กก

༄༅། །བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པའི་མན་ངག་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །
སྒ་རབ་འབྱམས་པ་ཀུན་དགའ་ཡེ་ཤེས་ཀྱིས་མཛད།

  བསྡོམས་ལྡེབ་ངོས་༡༠ཡོད།    ༡༽  ༢༽  ༣༽   ༤༽   ངོས་པ།   ༦༽   ༧༽   ༨༽   ༩༽   ༡༠༽

    བཞི་པ་ཆུ་བོ་རབ་མེད་ནི། འགྱུར་བྱེད་ཀྱི་ཚྭ་ཆུ་ཁོལ་མའི་ནང་དུ་བྱིང་བ་དང་། སྟེང་དུ་ལྡིང་བའི་ཚེ་ཤ་དང་པགས་པ་ཚིག་ཅིང་སྐྱེ་ལ། འགྲམ་
ངོགས་སུ་འབྲོས་པའི་ཚེ་གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་རྔན་བགྲང་དང་། གནོད་པ་སྣ་ཚོགས་བྱེད་པའོ། །བཞི་པོ་དེ་དག་གིས་ཚ་དམྱལ་བརྒྱད་
པོ་རེ་རེ་ཞིང་ཡང་བསྐོར་ནས་ཡོད་མོད། ཕྱོགས་བཞིའི་དབྱེ་བས་བཅུ་དྲུག་བཅུ་དྲུག་ཏུ་བརྩིའོ། །ཚུལ་དེ་དག་ཀྱང་། བཤེས་སྤྲིང་ལས། སླར་ཡང་
མེ་མུར་རོ་མྱགས་རྒྱུ་བ་ཡི། །སྡུག་བསྔལ་མི་བཟད་ཕོག་སྙམ་བགྱི་འཚལ་ལོ། །ཞེས་དང་། དམྱལ་བར་འཐག་གཅོད་དབད་པའི་འཕྲུལ་འཁོར་
གྱིས། །རེག་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཞེས་དང་། འདབ་མ་རལ་གྲི་འདྲ་ཚལ་ནགས་རྣམས་ཀྱི། །རྐང་ལག་རྣ་བ་སྣ་གཅོད་ཐོབ་
པར་འགྱུར། །ཞེས་དང་། ཁ་ཅིག་ལྕགས་ཀྱི་གསལ་ཤིང་རབ་འབར་བ། །ཚེར་མ་ཅན་ལ་ཀུན་ཏུ་བརྒྱུད་པར་བགྱིད། །ཁ་ཅིག་ལྕགས་ཀྱི་མཆེ་བ་
ལྡན་པའི་ཁྱི། །གཏུམ་པོས་དབད་ཅིང་ལག་པ་གནམ་དུ་བསྒྲེང་། །དབང་མེད་གཞན་དག་ལྕགས་མཆུ་རྣོན་པོ་དང་། །སེན་མོ་མི་བཟད་ལྡན་པའི་
ཁྭ་རྣམས་འཐོག །ཅེས་སོགས་དང་། སླར་ཡང་དམྱལ་བའི་ཆུ་བོ་རབ་མེད་པ། །ཚ་སྒོ་བཟོད་རླག་ཆུ་ཚན་འཇུག་འཚལ་ལོ། །ཞེས་གསུངས་པ་
ལྟར་ཤེས་པར་བྱའོ། །ཇི་སྐད་བཤད་པའི་དམྱལ་བ་དེ་དག་གང་དུ་སྐྱེས་ཀྱང་། ཚད་བཟུང་དུ་མེད་པའི་སྡུག་བསྔལ་མྱོང་བར་འགྱུར་ཏེ། དེ་ཉིད་
ལས། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་
ལའང་། །འོལ་ཡང་མི་བགྱི་ཆར་ཡང་མི་ཕོད་དོ། །ཞེས་དང་། དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་བཀླགས་དང་གཟུགས་སུ་
བགྱིས་རྣམས་ཀྱང་། །འཇིགས་པ་བསྐྱེད་པར་འགྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་རྣམས་སྨོས་ཅི་འཚལ། །ཞེས་གསུངས་པའི་
ཕྱིར། གང་དག་ཐོས་པ་ཙམ་གྱིས་ཀྱང་འཇིགས་པ་ཆེན་པོ་སྐྱེ་བའི་གནས། དེ་དག་དང་བར་དུ་དབུགས་འབྱུང་རྔུབ་འགགས་པ་ཙམ་ལས་མེད་
བཞིན་དུ། བག་ཟོན་དང་བྲལ་བར་གནས་པ་ནི། སྙིང་མེད་པའི་སྤྱོད་པར་ཟད་དེ། དེ་ཉིད་ལས། སྡིག་ཅན་དབུགས་འབྱུང་འགགས་པ་ཙམ་ཞིག་
གི། །དུས་ཀྱིས་བར་དུ་ཆོད་རྣམས་དམྱལ་བ་ཡི། །སྡུག་བསྔལ་གཞལ་ཡས་ཐོས་ནས་རྣམ་སྟོང་དུ། །མི་འཇིགས་གང་ལགས་རྡོ་རྗེའི་རང་བཞིན་
ནོ། །ཞེས་སོ། །མདོར་ན་སྲིད་པ་ཁམས་གསུམ་པོ་མཐའ་དག་ནི། མེའི་འོབས་ལྟ་བུ་སྟེ། བརྣག་པར་དཀའ་བའི་སྡུག་བསྔལ་དུ་མས་རྟག་ཏུ་
གདུང་བའི་ཕྱིར་རོ། །སྤུ་གྲིའི་ཐང་ལྟ་བུ་སྟེ་ལུས་དང་སེམས་ལ་ཟུག་རྔུ་དུ་མས་ཟུག་པར་བྱེད་པའི་ཕྱིར། མི་གཙང་བའི་དོང་ལྟ་བུ་སྟེ། ལས་དང་
ཉོན་མོངས་པའི་སྐྱོན་སྣ་ཚོགས་ཀྱིས་ཀུན་ཏུ་སྦགས་པའི་ཕྱིར། ཤ་བཙོན་གྱི་ཁང་པ་ལྟ་བུ་སྟེ། ཉམ་ང་ཞིང་ཐར་བར་དཀའ་བའི་གནས་ཡིན་པའི་
ཕྱིར་རོ། །དེ་སྐད་དུ་ཡང་། དེ་ཉིད་ལས། འཁོར་བ་དེ་འདྲ་ལགས་པས་ལྷ་མི་དང་། །དམྱལ་བ་དུད་འགྲོ་ཡི་དྭགས་རྣམས་དག་ཏུ། །སྐྱེ་བ་བཟང་
པོ་མ་ལགས་སྐྱེ་བ་ནི། །གནོད་པ་དུ་མའི་སྣོད་གྱུར་ལགས་མཁྱེན་མཛོད། །ཅེས་གསུངས་པ་ཡིན་ནོ། །དེའི་ཕྱིར་ལེགས་ཉེས་འབྱེད་པའི་བློ་དང་
ལྡན་པ་རྣམས་ཀྱིས། སྙིང་པོ་མེད་པའི་བྱ་བ་རྣམས་སྤངས་ནས། མུ་མཐའ་མེད་དཔའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་རང་དང་གཞན་
སྒྲོལ་བའི་ཐབས་ལ་རྣམ་པ་ཀུན་ཏུ་འབད་པར་བྱ་སྟེ། འདི་ལས་གལ་ཆེ་བའི་བྱ་བ་མི་སྲིད་པའི་ཕྱིར་རོ། །དོན་གྱི་དབང་འདི་ལ་དགོངས་ནས།
དཔལ་ལྡན་ཀླུའི་དབང་པོས། མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ཕྱིར་བཟློག་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱི་སླད་
འབད་འཚལ་ལོ། །དེ་ལས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་རྗེས་སུ་གདམས་པའོ། །དེ་ལྟར་འཁོར་བའི་ཉེས་དམིགས་ཞིབ་ཏུ་མ་
བསམ་ན། ཐར་པ་དོན་གཉེར་གྱི་བློ་དང་སྙིང་རྗེ་ཆེན་པོ་སྐྱེ་བའི་གོ་སྐབས་མེད་པས། ཡང་དང་ཡང་དུ་བསམས་ཏེ་ཐར་ལམ་སྒྲུབ་པ་ལ་བློ་ཐག་
ཆོད་པའི་ཚེ། དེའི་གཙོ་བོ་ཡང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡིན་པར་ཤེས་ནས། འདི་ཉིད་ཁོ་ན་ཅི་སྐྱེ། ཅི་གནས། ཅི་འཕེལ་གྱི་ཆེད་དུ། གོ་ཆ་
ཆེན་པོ་བགོ་ཞིང་དྲན་ཤེས་བསྐྱེད་པའི་ཕྱིར། དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་དང་སྐོམ་
པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །འཁོར་བ་ཁབ་ཀྱི་རྩེ་
ཙམ་ན། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང་། རྒྱུད་བླ་མ་ལས། འཁོར་བའི་སྐྱེ་འཆི་ཐོག་མ་མེད་དེར་འགྲོ་བའི་ལམ་ནི་རྣམ་པ་ལྔ། །མི་
གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །ཅེས་གསུངས་པ་ལྟ་བུའི་ཚིག་ངག་ཏུ་འདོན་ཞིང་། དོན་ཡིད་ལ་སེམས་པར་བྱའོ། །
མི་བཟད་སྡུག་བསྔལ་འབར་བ་མེ་ཡི་འོབས། །སྣ་ཚོགས་སྐྱོན་གྱིས་སྦགས་པ་མི་གཙང་དོང་། །བརྒལ་དཀའ་མུ་མཐའ་མེད་པ་སྲིད་པའི་མཚོ། །
འདི་ལས་ཡིད་འབྱུང་བྱོས་ཤིག་ཐར་འདོད་རྣམས། །དེ་ལྟར་སྔོན་འགྲོའི་ཆོས་དེ་དག་ལ་བློ་ལེགས་པར་སྦྱངས་ཤིང་བླང་དོར་ལ་འབད་པ་ན། ལམ་
སྒྲོན་སོགས་སུ་བཤད་པའི་སྐྱེས་བུ་ཆུང་འབྲིང་གི་ཉམས་ལེན་གྱི་དགོས་པ་ཐམས་ཅད་ཡར་ལྡན་དུ་འདུ་བ་ཡིན་ཏེ། ངན་སོང་གི་སྡུག་བསྔལ་གྱིས་
འཇིགས་ནས་མངོན་མཐོའི་བདེ་བ་ཙམ་གྱི་ཆེད་དུ་བླང་དོར་ལ་ཞུགས་པ་ནི། སྐྱེས་བུ་ཆུང་ངུའི་ལམ་རིམ་ཡིན་པའི་ཕྱིར་དང་། སྲིད་པ་མཐའ་དག་
མེའི་རླབས་ལྟར་མཐོང་ནས། དེ་ལས་རང་ཉིད་གྲོལ་བའི་ཆེད་དུ་ཐར་ལམ་ལ་བརྩོན་པ་ནི་སྐྱེས་བུ་འབྲིང་གི་ལམ་རིམ་ཡིན་པའི་ཕྱིར། དེ་སྐད་དུ་
ཡང་། ལམ་སྒྲོན་ལས། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་པ། །རང་ཉིད་དོན་དུ་གཉེར་བྱེད་པ། །དེ་ནི་སྐྱེས་བུ་ཐ་
མར་ཤེས། །སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་
འབྲིང་ཞེས་བྱ། །ཞེས་གསུངས་སོ། །དེ་ནས་གོང་དུ་བཤད་པའི་འཁོར་བའི་སྡུག་བསྔལ་རང་གི་སྟེང་དུ་བསམས་པས་ཤས་མི་བཟོད་པ་ན། ཚུལ་
དེས་དཔག་སྟེ་མཐའ་ཡས་པའི་སེམས་ཅན་གྱི་སྡུག་བསྔལ་ཟད་པར་འདོད་ཅིང་དེའི་ཆེད་དུ། བྱང་ཆུབ་ཀྱི་སེམས་གཉིས་སྒོམ་པ་ནི། སྐྱེས་བུ་ཆེན་
པོའི་ལམ་རིམ་ཡིན་ཏེ། དེ་ཉིད་ལས། རང་རྒྱུད་རྟོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་
ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་ལེགས་པར་གསུངས་པའི་ཕྱིར་རོ། །ཚུལ་འདི་ལྟར་གོ་ན་གདམས་པ་འདིའི་ནང་དུ། སྐྱེས་བུ་
གསུམ་གྱི་ལམ་རིམ་གྱི་ཉེར་མཁོ་ཐམས་ཅད་མ་ཚང་བ་མེད་པར་འདུ་བས། དཔལ་ལྡན་མར་མེ་མཛད་ཀྱིས་གདུལ་བྱ་ཕལ་ཆེ་བ་རྣམས་སྐྱེས་བུ་
གསུམ་གྱི་ལམ་རིམ་གྱི་བཀྲི་བ་དང་། བློ་མཆོག་ཏུ་གྱུར་པ་འགའ་ཞིག་བློ་སྦྱོང་གི་གདམས་པས་བཀྲི་བའི་གནད་དོན་ཕྱིན་ཅི་མ་ལོག་པར་ངེས་
པར་འགྱུར་བ་ཡིན་ནོ། །
    དེའི་ཕྱིར་སྤྱི་དོན་གཉིས་པ་དངོས་གཞི་བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པ་ལ་གཉིས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། དོན་
དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །
    དང་པོ་ནི། རྩ་བ་ལས། བརྟན་པར་གྱུར་ནས་གསང་བ་བསྟན། །ཞེས་པའི་དོན། ཀུན་རྫོབ་བྱང་སེམས་བརྟན་ནས། སྣོད་མིན་ལ་གསང་བ་
དོན་དམ་བྱང་སེམས་བསྟན་ཞེས། དེ་གཉིས་ཀྱི་གོ་རིམ་སྟོན་པའོ། །དེས་ན་གཞུང་འགའ་ཞིག་ལས་ཚིག་རྐང་འདི་མི་འབྱུང་བ་དང་། བླ་མ་སྔ་མ་
འགའ་ཞིག་གིས་ཀྱང་། དོན་དམ་བྱང་སེམས་ཐོག་མར་སྒོམ་པར་མཛད་པ་ནི། འགལ་བ་ཆེར་མེད་མོད། ཅུང་ཟད་འཐད་པ་མ་ཡིན་ཏེ། གཞུང་
དག་པ་འགའ་ཞིག་ལས། ཚིག་འདི་ཉིད་འབྱུང་བའི་ཕྱིར་དང་། ལམ་སྤྱིའི་རྣམ་བཞག་ཕལ་ཆེ་བ་ནས། ཀུན་རྫོབ་དང་དོན་དམ། ཐབས་དང་ཤེས་
རབ། བསོད་ནམས་དང་ཡེ་ཤེས་ཀྱི་རིམ་པས་གསུངས་པ་དང་། གཞན་ཡང་བསླབ་པ་གསུམ་དང་། ཕར་ཕྱིན་དྲུག་ལ་སོགས་པའི་རིམ་པ་དང་
འགལ་བའི་ཕྱིར་རོ། །དེ་ལྟར་ན་དང་པོ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་གཉིས། མཉམ་བཞག་གི་ཉམས་ལེན། རྗེས་ཐོབ་ཀྱི་ཉམས་
ལེན་ནོ། །
    དང་པོ་ནི། གཏོང་ལེན་གཉིས་པོ་སྤེལ་མར་སྦྱང་། །དེ་གཉིས་རླུང་ལ་བསྐྱོད་པར་བྱ། །ཞེས་གསུངས་ཏེ། འདི་ཡང་ཐེག་ཆེན་སྤྱིའི་གཞུང་ལུགས་
ལས། རྒྱུ་འབྲས་བདུན་ལ་སོགས་པའི་སྒོ་ནས་བསྒོམ་པ་ཡིན་མོད་ཀྱི། འདིར་ནི་ཤིང་འཁྱོག་པོ་སྲོང་བ་དང་འདྲ་བར་ཐོག་མ་ཉིད་ནས།  བདག་
གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་སྒོམ་པ་སྟེ། འདི་ནི་བློའི་ནུས་པ་དམན་པ་དག་གི་ཡུལ་དུ་མི་རུང་བ། རླབས་པོ་ཆེའི་སེམས་སྦྱོང་། ཐེག་པ་
ཆེན་པོའི་མྱུར་ལམ་རྨད་དུ་བྱུང་བ་ཡིན་པའི་ཕྱིར་ཏེ། སྤྱོད་འཇུག་ལས། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་བསྐྱབ་པར་འདོད་
པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་སོ། །དེ་བཞིན་དུ། སྡོམ་གསུམ་རབ་དབྱེ་ལས་ཀྱང་། བདག་
གཞན་བརྗེ་བ་སངས་རྒྱས་ཀྱི། །བསྟན་པའི་སྙིང་པོ་ཡིན་པར་གསུངས། །ཞེས་སོགས་ཀྱི་མཐར། དེས་ན་བདག་གཞན་བརྗེ་བ་ཤེས། །དེ་ནི་མྱུར་
དུ་རྫོགས་སངས་རྒྱས། །དེ་ཡི་བར་དུ་འཇིག་རྟེན་གྱི། །ཕུན་སུམ་ཚོགས་པ་འབྱུང་བར་གསུངས། །ཞེས་རྒྱས་པར་གསུངས་སོ། །ཐབས་འདི་ལ་མ་
བརྟེན་པར་གནས་སྐབས་དང་མཐར་ཐུག་གི་བདེ་འབྲས་ཕུན་སུམ་ཚོགས་པ་རྣམས་མི་འགྲུབ་སྟེ། སྤྱོད་འཇུག་ལས། བདག་བདེ་གཞན་གྱི་སྡུག་
བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་དང་། སྡོམ་གསུམ་རབ་
དབྱེ་ལས། བྱང་ཆུབ་སེམས་ཀྱི་གནད་འཆུགས་ན། །ཆོས་གཞན་གྱིས་ནི་འཚང་མི་རྒྱ། །ཞེས་སོ། །དེས་ན་འདི་ལ་གསུམ། ལེན་པ་སྒོམ་པ།
གཏོང་བ་སྒོམ་པ། སྤེལ་མ་སྒོམ་པའོ། །
    དང་པོ་ལ་གཉིས། སྒོམ་པའི་འཐད་པ་དང་། སྒོམ་ཚུལ་གྱི་རིམ་པའོ། །
    དང་པོ་ནི། སྲིད་པའི་ཉེས་པ་ཐམས་ཅད་ཀྱི་རྩ་བ། བདག་གཅེས་པར་འཛིན་པའི་དགྲ་བོ་འདི། གཉེན་པོ་སྟོབས་ལྡན་གྱིས་གཞོམ་པར་རིགས་
ཏེ། སྐྱེས་རབས་ལས། ཀྱེ་མའི་བདག་ལ་བྱམས་པ་འདི། །ཧ་ཅང་མ་འོས་མི་བཟོད་དེ། །ཞེས་དང་། བདག་ལ་བྱམས་པའི་དགྲ་བོ་དེ། །འཕེལ་
བར་བྱེད་པ་སུ་ཞིག་ཡོད། །ཅེས་སོ། །དེ་ལྟ་མིན་ན། བདག་ལ་ཆགས་ཤིང་གཞན་ལ་སྡང་བའི་སྒོ་ནས། སྡུག་བསྔལ་དང་སྡིག་པའི་ཁུར་ལས་
འདའ་བ་མེད་དེ། མདོ་སྡེ་རྒྱན་ལས། སྐྱེ་བོ་རྨོངས་པ་རང་གི་བདེ་དོན་བརྩོན། །རྟག་ཏུ་དེ་མ་ཐོབ་པར་སྡུག་བསྔལ་འགྱུར། །ཞེས་དང་། རྣམ་
འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །འདི་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་
ཅད་འབྱུང་བར་འགྱུར། །ཞེས་དང་། སྤྱོད་འཇུག་ལས། འཇིག་རྟེན་དག་ན་འཚེ་བ་གང་ཡོད་དང་། །འཇིག་དང་སྡུག་བསྔལ་ཇི་སྙེད་ཡོད་པ་ཀུན།།
དེ་ཀུན་བདག་ཏུ་འཛིན་པ་ལས་བྱུང་ན། །འདྲེ་ཆེན་དེས་ཀོ་བདག་ལ་ཅི་ཞིག་བྱ། །ཞེས་དང་། འདི་ཡིས་བརྒྱ་ཕྲག་ཐམས་ཅད་དུ། །འཁོར་བར་
བདག་ལ་གནོད་པ་བྱས། །ཞེས་པ་ལྟར་རོ། །
    གཉིས་པ་ལ་གསུམ། བྱམས་པ་ལ་བརྟེན་ནས་བསྒོམ་པ། སྙིང་རྗེ་ལ་བརྟེན་ནས་བསྒོམ་པ། བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་བསྒོམ་པའོ། །
དང་པོ་ནི། སྤྱིར་མདོ་སྡེ་རྒྱན་ལས། བརྟན་པའི་ཚངས་པ་མི་མཐུན་སྤངས། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །དམིགས་པ་རྣམ་པ་གསུམ་ལ་
འཇུག །སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད། །ཅེས་བྱམས་སོགས་ཚད་མེད་པ་རེ་རེ་ཡང་ཁྱད་པར་བཞི་ལྡན་དུ་གསུངས་ཏེ། བྲལ་བའི་ཁྱད་
པར་སོ་སོའི་མི་མཐུན་ཕྱོགས་སྤངས་པ། གྲོགས་ཀྱི་ཁྱད་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པ། དམིགས་ཡུལ་གྱི་ཁྱད་པར་སེམས་ཅན་
དང་། ཆོས་དང་། དམིགས་པ་མེད་པ་སྟེ་གསུམ་གསུམ་ལ་འཇུག་པ། བྱེད་ལས་ཀྱི་ཁྱད་པར་སེམས་ཅན་རྣམས་ཡོངས་སུ་སྨིན་པའོ། །དེ་ལ་
འདིར་སྐབས་སུ་བབ་པ་ནི་སེམས་ཅན་ལ་དམིགས་པའི་བྱམས་པའོ། །དེའི་ངོ་བོ་ནི། དམིགས་ཡུལ་སེམས་ཅན་ལ་དམིགས་ནས། རྣམ་པ་བདེ་
བ་དང་བདེ་བའི་རྒྱུ་དགེ་བ་དང་ཕྲད་པར་འདོད་པ་སྟེ། དབུ་མ་འཇུག་པ་ལས། འགྲོ་ལ་ཕན་པ་ཉེར་སྒྲུབ་པ། །བྱམས་པ་ཆེན་པོ་ཞེས་བྱའོ། །ཞེས་
པ་ལྟར་རོ། །དེ་ཡང་ཐོག་མར་རྩ་བའི་མ་ལ་དམིགས་ནས་བསྒོམ་ན་སྐྱེ་བར་སླ་བས། རང་གི་མ་མདུན་དུ་གསལ་བར་དམིགས་ནས། དེ་ཉིད་དྲིན་
ཆེ་བའི་ཚུལ་རྣམས་བསམ་པར་བྱ་སྟེ། དང་པོ་ལྟོ་ན་གནས་པ་ནས། ཕྱིས་ཀྱི་བར་དུ་ནུས་པ་ཅི་ཡོད་དང་། ཐབས་གང་ཤེས་ཀྱི་སྒོ་ནས་བདག་ལ་
ཕན་པ་མཐའ་དག་བསྒྲུབས། གནོད་པ་མཐའ་དག་བསལ། བདག་ན་རུ་དོགས། ཤི་རུ་དོགས་ནས། སྨན་དཔྱད་རིམ་གྲོ་སོགས་ལ་སྐྱོ་ངལ་མེད་
པར་འབད། བརྩེ་བའི་སེམས་ཀྱིས་བཟུང་། བྱམས་པའི་མིག་གིས་བལྟས། ཟས་ཁས་བསྙོད། དྲི་མ་ལག་གིས་ཕྱིས། ཤའི་དྲོད་ཀྱིས་བསྲོས། གཅེས་
མིང་སྣ་ཚོགས་ནས་འབོད། རང་གིས་བཟར་མི་བྲ་བའི་ཟས། གོན་དུ་མི་བྲ་བའི་གོས། ལོངས་སྤྱོད་དུ་མི་བྲ་བའི་ནོར་རྫས་ཐམས་ཅད་བདག་
ལ་བྱིན། འཇིག་རྟེན་གྱི་བརྡ་དང་ཐ་སྙད། སྤྱོད་ལམ་དང་། སོ་ནམ་ཐམས་ཅད་བསླབས། མདོར་ན་བདག་གི་ཆེད་དུ་སྡིག་སྡུག་སྣ་ཚོགས་ཀྱི་
ཁུར་རྣམས་ཁུར་བའི་ཚུལ་ཞིབ་ཏུ་བསམ་ནས་སྙིང་ཉེ་དུང་བའི་བློ་བསྐྱེད། བློ་དེ་སྐྱེས་པ་དང་། ཚེ་འདིར་མ་ཟད། ཐོག་མ་མེད་པ་ནས་ཡང་དང་
ཡང་དུ་མར་གྱུར་ནས་དྲིན་གྱིས་བསྐྱངས་པ་སྟེ། མདོ་ལས། སེམས་ཅན་རེ་རེས་མ་བྱས་ནས། །ནུ་ཞོ་འཐུངས་པ་གང་ཡིན་པ། །རྒྱ་མཚོ་ཆེན་པོ་
བཞི་ལ་ཡང་། །དེ་ཡི་ཚད་ཙམ་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར་སྙམ་དུ་དྲིན་དྲན་པར་བྱ། དེ་ནས་དྲིན་ཅན་གྱི་མ་དེ་ཉིད་བདེ་བ་དང་བདེ་
བའི་རྒྱུ་དགེ་བས་ཕོངས་པའི་ཚུལ་བསམ་པ་ནི། འདི་ལྟར་ད་ལན་དལ་འབྱོར་གྱི་ལུས་ཙམ་ཐོབ་ཏུ་ཟིན་ཀྱང་། སྙིང་པོ་ལེན་པའི་མཐུ་ནི་མེད།
ལེགས་ཉེས་འབྱེད་པའི་བློ་གྲོས་དང་ནི་བྲལ། དགེ་བ་སྒྲུབ་པའི་བསམ་སྦྱོར་ནི་དམན། མི་དགེ་བ་ལ་རང་ངང་གིས་ནི་འཇུག དེས་ན་མངོན་མཐོའི་
བདེ་བ་ཙམ་ཡང་འགྲུབ་པར་དཀའ་ན། ཐར་པ་དང་ཐམས་ཅད་མཁྱེན་པའི་བདེ་བ་ལྟ་ཅི་སྨོས། ཞེས་ངེས་པ་བསྐྱེད་ནས། དེའི་ཕྱིར་མ་འདི་བདེ་
བ་དང་བདེ་བའི་རྒྱུ་དགེ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག དེ་ལྟར་འགྱུར་བ་ལ་དེའི་འགལ་རྐྱེན་དང་བྲལ་དགོས་པས། འདིའི་རྒྱུད་
ཀྱི་སྡུག་བསྔལ་དང་སྡིག་པའི་ཁུར་མ་ལུས་པ་བདག་གི་རྒྱུད་ལ་སྨིན་པར་གྱུར་ཅིག ཅེས་སྙིང་ཐག་པ་ནས་ཡིད་ལ་སྨོན་ཞིང་ངག་ཏུའང་བརྗོད་
པར་བྱའོ། །དེའི་ཚེ་མའི་སྡིག་སྡུག་ཐམས་ཅད་འོད་ནག་པོའི་རྣམ་པར་རང་གི་སྙིང་གི་ནང་དུ་ནག་འུབ་ཀྱིས་འདུས་པར་བསམ། དེ་ལ་དགའ་བ་
ཆེན་པོ་བསྒོམ། དེ་ལ་བློ་ཅུང་ཟད་འབྱོངས་པ་ན། ཕ་ལ་སོགས་པའི་ཉེ་དུ་མཛའ་བཤེས་སོགས་གཉེན་གྱི་ཕྱོགས་རྣམས་ལ་དམིགས་ནས། སྐྱེ་བ་འདི་
དང་སྔ་མ་རྣམས་སུ་དྲིན་ཆེ་བའི་ཚུལ་བསམ་པ་སོགས་སྔར་བཞིན་དང་། དེ་ནས་དགྲ་གཉེན་བར་མའི་ཕྱོགས་དང་། དེ་ནས་དགྲའི་ཕྱོགས་སུ་
བཟུང་བའི་མི་དང་མི་མ་ཡིན་པ་རྣམས་ལ་དམིགས་ནས་འདི་ཐམས་ཅད་ཀྱང་ཐོག་མ་མེད་པ་ནས་ཡང་དང་ཡང་དུ་བདག་གི་ཕ་དང་མར་གྱུར་
ཅིང་། དེའི་ཚེ་ད་ལྟའི་ཕ་མ་བཞིན་དུ་དྲིན་གྱིས་བསྐྱངས་པ་འབའ་ཞིག་ཡིན་པ་ལ། སྐྱེ་ཤི་འཕོས་ནས་ངོ་མ་ཤེས་པས། འགའ་ཞིག་ལ་ཆགས་ཤིང་། འགའ་ཞིག་ལ་སྡང་བ་ནི་འཁྲུལ་པ་ཁོ་ནའི་དབང་གིས་སོ། །དེ་བས་ན་དྲིན་ཅན་དུ་མཚུངས་པ་འདི་ཐམས་ཅད་བདེ་བ་དང་ལྡན་ན་ཅི་མ་རུང་
སྙམ་པ་སོགས་སྔར་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་དམིགས་པ་རྒྱ་བསྐྱེད་དེ། གླིང་གཅིག་དང་། གླིང་བཞི་དང་། སྟོང་གསུམ་གྱི་སེམས་ཅན་
དང་། མཐར་ནམ་མཁའི་མཐའ་ཀླས་པའི་སེམས་ཅན་ཐམས་ཅད་ལ་དམིགས་ནས་བསྒོམ་མོ། །ཚུལ་དེ་དག་ཀྱང་། སྒོམ་རིམ་བར་པ་ལས། སེམས་
ཅན་ཐམས་ཅད་བདེ་བ་ནི་འདོད། སྡུག་བསྔལ་ནི་མི་འདོད་ལ། ཐོག་མ་མེད་པ་ཅན་གྱི་འཁོར་བ་ན། སེམས་ཅན་གང་ལན་བརྒྱར་བདག་གི་
གཉེན་དུ་མ་གྱུར་པ་དེ་གང་ཡང་མེད་དོ་སྙམ་དུ་བསམ་ཞིང་། འདི་ལ་བྱེ་བྲག་ཅི་ཡོད་ན། ལ་ལ་ལ་ནི་རྗེས་སུ་ཆགས། ལ་ལ་ལ་ནི་ཁོང་ཁྲོ་བར་གྱུར།
ཅེས་དང་། བྱམས་པ་བསྒོམ་པ་ནི་མཛའ་བཤེས་ཀྱི་ཕྱོགས་ཐོག་མར་བྱས་ནས་བདེ་བ་དང་ཕྲད་པར་འདོད་པའི་རྣམ་པ་སྟེ། རིམ་གྱིས་ཐ་མལ་པ་
དང་། དགྲ་ལ་ཡང་བསྒོམ་པར་བྱའོ། །ཞེས་ལེགས་པར་གསུངས་པ་ཡིན་ནོ། །དེ་ལྟར་བྱམས་པ་བསྒོམ་པའི་ཕན་ཡོན་ནི། ཏིང་ངེ་འཛིན་རྒྱལ་པོ་
ལས། བྱེ་བ་ཁྲག་ཁྲིག་དཀྲིགས་པའི་ཞིང་དག་ན། །མཆོད་པ་རྣམ་མང་དཔག་མེད་ཇི་སྙེད་པ། །སྐྱེས་མཆོག་རྣམས་ལ་ཉིན་རེ་རྟག་མཆོད་པས། །
བྱམས་པའི་སེམས་ཀྱི་གྲངས་དང་ཆར་མི་ཕོད། །ཅེས་དང་། རིན་ཆེན་ཕྲེང་བ་ལས། རྗེའུ་ཚོས་སུམ་བརྒྱའི་ཁ་ཟས་དག །ཉིན་རེ་དུས་གསུམ་སྦྱིན་
པས་ཀྱང་། །བྱམས་པ་ཡུད་ཙམ་ཐང་ཅིག་གི། །བསོད་ནམས་དག་ལ་ཆར་མི་ཕོད། །ལྷ་མི་བྱམས་པར་འགྱུར་བ་དང་། །དེ་དག་ཀྱང་ནི་སྲུང་བ་
དང་། །ཡིད་བདེ་བ་དང་བདེ་མང་དང་། །དུག་དང་མཚོན་གྱིས་གནོད་མེད་དང་། །འབད་པ་མེད་པར་དོན་འཐོབ་དང་། ཚངས་པའི་འཇིག་རྟེན་
སྐྱེ་འགྱུར་ཏེ། །གལ་ཏེ་གྲོལ་བར་མ་གྱུར་ཀྱང་། །བྱམས་ཆོས་ཡོན་ཏན་བརྒྱད་འཐོབ་བོ། །ཞེས་པ་ལྟར་རོ། །གཞན་ཡང་བླ་མ་སྔ་མ་དག །མཛའ་
བོའི་བུ་མོའི་གཏམ་རྒྱུད་སོགས། །མན་ངག་འདི་ཡི་གླེང་གཞི་ཡིན། །ཞེས་གསུངས་པ་ལྟར། མཛའ་བོའི་བུ་མོའི་ལོ་རྒྱུས་སོགས་ཀྱང་དྲན་པར་
བྱའོ། །སྣ་ཚོགས་སྡིག་པའི་དྲི་མ་འཁྲུད་པའི་ཆུ། །ཤུགས་དྲག་ཞེ་སྡང་མེ་ལྕེ་འཇིལ་བའི་ཐབས། །རྨད་བྱུང་སྙིང་རྗེའི་ལྗོན་ཤིང་འཕེལ་བའི་རྐྱེན། །
བྱམས་པའི་སེམས་ཀྱིས་བདག་རྒྱུད་བརླན་པར་མཛོད། །
    གཉིས་པ་སྙིང་རྗེ་ལ་བརྟེན་ནས་ལེན་པ་བསྒོམ་པ་ནི། གོང་དུ་བཤད་པའི་བྱམས་པ་དང་ལྡན་པ་ལ། སྙིང་རྗེ་བདེ་བླག་ཏུ་སྐྱེ་བས། དེ་ནས་སྙིང་
རྗེ་བསྒོམ་པར་བྱ་སྟེ། སྒོམ་རིམ་བར་པ་ལས། བྱམས་པའི་ཆུས་སེམས་ཀྱི་རྒྱུད་བརླན་ཏེ། སེར་ཡོད་པའི་ས་བཞིན་དུ་བྱས་ལ། སྙིང་རྗེའི་ས་བོན་
བཏབ་ན་བདེ་བླག་ཏུ་ཤིན་ཏུ་ཡོངས་སུ་རྒྱས་པར་འགྱུར་རོ། །དེས་ན་སེམས་ཀྱི་རྒྱུད་བྱམས་པས་བསྒོས་ནས་སྙིང་རྗེ་བསྒོམ་པར་བྱའོ། །ཞེས་སོ།།
དེ་ལ་སྙིང་རྗེའི་ངོ་བོ་ནི། དམིགས་པ་སྡུག་བསྔལ་རྒྱུ་དང་བཅས་པ་དང་ལྡན་པའི་སེམས་ཅན་ལ་དམིགས་ནས། རྣམ་པ་དེ་དག་སྡུག་བསྔལ་རྒྱུ་དང་
བཅས་པ་དང་བྲལ་བར་འདོད་པ་སྟེ། དེ་ཉིད་ལས། སྙིང་རྗེ་དེ་ནི་སྡུག་བསྔལ་བ་རྣམས་དེ་དང་བྲལ་བར་འདོད་པའི་རྣམ་པ་ཡིན་ནོ། །ཞེས་སོ། །
འདི་ནི་ཐེག་ཆེན་ལམ་གྱི་རྩ་བ། རྣམ་མཁྱེན་རྒྱུའི་གཙོ་བོ། ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་སྟེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས།
བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་རབ་ཏུ་མང་པོ་ལ་བསླབ་པར་མི་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་གཅིག་
རབ་ཏུ་བཟུང་ཞིང་རབ་ཏུ་རྟོག་པར་བགྱིས་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་དུ་མཆིས་པ་ལགས་སོ། །ཆོས་གཅིག་པུ་དེ་གང་
ཞེ་ན། འདི་ལྟ་སྟེ་སྙིང་རྗེ་ཆེན་པོའོ། །ཞེས་དང་། འཇུག་པ་ལས། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི། །ས་བོན་དང་ནི་སྤེལ་
ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །ཞེས་སོ། །
དེ་ཡང་དང་པོར་རྩ་བའི་མ་མདུན་དུ་དམིགས་ནས། དྲིན་ཆེ་ཚུལ་རྣམས་ཞིབ་ཏུ་བསམ་ཞིང་། དེ་ལྟར་དྲིན་ཆེ་བ་འདི་ལ་དྲིན་ལན་འཇལ་བའི་
ཕྱིར་དུ། ཕན་པ་བསྒྲུབ་གནོད་པ་བསལ་དགོས་པ་ལས། གང་ཞིག་གིས་ཕན། གང་ཞིག་གིས་གནོད་སྙམ་དུ་བརྟགས་པ་ན། ཕན་བྱེད་ནི་བདེ་བ་
དང་དགེ་བ། གནོད་བྱེད་ནི་སྡུག་བསྔལ་དང་སྡིག་པ་ཁོ་ནར་ངེས་ཤིང་། མ་འདི་ནི་བདེ་བ་རྒྱུ་དང་བཅས་པས་ཕོངས་ཤིང་། སྡུག་བསྔལ་རྒྱུ་དང་
བཅས་པའི་ཁུར་གྱིས་ནོན་པ་སྟེ། སྤྱོད་འཇུག་ལས། བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །སྡུག་བསྔལ་འདོར་
འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །ཅེས་པ་ལྟར་རོ། །དེས་ན་འཁོར་བའི་ཉེས་དམིགས་བསམ་པའི་སྐབས་ལྟར། མའི་
རྒྱུད་ཀྱི་སྡུག་བསྔལ་རྒྱུ་བཅས་ཀྱང་། གྲངས་མང་ཚུལ། ཤུགས་ཆེ་ལུགས་རྣམས་ཡང་དང་ཡང་དུ་བསམ་པས། ཤས་མི་བཟོད་པའི་དབང་གིས།
བ་སྤུ་ལྡང་བ། ཤ་རྩ་འདར་བ། མཆི་མ་འཁྲུགས་པ་སོགས་སུ་གྱུར་པའི་ཚེ། མ་འདི་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་མཐའ་དག་དང་བྲལ་ན་ཅི་
མ་རུང་། བྲལ་བར་གྱུར་ཅིག བྲལ་བར་བྱའོ། །བྲལ་བར་འགྱུར་བ་བླ་མ་དཀོན་མཆོག་མཁྱེན། ཞེས་ངག་ཏུ་བརྗོད་ཅིང་སྙིང་ཐག་པ་ནས་བསྒོམ་
མོ། །དེ་ལྟར་བསྒོམ་ཀྱང་སྙིང་རྗེ་མ་སྐྱེས་ན། ས་ཕྱོགས་དབེན་ཞིང་གོ་སྐབས་ཡངས་པར་ཕྱིན་ནས། མྱ་ངན་གྱི་འཕྲུལ་འཁོར་གྱིས་འདུག་ཅིང་།
རང་ལ་རྔན་བགྲང་། མཚང་འབྲུ། ཁྲེལ་བརྡ། འགྱོད་བསྐྱེད་དེ། ཀྱེ་མ་བདག་ནི་སྐལ་བ་ངན་པ། བསོད་ནམས་ཆུང་བ། ཐེག་ཆེན་གྱི་རིགས་ནུས་
དམན་པ། བྱང་སེམས་ཀྱི་ལམ་ལ་མ་གོམས་པ་སྟེ། འདི་ལྟར་རྩ་བའི་མ་ལ་ཡང་སྙིང་རྗེ་མི་སྐྱེ་བའི་ཚུལ་འདི་ལྟར་ན། བདག་གི་ལས་མཐར་ནི་ཅིར་
འགྱུར། ངང་ཚུལ་ནི་ཅི་འདྲ། བདག་ལ་སངས་རྒྱས་བྱང་སེམས་རྣམས་ཀྱིས་ནི་ཇི་ལྟར་ཁྲེལ་ན། དེ་བས་ན་མཁྱེན་བརྩེ་ནུས་པ་བསམ་གྱིས་མི་
ཁྱབ་པའི་བདག་ཉིད་བླ་མ་དཀོན་མཆོག་ཁྱེད་རྣམས་ཀྱིས། དམན་པ་རྗེས་སུ་སྐྱོང་བའི་ཐུགས་རྗེའི་སྤྱན་གྱིས་བདག་ལྟ་བུ་ལ་ལྷག་པར་ཡང་
གཟིགས་ནས། མྱུར་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བླ་མའི་རྣམ་འབྱོར་རྒྱུད་དང་འདྲེས་
ངེས་སུ་བྱ། དེ་ནས་སླར་ཡང་མ་མདུན་དུ་དམིགས་ནས་སྡུག་བསྔལ་ཚུལ་ཞིབ་ཏུ་བསམ་པས། ཤ་རྗེན་ལ་མེ་སྟག་ཕོག་པ་བཞིན་དུ་སྙིང་ཚ་རམ་
གྱིས་བྱུང་བ་ན། ངའི་མཱ། ངའི་མཱ། ཞེས་སྐད་གསང་མཐོན་པོར་འདོན་ཞིང་། བློ་ཤུགས་བསྐྱེད་དེ་སྙིང་རྗེ་བསྒོམ་པར་བྱའོ། །སྙིང་ཐག་པ་ནས་དེ་
སྡུག་བསྔལ་དང་བྲལ་འདོད་སྐྱེས་པ་ན། དེའི་རྒྱུད་ཀྱི་ལུས་ཀྱི་ན་ཚ། སེམས་ཀྱི་ཟུག་རྔུ། སྒོ་གསུམ་གྱི་ཉེས་སྤྱད། མི་འདོད་པ་དང་མི་མཐུན་པའི་
ཕྱོགས་ཐམས་ཅད་རང་སྟེང་དུ་ལེན་པའི་ཚུལ་སྔར་བཞིན་ནོ། །དེ་ནས་དམིགས་ཡུལ་རྒྱ་བསྐྱེད་པའི་ཚུལ་སྔ་མ་བཞིན་དུ་བྱ་ཞིང་། མཐར་གནོད་
བྱེད་ཀྱིས་གཙོ་བྱས་པའི་སེམས་ཅན་མུ་མཐའ་མེད་པ་རྣམས་གསལ་བར་དམིགས་ནས། དེ་དག་རེ་རེས་ཀྱང་གྲངས་མཐའ་མེད་པར་མ་བྱས་ཚུལ། དྲིན་ཆེ་ཚུལ། སྡུག་བསྔལ་ཚུལ་རྣམས་ཞིབ་ཏུ་བསམ་པ་དང་། ཁྱད་པར་དུ་གནོད་པ་བྱེད་པ་འདི་དག་ཀྱང་། ཡང་དང་ཡང་དུ་མར་གྱུར་པའི་
དྲིན་ཅན་ཡིན་པ་ལ། ད་ལྟ་ངོ་མ་ཤེས་ཤིང་འདི་ཉིད་ཀྱི་ཉོན་མོངས་ཀྱིས་རྒྱུ་དང་བདག་གི་ལས་ངན་གྱིས་རྐྱེན་བྱས་ནས་སྨྱོན་པ་བཞིན་དུ། རང་
དབང་མེད་པར་གནོད་པའི་ལས་ལ་ཞུགས་པས། སླར་ཡང་ངན་འགྲོ་རྣམས་སུ་ལྷུང་བར་འགྱུར་ཏེ། རྗེ་བཙུན་མཐུ་སྟོབས་དབང་ཕྱུག་གིས། གནོད་
བྱེད་འདི་རྣམས་བདག་གི་མ། །སྔོན་ཚེ་ཡང་ཡང་ཕན་བཏགས་ཀྱང་། །སྨྱོན་པ་བཞིན་དུ་རང་དབང་མེད། །མི་དགེའི་ལས་ཀྱིས་མནར་མེད་འགྱུར། །
ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་འགྲོ་བ་མཐའ་དག་ཀྱང་། འདི་ལྟ་བུའི་ངང་ཚུལ་ལས་མ་འདས་པ་སྟེ། བསླབ་བཏུས་ལས། ཉོན་མོངས་
ཀྱིས་སྨྱོ་གཏི་མུག་ལྡོང་། །གཡང་ས་མང་པོའི་ལམ་དུ་ནི། །གོམ་པ་རེ་རེར་རྡེག་འཆའ་བ། །བདག་དང་གཞན་རྟག་མྱ་ངན་གཞི། །འགྲོ་བ་རྣམས་
ནི་སྡུག་བསྔལ་མཚུངས། །ཞེས་པ་ལྟར་ངེས་པ་བསྐྱེད་ཅིང་། དོན་དྲན་བཞིན་པའི་སྒོ་ནས་འདི་སྐད་བརྗོད་པར་བྱའོ། །ཀྱེ་མའོ་ཀྱི་ཧུད་འགྲོ་བ་ནམ་
མཁའ་དང་མཉམ་པའི་མ་རྒན་འདི་དག་སྙིང་རེ་རྗེ་ན། སྔོན་ཚེ་ཡང་ཡང་ཕ་མར་གྱུར་པའི་མ་རྒན། དེ་ཚེ་ཚད་མེད་དྲིན་གྱིས་བསྐྱངས་པའི།
སྐྱེ་ཤི་འཕོས་པའི་ངོ་མ་ཤེས་པའི། སྨྱོན་པ་བཞིན་དུ་རང་དབང་མེད་པའི། རང་དང་གཞན་ལ་གནོད་པར་ཞུགས་པའི། སྲིད་པའི་འདམ་དུ་བྱིང་
བའི་མ་རྒན་འདི་དག་སྙིང་རེ་རྗེ་ན། དངོས་འཛིན་གདོན་གྱིས་སྨྱོས་པའི། ཉོན་མོངས་ནད་ཀྱིས་གདུངས་པའི། ཆགས་པའི་རྒྱ་མཚོར་གཡེངས་
པའི། ཞེ་སྡང་མེ་ལྕེས་དཀྲུགས་པའི། གཏི་མུག་མུན་པས་བསྒྲིབས་པའི། ང་རྒྱལ་རི་བོས་ནོན་པའི། ཕྲག་དོག་རླུང་དམར་འཚུབ་པའི། སེར་སྣའི་
མདུད་པས་བསྡམས་པའི། ཐེ་ཚོམ་དྲྭ་བར་ཆུད་པའི། ལྟ་བའི་ནགས་སུ་འཁྱམས་པའི། ལས་ངན་རླུང་གིས་བདས་པའི། སྡུག་བསྔལ་ཆུ་བོར་བྱིང་
བའི། ངན་འགྲོའི་གཡང་དུ་ལྷུང་བའི། ཚ་གྲང་དྲག་པོས་གཟིར་པའི། བཀྲེས་སྐོམ་ཁོ་ནས་ཉེན་པའི། གླེན་ལྐུགས་སྨག་གིས་ཁེབས་པའི། འཐབ་
རྩོད་མཚོན་གྱིས་གཙེས་པའི། ཡོངས་ཚོལ་ཕོངས་པས་ངལ་བའི། འཆི་འཕོའི་ལྟས་ཀྱིས་ཟིན་པའི། གཤིན་རྗེའི་ཕོ་ཉས་ཁྲིད་པའི། བར་དོའི་
འཕྲང་ལ་བགྲོད་པའི། གཅིག་པུ་ཉམ་ངར་རྒྱུག་པའི། སྡིག་པའི་གྲོགས་ཀྱིས་བསླུས་པའི། བདུད་ཀྱི་ཞགས་པས་བཏབ་པའི། མགོན་སྐྱབས་
དཔུང་གཉེན་བྲལ་པའི། མཐའ་མེད་འཁོར་བར་འཁྱམས་པའི་མ་རྒན་འདི་དག་སྙིང་རེ་རྗེ་ན། ཞེས་སོགས་ཁ་ཞེ་མ་འཛོལ། ཟོལ་ཟོག་ཏུ་མ་སོང་
བར། ཤ་ལ་འབབ་པ། རུས་ལ་འཐེམ་པ། རང་ཡིད་ཆེས་པར་བསྒོམ་པས། གཞན་སྡུག་བསྔལ་བའི་གཏའ་མར་རང་འཇུག་པར་སྤྲོ་བ་ན། སྔར་
བཞིན་དུ་ལེན་པ་བསྒོམ་པར་བྱའོ། །དེ་ལྟར་སྙིང་རྗེ་ཆེན་པོ་བསྒོམ་པའི་རིམ་པ་འདི་ཡང་། སྒོམ་རིམ་བར་པ་ལས་གསལ་བར་གསུངས་ཏེ། དེ་ཉིད་
ལས། དེ་བས་ན་འགྲོ་བ་མཐའ་དག་ནི་སྡུག་བསྔལ་གྱི་མེ་འབར་བའི་ནང་ན་ཞུགས་པ་ཡིན་པར་བལྟས་ལ། ཇི་ལྟར་བདག་སྡུག་བསྔལ་མི་འདོད་
པ་ལྟར། གཞན་ཐམས་ཅད་ཀྱང་དེ་དང་འདྲའོ་ས