། གསེར་གྱི་ས་གཞི་ལ། བཻ་ཌཱུརྱ་ཡིས་མིག་མངས་རིས་སུ་བྲིས་པ། མནན་ན་
ནེམ་བྱེད་ཅིང་། བཏེགས་ན་པར་གྱིས་བྱེད་པ། འོད་ཟེར་རབ་ཏུ་གསལ་བ། རིན་པོ་ཆེའི་རི་རྣམས་དང་། རིན་པོ་ཆེའི་ལྗོན་ཤིང་སྣ་ཚོགས། སྐྱེད་
ཚལ་སྣ་ཚོགས། རྫིང་བུ་སྣ་ཚོགས། ཐེམ་སྐས་སྣ་ཚོགས། ཁང་བཟང་སྣ་ཚོགས། བཞུགས་ཁྲི་སྣ་ཚོགས། དེ་བཞིན་དུ་ཡོལ་བ། བླ་རེ། རྒྱལ་མཚན།
འཕན། གདུགས། ལྡ་ལྡི། རྒྱན་ཕྲེང་། ན་བཟའ། མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་མཆོག ཞལ་ཟས། རོལ་མོ་སྣ་ཚོགས་
པ་རྣམས་དང་། གཞན་ཡང་རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད་སོགས། ལྷ་དང་མིའི་མཆོད་རྫས། གཟུགས་ཕུན་སུམ་ཚོགས་པ། སྒྲ། དྲི། རོ། རེག་བྱ་ཕུན་ཕུན་ཚོགས་པ། ཟག་མེད་ཀྱི་བདེ་བ་སྐྱེད་ནུས། དབང་ཐོབ་པའི་བྱང་སེམས་རྣམས་ཀྱི་ཏིང་ངེ་འཛིན་རྒྱ་མཚོའི་རྣམ་འཕྲུལ་ལས་བྱུང་
བ་ལྟ་བུ་བསམ་གྱིས་མི་ཁྱབ་པར་གྱུར། ཐུགས་རྗེའི་སྒོ་ནས་ལོངས་སྤྱོད་པས་དགྱེས་པ་ཆེན་པོ་སྐྱེས་པར་བསྒོམ། དེ་བཞིན་དུ་མགྲོན་རིགས་གཉིས་
པ་རྣམས་ལ་ཡང་། གང་ལ་གང་འཚམས་པའི་བཞུགས་གནས། ཕོ་བྲང་། གདན་ཁྲི། གོས་རྒྱན། སྤྱན་གཟིགས། དཀོར་ནོར། དམ་རྫས་སོགས། ཕྱི་
ནང་གསང་བའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པར་གྱུར་པ་སོགས་གོང་བཞིན། མགྲོན་རིགས་གསུམ་པ་རྣམས་ལ་ཡང་རང་རང་གང་འདོད་
པའི་གནས། གྲོགས། གཉེན། མགོན། སྐྱབས། རྟེན། དཔུང་གཉེན། འཁོར། བྲན། ཟས། གོས། སྨན། ནོར། འབྲུ། བང་མཛོད། རིན་པོ་ཆེའི་གཏེར་ལ་
སོགས་པ་ཟད་མི་ཤེས་པའི་ལོངས་སྤྱོད་དུ་གྱུར་པ་སོགས་སྔ་མ་བཞིན་ནོ། །མགྲོན་རིགས་བཞི་པ་ལ་ཡང་། རང་རང་གང་འདོད་པའི་ཤ ཁྲག ཚིལ། རུས་པ། རྐང་མར། ཀླད་པ། མཁྲིས་པ། དབང་པོ། དོན་སྙིང་། པགས་པ། སྐྲ་སེན་སོགས་བསམ་གྱིས་མི་ཁྱབ་པར་གྱུར་པ་སོགས་སྔ་མ་བཞིན་ནོ། །
སླར་ཡང་སྤྲོ་བསྡུ་གོང་བཞིན་བྱས་པས། བདུད་རྩིའི་ཆར་བསམ་གྱིས་མི་ཁྱབ་པར་བབ་པ་ལས། བདུད་རྩིའི་ཐིགས་པ་རེ་རེ་ལས་ཀྱང་འོད་ཟེར་
བསམ་གྱིས་མི་ཁྱབ་པ། འོད་ཟེར་རེ་རེའི་རྩེ་མོར་ཡང་པདྨོ་བསམ་གྱིས་མི་ཁྱབ་པ། པདྨོ་རེ་རེའི་ལྟེ་བར་ཡང་། རང་ལུས་ཀྱི་བཀོད་པ་བསམ་གྱིས་
མི་ཁྱབ་པར་གྱུར། དེ་རེ་རེས་ཀྱང་མགྲོན་རིགས་དང་པོ་རྣམས་ཀྱི་སྤྱན་སྔར་ལུས་ཀྱི་བཀོད་པ་སྣ་ཚོགས་པས་མཆོད་རྫས་སྣ་ཚོགས་ཀྱིས་མཆོད་
བཞིན་དུ། སྒྲ་དབྱངས་སྣ་ཚོགས་ཀྱི་སྒོ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བསྔགས་པ་སྣ་ཚོགས་བརྗོད་པའི་བསྟོད་པ་དང་། ཆོས་ཀྱི་
འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པ་དང་། རང་གི་རྟོགས་བརྗོད་སྣ་ཚོགས་
བསྒྲགས་པས་རྒྱལ་བ་རྣམས་ཀྱི་ཐུགས་དགོངས་རྫོགས། འཕགས་ཆུང་འོག་མ་རྣམས་ཀྱང་། ཐེག་དམན་པ་རྣམས་ཐེག་ཆེན་དུ་ཞུགས། ས་འོག་མ་
རྣམས་གོང་མར་འཕར་ཏེ་སྤངས་རྟོགས་མཐར་ཕྱིན་པར་བསྒོམ། མགྲོན་རིགས་གཉིས་པ་རྣམས་ལ་ཡང་། མཆོད་བསྟོད་བསྐུལ་བ་རྣམས་བྱས་ལ། རང་རང་གི་ཕྲིན་ལས་ལ་བརྩོན་པར་བསྒོམ། མགྲོན་རིགས་གསུམ་པ་རྣམས་ལ་ཡང་། རང་རང་གི་དབང་པོ་དང་། བསམ་པ་དང་། ཁམས་དང་། བག་ལ་ཉལ་དང་འཚམས་པར་མངོན་མཐོས་འདུལ་བ་རྣམས་ལ་མངོན་མཐོའི་ཆོས། དེ་བཞིན་དུ་ཉན་ཐོས་ཀྱི་ཐེག་པས། རང་རྒྱལ་གྱི་ཐེག་པས། བྱང་སེམས་ཀྱི་ཐེག་པས། ཟབ་པའི་ཆོས་ཀྱིས། རྒྱ་ཆེ་བའི་ཆོས་ཀྱིས་འདུལ་བ་རྣམས་ལ་རྒྱ་ཆེ་བའི་ཆོས་རྣམས་བསྟན་པས། མ་རྟོགས་ལོག་རྟོག་ཐེ་
ཚོམ་གྱི་དྲི་མ་རྣམས་བསལ། མ་དད་པ་རྣམས་དད། མ་བསྡུས་པ་རྣམས་བསྡུས། མ་སྨིན་པ་རྣམས་སྨིན། མ་གྲོལ་བ་རྣམས་གྲོལ། གྲོལ་བ་རྣམས་
གྲོལ་བ་མཐར་ཕྱིན་པར་བསྒོམ། མགྲོན་རིགས་བཞི་པ་རྣམས་ལ་ཡང་། ཞི་བ་དང་། དྲག་པོ། གང་དང་གང་གིས་འདུལ་བ་རྣམས་ལ། དེ་དང་དེའི་
རྣམ་པ་སྣ་ཚོགས་བསྟན་ནས། ཚར་བཅད་པར་འོས་པ་རྣམས་ཚར་བཅད། རྗེས་སུ་བཟུང་བར་འོས་པ་རྣམས་རྗེས་སུ་བཟུང་སྟེ། རྣམ་གྲོལ་ཐར་
པའི་ལམ་ལ་བཀོད་པར་བསྒོམ། དེ་དག་ཐམས་ཅད་ཀྱི་སྐབས་སུ་ཡང་འཁོར་གསུམ་རྣམ་དག་གི་ཤེས་རབ་ཀྱིས་ཟིན་པར་བྱ། ཆོས་སྦྱིན་གྱི་སྐབས་
སུ་གཙུག་ལག་ནས་འབྱུང་བའི་ཚིགས་སུ་བཅད་པ་ཅི་རིགས་པར་གདོན། མཐར་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པས་རྒྱས་གདབ་བོ། །འདི་
ལྟ་བུའི་དམིགས་པ་ཐུན་རེ་བསྒོམ་པ་ལ་ཡང་ཚད་མེད་པའི་བསོད་ནམས་འབྱུང་བར་ངེས་ཏེ། ཞིང་གི་ཁྱད་པར་སྲིད་ཞིའི་མགྲོན་རིགས་མ་ལུས་
པ་ཚང་བའི་ཕྱིར་དང་། བསམ་པའི་ཁྱད་པར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྣམས་ཀྱིས་ཟིན་པའི་ཕྱིར་དང་། དངོས་པོའི་ཁྱད་པར་ལུས་
ལོངས་སྤྱོད་དགེ་རྩ་མཐའ་དག་གཏོང་བའི་ཕྱིར་དང་། ཆོ་གའི་ཁྱད་པར་དམིགས་རྣམ་ཤིན་ཏུ་རྒྱ་ཆེན་པོའི་ཐབས་མཁས་དང་ལྡན་པའི་ཕྱིར་
དང་། བསྔོ་བའི་ཁྱད་པར་འཁོར་གསུམ་རྣམ་པར་དག་པའི་བསྔོ་བ་དང་ལྡན་པའི་ཕྱིར། རྨད་དུ་བྱུང་བའི་ཉམས་ལེན་གྱི་རིམ་པ་འདིས། བྱང་
སེམས་ཆེན་པོ་རྣམས་ཀྱིས་སྨོན་ལམ་ཆེན་པོའི་སྟོབས་ལས་གྲུབ་པའི་ཆོ་འཕྲུལ་ཆེན་པོས་མཐའ་ཡས་པའི་འགྲོ་བ་ལ་དངོས་སུ་ཕན་འདོགས་པའི་
སྤྱོད་པ་རྣམས་ཀྱང་མྱུར་དུ་འགྲུབ་པར་འགྱུར་རོ། །དེ་ཡང་ཇི་ལྟ་བུ་སྙམ་ན། སྡོང་པོ་བཀོད་པའི་མདོ་ལས། དགེ་བསྙེན་མ་ཕུལ་དུ་བྱུང་བས། ནོར་
བཟང་ལ། བསོད་ནམས་ཀྱི་མཛོད་མི་ཟད་པའི་རྒྱན་ཅེས་བྱ་བའི་ཏིང་ངེ་འཛིན་གྱི་ཡོན་ཏན་རྒྱས་པར་བརྗོད་པའི་རྗེས་སུ། རིགས་ཀྱི་བུ་ཡུད་
ཙམ་ཞིག་སྡོད་དང་དེའུ་རེ་མངོན་དུ་འགྱུར་རོ། །ཞེས་བརྗོད་མ་ཐག་ཏུ་དགེ་བསྙེན་མ་ཕུལ་དུ་བྱུང་བའི་སྔོན་གྱི་སྨོན་ལམ་གྱིས་བོས་པའི་སེམས་
ཅན་གྲངས་མེད་པ་ཞིག་ཤར་ཕྱོགས་ནས་འོངས་པར་གྱུར་ཏོ། །དེ་བཞིན་དུ་ཕྱོགས་ཐམས་ཅད་ནས་འོངས་ཏེ། དེ་དག་དགེ་བསྙེན་མ་ཕུལ་དུ་
བྱུང་བས་སྟན་སྣ་ཚོགས་ལ་བཀོད་དེ། སོ་སོ་ནས་ཅི་དགའ་