กก

༄༅། །བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པའི་མན་ངག་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །
སྒ་རབ་འབྱམས་པ་ཀུན་དགའ་ཡེ་ཤེས་ཀྱིས་མཛད།

  བསྡོམས་ལྡེབ་ངོས་༡༠ཡོད།    ༡༽  ༢༽  ༣༽   ངོས་པ།   ༥༽   ༦༽   ༧༽   ༨༽   ༩༽   ༡༠༽

   དྲུག་པ་གྲོགས་མེད་པའི་ཉེས་པ་ནི། འཆི་འཕོ་བའི་ཚེ་གྲོགས་མེད་པར་འཇིག་རྟེན་གཞན་དུ་འགྲོ་དགོས་ཏེ། གནས་ལུས་ལོངས་སྤྱོད་གཉེན་
འབྲེལ་ཐམས་ཅད་སྤངས་ནས། རང་ཉིད་གཅིག་པུ་ལས་ཀྱི་རླུང་དམར་གྱིས་འདེད་པའི་ཕྱིར་ཏེ། དེ་ཉིད་ལས། གཅིག་པུ་ཉི་མ་ཟླ་བས་མི་རྫི་བའི། །
མུན་ནག་མཐའ་ཡས་ནང་དུ་འཇུག་འཚལ་ལོ། །ཞེས་དང་། སྤྱོད་འཇུག་ལས། གསོན་ཚེ་འདི་དང་དེ་བཞིན་དུ། །གཉེན་དང་བཤེས་པ་རྣམས་
སྤངས་ནས། །གཅིག་པུ་ག་ཤེད་འགྲོ་དགོས་ན། །མཛའ་དང་མི་མཛའ་ཀུན་ཅི་རུང་། །ཞེས་སོ། །
    གསུམ་པ་སྡུག་བསྔལ་བརྒྱད་བསམ་པ་ནི། མདོ་ལས། ཀྱེ་མ་སྐྱེ་བ་ནི་སྡུག་བསྔལ་ལོ། །རྒ་བ་ནི་སྡུག་བསྔལ་ལོ། །ན་བ་ནི་སྡུག་བསྔལ་ལོ། །
    འཆི་བ་ནི་སྡུག་བསྔལ་ལོ། །མི་སྡུག་པ་དང་ཕྲད་པ་ནི་སྡུག་བསྔལ་ལོ། །སྡུག་པ་དང་བྲལ་བ་ནི་སྡུག་བསྔལ་ལོ། །གང་འདོད་པ་བཙལ་ཏེ་མ་རྙེད་པ་
ཡང་སྡུག་བསྔལ་ལོ། །མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ལོ། །ཞེས་གསུངས་པ་ལྟར་བརྒྱད་ལས།
    དང་པོ་སྐྱེ་བའི་སྡུག་བསྔལ་ནི། མངལ་ལ་སོགས་པའི་སྐྱེ་གནས་ཕལ་ཆེ་བ་ན་གནས་པ་དང་། དེ་ལས་སྐྱེ་བའི་ཚེ། མའི་ཁ་ཟས་དང་སྤྱོད་ལམ་
སོགས་ཀྱི་རྐྱེན་གྱིས། ལུས་ལ་ཟངས་ཞུན་བླུགས་པ་ལྟར་ཚ་བ་དང་། གངས་ཀྱིས་གཡོགས་པ་ལྟར་གྲང་བ་དང་། བྲག་བར་དུ་ཆུད་པ་ལྟར་བཙིར་
བ་དང་། ཚེར་ཕུང་དུ་ལྷུང་བ་ལྟར་རྩུབ་པ་ལ་སོགས་པ། ད་ལྟར་གསལ་པོར་དྲན་ན། དྲན་པ་ཙམ་གྱིས་ཀྱང་བཟོད་པར་མི་ནུས་པའི་སྡུག་བསྔལ་སྣ་
ཚོགས་པ་རྣམས་དང་། སྡུག་བསྔལ་ཕྱི་མ་རྣམས་ཀྱི་གཞི་དང་། རྟེན་དུ་ཡང་འགྱུར་བ་ལ་སོགས་པའོ། །
    གཉིས་པ་རྒ་བའི་སྡུག་བསྔལ་ནི། མགོ་སྤྲ་བ་ལྟར་དཀར། རྐེད་པ་གཞུ་ལྟར་རྒུ། པགས་པ་རྒྱུས་ཚིག་ལྟར་འཁུམས་པ་ལ་སོགས་པ་ལང་ཚོ་
ཉམས་པ་དང་། ས་སྒྱེ་ལྟར་ལྗི། སྡོང་རྒན་ལྟར་འཁོགས། བྱིས་ཆུང་ལྟར་འབུབ་པ་སོགས་མཐུ་སྟོབས་ཉམས་པ་དང་། མིག་གིས་རི་གཟུགས་མི་
མཐོང་། རྣ་བས་དུང་སྒྲ་མི་ཐོས། སེམས་ཀྱིས་ཉིན་མཚན་མི་ངེས་པ་སོགས་དབང་པོ་ཉམས་པ་དང་། གཞན་ཡང་ལུས་ཀྱིས་གོས་མི་ཐེག ཁོང་
པར་ཟས་མི་འཇུ། དགྲ་གཉེན་ཀུན་གྱིས་བརྙས། འཆི་བའི་དུས་ཀྱིས་གཏུགས་པ་ལ་སོགས་པའོ། །
    གསུམ་པ་ན་བའི་སྡུག་བསྔལ་ནི། ཚ་གྲང་རླུང་མཁྲིས་བད་ཀན་སྣ་ཚོགས་ཀྱིས་ལུས་གཟིར་བ་ན། བཟའ་བཏུང་ཕལ་ཆེར་ནད་ཀྱི་རྒྱུ། སྤྱོད་
ལམ་ཅི་བྱས་སྡུག་བསྔལ་གྱི་རྐྱེན་དུ་གྱུར་ནས། ཡིད་དུ་འོང་བའི་དངོས་པོ་མི་མཐོང་ཞིང་། ཅུང་ཟད་མཐོང་ཡང་སྤྱད་པའི་དབང་མེད་པས། ཤ་ཞུ།
པགས་པ་སྐམ། ཆུ་རྒྱུས་འཁུམས་པ་སོགས་དང་། གདོན་དང་བཙན་སོགས་ཀྱིས་སེམས་ཀྱང་སྨྱོ་བ་འཁྲུགས་པ་གཟིར་བ་སོགས་དང་། དེ་དག་
འཆོས་པའི་ཆེད་དུ་གཏར་བ་སྲེག་པ། གདུག་པ་ཅན་གྱི་སྨན་བསྟེན་པ་ལ་སོགས་པའོ། །
    བཞི་པ་འཆི་བའི་སྡུག་བསྔལ་ནི། ལས་ཀྱིས་འཕངས་པའི་ཚེ་དུས་ནི་རྫོགས། གནད་གཅོད་ཀྱི་སྡུག་བསྔལ་ཆེན་པོ་ནི་མྱོང་། འཆི་ལྟས་རྣམ་
པ་སྣ་ཚོགས་ནི་ཤར། གཤིན་རྗེའི་ཕོ་ཉ་འཇིགས་པས་ནི་ཟིན། བརྩེ་བའི་བཤེས་གཉེན་སོགས་དང་ནི་བྲལ། འཕོངས་པའི་གནས་ལུས་ལོངས་
སྤྱོད་ནི་འདོར། མགོན་སྐྱབས་དང་དཔུང་གཉེན་སོགས་ནི་མེད། གཅིག་པུ་རང་དབང་མེད་པར་ཉམ་ང་བའི་གནས་སུ་འགྲོ་བ་སོགས། མི་རྟག་
པ་བསྒོམ་པའི་སྐབས་སུ་བཤད་པ་བཞིན་ནོ། །
    ལྔ་པ་མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་ནི། ཚེ་འདིར་དགྲ་དང་། འདྲེ་གདོན། གཡང་ས་དང་། མེ་ཆུ། ནད་དང་། བཀྲེས་སྐོམ་སོགས་
དང་། ཕྱི་མར་བར་དོ་དང་ངན་སོང་སོགས་དང་ཕྲད་པའམ་ཕྲད་དུ་དོགས་པས་ལུས་སེམས་རབ་ཏུ་གདུང་བའོ། །
    དྲུག་པ་སྡུག་པ་དང་བྲལ་བའི་སྡུག་བསྔལ་ནི། ཕྱི་དང་ནང་གི་དངོས་པོ་ཡིད་དུ་འོང་བ་རྣམས་དང་། རེས་འགའ་འམ་གཏན་དུ་བྲལ་བའམ།
བྲལ་དུ་དོགས་པས་སྡུག་བསྔལ་བའོ། །
    བདུན་པ་འདོད་པ་བཙལ་ཏེ་མ་རྙེད་པའི་སྡུག་བསྔལ་ནི། སྲེད་ཡུལ་གྱི་དངོས་པོ་འབད་པས་བཙལ་ཀྱང་མ་གྲུབ་པ་ན། རེ་བ་འབྲས་བུ་མེད་
པས་སྡུག་བསྔལ་བའོ། །
    བརྒྱད་པ་ཉེར་ལེན་ཕུང་པོའི་སྡུག་བསྔལ་བ་ནི། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་ནི་གྲུབ་ཙམ་ནས་སྡུག་བསྔལ་གྱི་རང་བཞིན་དུ་གནས་ཏེ།
རྒྱུ་ཟག་བཅས་ལས་ཉོན་སྔ་མས་བསྐྱེད། ངོ་བོ་ཟག་པ་དང་བཅས་པའི་དངོས་པོར་གྲུབ། འབྲས་བུ་ཟག་བཅས་རིགས་འདྲ་ཕྱི་མ་སྐྱེད་བྱེད་འདུ་
བྱེད་ཀྱི་སྡུག་བསྔལ་ལས་མ་འདས་པའི་ཕྱིར། མེའི་རང་བཞིན་ཚ་བ། མི་གཙང་བའི་རང་བཞིན་དྲི་ང་བ་བཞིན་ནོ། །དེའི་ཕྱིར་ཐུབ་པའི་དབང་
པོས་ཆོས་ཀྱི་སྡོམ་བཞི་སྟོན་པ་ན། ཟག་པ་དང་བཅས་པ་ཐམས་ཅད་ནི་སྡུག་བསྔལ་བའོ། །ཞེས་ལེགས་པར་གསུངས་སོ། །
    གཉིས་པ་སོ་སོའི་སྡུག་བསྔལ་བསམ་པ་ལ་དྲུག་ལས།
    དང་པོ་ལྷའི་སྡུག་བསྔལ་ནི། མི་གཡོ་བའི་ལས་ཀྱིས་འཕངས་པ་གཟུགས་དང་གཟུགས་མེད་ཀྱི་ལྷ་རྣམས་ཀྱང་། ཏིང་ངེ་འཛིན་གྱི་བདེ་བ་དང་
ལྡན་ཞིང་། སྡུག་བསྔལ་གྱི་སྡུག་བསྔལ་མེད་མོད། སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། བདག་འཛིན་གྱི་སྒྲོག་གིས་ནི་བཅིངས། ལས་
ཉོན་གྱི་གཞན་དབང་དུ་ནི་གྱུར། སྐྱེ་འཆི་ལ་རང་དབང་ནི་མེད། མཐར་ངན་འགྲོ་སོགས་སུ་ནི་ལྷུང་བས། མཐའ་མི་བཙན་པའི་ཕྱིར། མཁའ་ལ་
འཕུར་བའི་བྱའམ། གནམ་དུ་འཕངས་པའི་མདའ་བཞིན། དེ་སྐད་དུ་ཡང་། ཚོགས་ཀྱི་གཏམ་ལས། གང་ཞིག་གཟུགས་ཅན་གཟུགས་མེད་པ། །
སྡུག་བསྔལ་སྡུག་བསྔལ་ལས་འདས་ཤིང་། །ཏིང་འཛིན་བདེ་བའི་བདག་ཉིད་ཅན། །བསྐལ་པར་གཡོ་བ་མེད་པར་གནས། །དེ་ཡང་ཤིན་ཏུ་ངེས་
གྲོལ་མིན། །དེ་ལས་སླར་ཡང་ལྟུང་བར་འགྱུར། །ངན་འགྲོའི་སྡུག་བསྔལ་རྦ་ཀློང་ལས། །འདས་པ་ལྟ་བུར་བྱུང་གྱུར་ལ། །འབད་ཀྱང་ཇི་ལྟར་རིང་
མི་གནས། །མཁའ་ལ་ལྡིང་བའི་བྱ་དང་མཚུངས། །བྱིས་པའི་སྟོབས་ཀྱིས་མདའ་འཕངས་ལྟར། །དེ་ནི་ལྟུང་བའི་མཐའ་ཅན་ཡིན། །མར་མེ་རིང་དུ་
འབར་བ་དག །སྐད་ཅིག་རེ་རེར་འཇིག་པ་ལྟར། །འདུ་བྱེད་ཡོངས་འགྱུར་ཞེས་པ་ཡི། །སྡུག་བསྔལ་དག་གིས་ཉེ་བར་གཙེས། །ཞེས་སོ། །དེ་
བཞིན་དུ་བསོད་ནམས་ཀྱི་ལས་ཀྱིས་འཕངས་པ་འདོད་པའི་ལྷ་རྣམས་ཀྱང་། ཕན་ཚུན་སྤྱོ་བ། བསྡིགས་པ། སྤ་གོང་བ། ཟིལ་གྱིས་གནོན་པ་
སོགས་དང་། ཁ་ཅིག་ལྷ་མ་ཡིན་དང་རྩོད་པས། གཅད་པ། དྲལ་བ། གསོད་པ་སོགས་དང་། དེ་དག་ཀུན་ཀྱང་འཆི་ལྟས་མཐོང་ཞིང་འཆི་འཕོ་
བའི་ཚེ་ན། སེམས་ཀྱི་སྟེང་དུ་ངན་འགྲོའི་སྡུག་བསྔལ་བས་ཀྱང་ཆེ་བ་མྱོང་བར་འགྱུར་ཏེ། བཤེས་སྤྲིང་ལས། མཐོ་རིས་ན་ཡང་བདེ་ཆེན་དེ་དག་
གི། །འཆི་འཕོས་སྡུག་བསྔལ་ཉིད་ནི་དེ་བས་ཆེ། །དེ་ལྟར་བསམས་ནས་ཡ་རབས་རྣམས་ཀྱིས་ནི། །ཟད་འགྱུར་མཐོ་རིས་སླད་དུའང་སྲེད་མི་
བགྱི། །ཞེས་སོ། །འཆི་ལྟས་ཇི་ལྟ་བུ་ཞེ་ན། དེ་ཉིད་ལས། ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང་། །སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིང་དང་། །
གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། །སྔོན་ཆད་མེད་པའི་རྡུལ་འབྱུང་ཞེས་བགྱི་བ། །ཞེས་པ་ལྟར་རོ། །ཤི་བའི་འོག་ཏུ་ཡང་ཕལ་ཆེར་ངན་འགྲོ་
སོགས་སུ་ལྟུང་བར་འགྱུར་ཏེ། དེ་ཉིད་ལས། ལྷ་ཡི་འཇིག་རྟེན་དག་ནས་འཕོས་པ་ལས། །གལ་ཏེ་དགེ་བའི་ལྷག་མ་འགའ་མེད་ན། །དེ་ནས་
དབང་མེད་དུད་འགྲོ་ཡི་དྭགས་དང་། །དམྱལ་བར་གནས་པ་གང་ཡང་རུང་བར་འགྱུར། །ཞེས་སོ། །
    གཉིས་པ་ལྷ་མ་ཡིན་གྱི་སྡུག་བསྔལ་ནི། གོང་དུ་བཤད་པའི་སྡུག་བསྔལ་དེ་དག་དང་། གཞན་ཡང་སྔོན་ཕྲག་དོག་ལ་གོམས་པའི་དབང་གིས།
ལྷའི་དཔལ་འབྱོར་ལ་སྡང་བས་ཡིད་དཀྲུགས་པ་སོགས་དང་། ལེགས་ཉེས་འབྱེད་པའི་བློ་གྲོས་དང་ལྡན་ཡང་། རྣམ་སྨིན་གྱི་སྒྲིབ་པ་ཅན་ཡིན་པས།
རྟེན་དེ་ཉིད་ལ་བདེན་པ་མཐོང་དུ་མི་རུང་བ་སོགས་དང་། སླར་ཡང་ངན་འགྲོ་སོགས་སུ་ལྟུང་བས་སྨད་པའི་གནས་སུ་གསུངས་ཏེ། དེ་ཉིད་ལས།
ལྷ་མིན་ན་ཡང་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། །དེ་དག་བློ་དང་ལྡན་ཡང་འགྲོ་བ་ཡི། །སྒྲིབ་པས་བདེན་པ་
མཐོང་བ་མ་མཆིས་སོ། །ཞེས་སོ། །
    གསུམ་པ་མིའི་སྡུག་བསྔལ་ནི། སྐྱེ་རྒ་ན་འཆི་སོགས་སྔར་བཤད་པ་རྣམས་དང་། གཞན་ཡང་བྲེལ་ཕོངས། འཐབ་རྩོད། ཚོལ་ཁྲོ། ངལ་དུབ།
གསོད་སྐྲོད་སོགས་ངན་སོང་གི་སྡུག་བསྔལ་དང་ཆ་མཚུངས་པ་རྣམས། ཆུ་བོའི་རྒྱུན་ལྟར་མྱོང་བ་སྟེ། ཚོགས་ཀྱི་གཏམ་ལས། ངན་འགྲོའི་སྡུག་
བསྔལ་མ་ལུས་པ། །མི་རྣམས་ལ་ཡང་ཡོད་པར་སྣང་། །སྡུག་བསྔལ་གཟིར་བས་དམྱལ་བ་མཚུངས། །དབུལ་བས་གཤིན་རྗེའི་འཇིག་རྟེན་པ། །
འདི་ཡི་དུད་འགྲོའི་སྡུག་བསྔལ་ཡང་། །མཐུ་ལྡན་སྟོབས་ཀྱིས་མཐུ་མེད་པ། །རྣམ་པར་གནོད་ཅིང་འཚེ་བ་དག །ཆུ་བོ་ལྟ་བུ་ཉིད་ཡིན་ནོ། །ཞེས་
སོ། །བཞི་བརྒྱ་པ་ལས་ཀྱང་། མཆོག་ལ་ཡིད་ཀྱི་སྡུག་བསྔལ་སྟེ། །ཐ་མ་རྣམས་ལ་ལུས་ཀྱིས་སོ། །སྡུག་བསྔལ་གཉིས་ཀྱིས་འཇིག་རྟེན་འདི། །
ཉིན་རེ་ཉིན་རེ་འཇོམས་པར་བྱེད། །ཅེས་སོ། །འཕྲལ་དུ་ཅུང་ཟད་བདེ་བར་རློམ་པ་རྣམས་ཀྱང་། སྡུག་བསྔལ་ལ་བདེར་འཛིན་གྱི་བློ་གོམས་པའི་
དབང་ཙམ་སྟེ། མཐར་འཇིག་ཅིང་འགྱེས་པའི་ཆོས་ཅན། སྡུག་བསྔལ་ལས་མ་འདས་པའི་ཕྱིར་ཏེ། བཤེས་སྤྲིང་ལས། མི་ནི་ཡང་དག་ཉིད་དུ་མི་
བདེ་ཞིང་། །མི་རྟག་བདག་མེད་མི་གཙང་རིག་པར་བགྱི། །ཞེས་དང་། ལུས་མཐའ་ཐལ་བ་མཐར་སྐམ་མཐར་འདྲུལ་ཞིང་། །མཐའ་མར་མི་གཙང་
སྙིང་པོ་མ་མཆིས་པ། །རྣམ་པར་འཇིག་དེངས་མྱགས་པར་འགྱུར་བ་སྟེ། །སོ་སོར་འགྱེས་ཆོས་ཅན་དུ་མཁྱེན་པར་མཛོད། །ཅེས་པ་ལྟར་རོ། །
    བཞི་པ་དུད་འགྲོའི་སྡུག་བསྔལ་ནི། བྱིང་ན་གནས་པ་རྒྱ་མཚོ་ཆེན་པོའི་འཇིངས་དང་། གླིང་བར་གྱི་མུན་པའི་ཁྲོད་ན་གནས་པ་སོགས་ནི།
སྐྱེས་ཙམ་ཉིད་ནས་ཕན་ཚུན་གསོད་ཅིང་ཟ་བ་སོགས། སྡུག་བསྔལ་དང་སྡིག་པའི་ཁུར་གྱིས་ནི་ནོན། བླང་དོར་ལ་རྨོངས་པའི་མུན་པས་ནི་ཁེབས།
དམ་པའི་ཆོས་ཀྱི་སྒྲ་ཙམ་ཡང་ཐོས་པའི་སྐལ་བ་ནི་མེད། བདེ་ལེགས་ཀྱི་ཕྱོགས་མཐའ་དག་དང་ནི་བྲལ། མུན་པ་ནས་མུན་པར་ནི་འཇུག་པ་
སོགས། འཇིགས་སུ་རུང་བ་རྣམས་དང་། ཁ་འཐོར་བ་རྣམས་ཀྱང་ཤ་དང་པགས་པ། རྭ་དང་རུས་པ། བལ་དང་མུ་ཏིག རྩི་དང་གི་ཝང་སོགས་
ཀྱི་ཆེད་དུ། རྒྱ་དང་སྙི་དང་། རྙོད་དང་། འཛོལ་དང་། ཁོག་ཙེ་སོགས་ཐབས་སྣ་ཚོགས་ཀྱིས་གསོད་པ་དང་། འཆིང་བ་དང་། རྡེག་པ་དང་།
བཀོལ་བ་དང་། སྤྱད་པས་སྡུག་བསྔལ་དང་སྡིག་པ་ལས་མ་འདས་པ་སྟེ། བཤེས་སྤྲིང་ལས། དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང་། །
བཅིང་དང་རྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །ཁ་ཅིག་
མུ་ཏིག་བལ་དང་རུས་པ་དང་། །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་དག་རྡེག་པ་ལག་པ་དང་། །ལྕག་དང་ལྕགས་ཀྱུ་
གདབ་པས་བཏབ་སྟེ་བཀོལ། །ཞེས་སོ། །དེ་དག་གི་ལུས་དང་ཚེའི་ཚད་མཐའ་གཅིག་ཏུ་མ་ངེས་ཤིང་། གཟུགས་ཆེ་ཤོས་ཆུ་སྲིན་ཉ་མིད་དང་།
དེ་མིད་སོགས་རི་བོ་ཆེན་པོ་དང་འཁྲུལ་པ་སྟེ། དུས་ལན་རེར་ཡང་སྲོག་ཆགས་འབུམ་ཕྲག་དུ་མ་ཁོང་དུ་འགྲོ་ཞིང་། ངོམས་པ་མེད་པ་སོགས་སྡུག་
བསྔལ་དང་། སྡིག་པའི་ཁུར་ཤིན་ཏུ་ལྕི་བ་དག་གོ། །ཚེའི་རིང་ཤོས་ཀྱང་། མཛོད་ལས། དུད་འགྲོ་རྣམས། མཆོག་རིང་བསྐལ་པའོ། །ཞེས་པ་ལྟར་རོ། །
    ལྔ་པ་ཡི་དྭགས་ཀྱི་སྡུག་བསྔལ་ནི། བྱིང་ན་གནས་པ་རྣམས་འཛམ་གླིང་གི་འོག་དཔག་ཚད་ལྔ་བརྒྱ་འདས་པ་ན། རིགས་སུམ་ཅུ་རྩ་གཉིས་ཡོད་
པར་མདོ་ལས་བཤད་ཅིང་། ཁ་འཐོར་བ་གཞན་ནི་དེ་ལས་འཕྲོས་པ་སྟེ། དེ་དག་གི་སྡུག་བསྔལ་ཡང་བསྡུ་ན་གསུམ་ལས།
    ཕྱིའི་སྒྲིབ་པ་ཅན་ནི་བཀྲེས་སྐོམ་གྱིས་ཉེན་ཏེ། བཟའ་བཏུང་ཚོལ་བའི་ཕྱིར་ཕྱོགས་ཀུན་ཏུ་འཁྱམས་ཏེ། མཚོ་དང་། མཚེའུ་དང་། ཆུ་ཀླུང་
དང་། ཁྲོན་པ་སོགས་ཀྱི་དྲུང་དུ་ཕྱིན་པ་ན། དེར་རལ་གྲི་དང་མདུང་ཐུང་སོགས་མཚོན་ཆ་དྲག་པོ་ཐོགས་པ་རྣམས་ཀྱིས་འགོག་ཅིང་སྐྲོད་པ་དང་།
མ་བཀག་ཀྱང་རྣག་ཁྲག་དང་ཐལ་ཚན་སོགས་སུ་མཐོང་བས། ལོངས་སྤྱོད་དུ་མི་རུང་བ་སོགས་དང་།
    ནང་གི་སྒྲིབ་པ་ཅན་ནི་བཟའ་བཏུང་རྙེད་དུ་ཟིན་ཀྱང་། ཁ་ཁབ་མིག་ཙམ་དུ་མི་ཚུད། མགྲིན་པ་པད་སྣལ་ཙམ་དུ་མི་ཐར། ལྟོ་བ་རིའི་གཏོས་
ཙམ་མི་ཁེངས། རྐང་ལག་འཇག་མ་ཙམ་གྱིས་མི་ཐེག་པ་སོགས་དང་།
    ཟས་སྐོམ་ཉིད་ཀྱི་སྒྲིབ་པ་ཅན་ནི། ཡུལ་བཟང་པོ་ལ་ལོངས་སྤྱོད་མི་ནུས་པར། བཤང་གཅི་དང་ངར་སྣབས་སོགས་མི་གཙང་ཞིང་དྲི་ང་བ་
རྣམས་ཟ་བ་དང་། ཁ་ཅིག་རང་གི་ཤ་གཅོད་ཅིང་ཟ་བ་སོགས་ཏེ། ཇི་ལྟར་ཟོས་བཞིན་ཁོང་པར་ཕྱིན་པ་ན། ཐུ་ལུམ་འབར་བ་སོགས་སུ་གྱུར་ནས།
ནང་ཁྲོལ་དང་དོན་སྙིང་ཐམས་ཅད་བསྲེག་ཅིང་གཏུབ་པས་ཉམ་ཐག་པའོ། །མདོར་ན་སྐྱེས་ཙམ་ཉིད་ནས་བཀྲེས་པ་དང་སྐོམ་པས་ནི་གཟིར། ཤ་
དང་པགས་པ་ནི་སྐམ། སྐྲ་དང་སེན་མོ་ནི་རིང་། སྡོང་དུམ་མེས་ཚིག་པ་དང་ནི་འདྲ། ཡིད་དུ་འོང་བའི་ལོངས་སྤྱོད་ཀྱིས་ནི་ཕོངས། འདོད་པ་དང་
སྲེད་པས་ནི་གདུང་། ཆོས་ཀྱི་སྣང་བ་དང་ནི་བྲལ། ཚ་གྲང་ངལ་དུབ་འཇིགས་སྐྲག་སོགས་ཀྱིས་ནི་རྟག་ཏུ་མནར་བ་སྟེ། བཤེས་སྤྲིང་ལས། ཡི་
དྭགས་ན་ཡང་འདོད་པས་ཕོངས་པ་ཡིས། །བསྐྱེད་པས་སྡུག་བསྔལ་རྒྱུན་ཆགས་མི་བཟད་པ། །བཀྲེས་སྐོམ་གྲང་དྲོ་ངལ་དང་འཇིགས་པ་ཡིས། །
བསྐྱེད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་གཏོས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་
བོར་བ་ཅུང་ཟད་ཀྱང་། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཁ་ཅིག་པགས་རུས་ལུས་ཤིང་གཅེར་བུ་སྟེ། །ཏ་ལ་ཡ་ཐོག་སྐམ་པ་ལྟ་བུ་
ལགས། །ཁ་ཅིག་མཚན་ཞིང་ཁ་ནས་འབར་བ་སྟེ། །ཟས་སུ་འབར་བའི་ཁར་འབབས་བྱེ་མ་འཚལ། །སྨད་རིགས་འགས་ནི་རྣག་དང་ཕྱི་ས་དང་། །
ཁྲག་སོགས་མི་གཙང་བ་ཡང་མི་རྙེད་དེ། །ཕན་ཚུན་གདོང་དུ་འཚེག་ཅིང་མགྲིན་པ་ནས། །ལྦ་བ་བྱུང་བ་སྨིན་པའི་རྣག་འཚལ་ལོ། །ཡི་དྭགས་
རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བའང་ཚ་ལ་དགུན་ནི་ཉི་མའང་གྲང་། །ལྗོན་ཤིང་འབྲས་བུ་མེད་འགྱུར་དེ་དག་གིས། །བལྟས་པ་ཙམ་གྱིས་
ཀླུང་ཡང་སྐམ་པར་འགྱུར། །ཞེས་སོ། །ལུས་དང་ཚེའི་ཚད་ལ་ངེས་པ་མེད་མོད། ཚེ་རིང་ཤོས་སྤྱིའི་དབང་དུ་མཛད་ནས། དེ་ཉིད་ལས། བར་
ཆད་མེད་པར་སྡུག་བསྔལ་བསྟེན་གྱུར་པ། །ཉེས་པར་སྤྱད་པའི་ལས་ཀྱི་ཞགས་པ་ནི། །སྲ་བས་བཅིངས་པའི་ལུས་ཅན་ཁ་ཅིག་ལོ། །ལྔ་སྟོང་དག་
དང་ཁྲིར་ཡང་འཆི་མི་འགྱུར། །ཞེས་པ་ལྟར་རོ། །
    དྲུག་པ་དམྱལ་བའི་སྡུག་བསྔལ་བསམ་པ་ནི། ཚ་བའི་དམྱལ་བ། གྲང་བའི་དམྱལ་བ། ཉི་ཚེ་ཉེ་འཁོར་བ་སྟེ་རིས་གསུམ་དུ་ཡོད་པ་ལས།
    དང་པོ་ནི། མཛོད་ལས། འདི་འོག་སྟོང་ཕྲག་ཉི་ཤུ་ན། །མནར་མེད་པའོ་དེ་ཙམ་མོ། །དེ་ཡི་སྟེང་ན་དམྱལ་བ་བདུན། །ཞེས་པ་ལྟར། འཛམ་
བུའི་གླིང་འདིའི་འོག་ན་མནར་མེད་ལ་སོགས་པའི་ཚ་དམྱལ་བརྒྱད་སྟེང་ནས་སྟེང་དུ་བརྩེགས་ནས་ཡོད་པའི།
    ཐོག་མ་ཡང་སོས་པ་ནི། དེར་སྐྱེས་པ་རྣམས་ཞེ་སྡང་གི་ལས་ཀྱི་དབང་གིས། ལག་ཏུ་བླངས་ཚད་མཚོན་ཆར་གྱུར་ནས། ཕན་ཚུན་དྲག་ཏུ་
བཏབ་པས་ཤ་ཟད་སྟེ། འགྱེལ་བ་ན་ནམ་མཁའ་ནས་ཡང་སོས་པར་གྱུར་ཅིག ཅེས་པའི་སྒྲ་གྲགས་པས། ལངས་སྟེ་སྔར་བཞིན་བསྣུན་པས།
སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་བའོ། །
    གཉིས་པ་ཐིག་ནག་པ་ནི། དམྱལ་སྲུང་རྣམས་ཀྱིས། ལུས་ལ་ཐིག་ནག་པོ་བརྒྱད་དམ་བཅུ་དྲུག་ལ་སོགས་པ་བཏབ་ཏེ། སོག་ལེ་དང་སྟྭ་རེ་
སོགས་མཚོན་ཆ་མེ་འབར་བས་གཤེག་པ་དང་། གཏུབ་པའོ། །
    གསུམ་པ་བསྡུས་འཇོམས་ནི། དམྱལ་སྲུང་གིས་དེད་ནས། ལྕགས་ཀྱི་རི་ར་དང་ལུག་གི་གདོང་པ་འདྲ་བ་འདུས་པའི་བར་དུ་ཡང་ཡང་འཚིར་
བས། ཁྲག་གི་རྒྱུན་འབབ་པའོ། །
    བཞི་པ་ངུ་འབོད་ནི། ལྕགས་ཀྱི་ས་གཞི་མེ་འབར་བ་ལ། མ་བཟོད་ཅིང་གནས་དང་སྐྱབས་ཚོལ་བའི་ཚེ། ལྕགས་ཀྱི་ཁང་པ་མཐོང་སྟེ་དེའི་ནང་
དུ་ཞུགས་པས། ཕྱི་ནང་ཐམས་ཅད་མེར་འབར་བས་སྨྲེ་སྔགས་ཀྱི་འོ་དོད་འབོད་པའོ། །
    ལྔ་པ་ངུ་འབོད་ཆེན་པོ་ནི། ལྕགས་ཁང་ཉིས་རིམ་དང་། སྡུག་བསྔལ་སྔ་མ་ལས་ཉིས་འགྱུར་དུ་ཆེ་བའོ། །
    དྲུག་པ་ཚ་བ་ནི། ལྕགས་ཀྱི་གསལ་ཤིང་འབར་བས། ཞབས་ནས་ཕུག་སྟེ་སྤྱི་བོར་འཐོན་པས། དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་
ནས། མེ་ལྕེ་འབར་ཞིང་དུ་བ་འཐུལ་བ་དང་། ལྕགས་ལས་བྱས་པའི་སྣོད་ཆེན་པོར་ཟངས་ཞུན་འབར་བའི་ནང་དུ་འཚེད་པ་དང་། འབར་བའི་ས་
གཞིར་གན་རྐྱལ་སོགས་སུ་བཞག་ནས། འབར་བའི་ཐོ་བས་རྡུང་ཞིང་དམྱལ་བར་བྱེད་པའོ། །
    བདུན་པ་རབ་ཏུ་ཚ་བ་ནི། གསལ་ཤིང་རྩེ་གསུམ་པས་ཞབས་ནས་ཕུག་སྟེ། ཕྲག་པ་གཉིས་སྤྱི་བོ་དང་གསུམ་དུ་འཐོན་པ་དང་། གཞན་ཡང་
སྡུག་བསྔལ་མྱོང་བའི་རྟེན་ལུས་དང་། རྒྱུ་ལས་དང་སྡུག་བསྔལ་གྱི་ངོ་བོ་རྣམས་སྔ་མ་ལས་རབ་ཏུ་ཆེ་བའོ། །
    བརྒྱད་པ་མནར་མེད་པ་ནི། ཕྱོགས་བཞི་ནས་རླུང་ཤུགས་དྲག་པོས་བདས་པའི་མེ་ལྕེས། དམྱལ་བ་པ་དེ་དག་གི་ལུས་རྟག་ཏུ་འབར་བས། སྨྲེ་
སྔགས་ཀྱི་སྒྲ་ཙམ་ལས་སེམས་ཅན་དུ་ཤེས་པ་དང་། དམྱལ་སྲུང་རྣམས་ཀྱིས་མེ་མདག་འབར་བའི་ནང་དུ་གན་རྐྱལ་ལམ། ཁ་སྦུབ་ཏུ་བཞག་སྟེ་
ཕྲ་སྐམ་འབར་བས་ལྕེ་ཕྱུང་ཞིང་བརྐྱངས་ནས། ལྕགས་ཀྱི་ཐོང་གཤོལ་མེ་འབར་བས་ཞིང་བཞིན་དུ་རྨོ་བ་དང་། པགས་པ་བཤུས་པའི་ཤུལ་དུ་
ཟངས་ལེབ་འབར་བས་དཀྲིས་ཏེ། ཐོ་བ་འབར་བས་རྡུང་ཞིང་རྔན་བགྲང་བྱེད་པ་སོགས། སྐད་ཅིག་ཙམ་ཡང་བར་ཆད་མེད་པར་སྡུག་བསྔལ་
བསམ་གྱིས་མི་ཁྱབ་པ་ཉམས་སུ་མྱོང་བའོ། །འདི་དག་ཀྱང་དྲན་པ་ཉེར་བཞག་གི་མདོ་དང་། མངོན་པའི་གཞུང་ལུགས་རྣམས་ནས་ཞིབ་ཏུ་བཤད་
མོད། བཤེས་པའི་སྤྲིང་ཡིག་ཏུ་བསྡུས་ཏེ་བསྟན་པ་ནི། སེམས་ཅན་ཉེས་པར་སྤྱད་པ་སྤྱོད་རྣམས་ལ། །ཡང་སོས་ཐིག་ནག་རབ་ཏུ་ཚ་བ་དང་། །
བསྡུས་འཇོམས་ངུ་འབོད་མནར་མེད་ལ་སོགས་པའི། །དམྱལ་བ་རྣམས་སུ་རྟག་ཏུ་སྡུག་བསྔལ་འགྱུར། །ཁ་ཅིག་ཏིལ་བཞིན་འཚིར་སྟེ་དེ་བཞིན་
གཞན། །ཕྱེ་མ་ཞིབ་མོ་བཞིན་དུ་ཕྱེ་མར་རློག །ཁ་ཅིག་སོག་ལེས་འདྲ་སྟེ་དེ་བཞིན་གཞན། །སྟྭ་རེ་མི་བཟད་སོ་རྣོན་རྣམས་ཀྱིས་གཤེག །དེ་བཞིན་
གཞན་དག་ཁྲོ་ཆུ་བཞུས་པ་ཡི། །ཁུ་བ་འབར་བས་འཁྲིག་པ་ལྡུད་པར་བགྱིད། །ཅེས་དང་། ཁ་ཅིག་མདག་མ་འབར་བའི་ཚོགས་སུ་ནི། །རྒྱུན་མི་
འཆད་པར་རབ་བསྲེག་ཁ་ཡང་བགྲད། །ཁ་ཅིག་ལྕགས་ལས་བྱས་པའི་ཟངས་ཆེན་དུ། །སྤྱིའུ་ཚུགས་འབྲས་ཀྱི་ཅུང་ཕེད་བཞིན་དུ་འཚེད། །ཅེས་
དང་། བདེ་བ་ཀུན་གྱི་ནང་ན་སྲེད་ཟད་པའི། །བདེ་བ་བདག་པོ་བགྱིད་པ་ཇི་ལྟ་བར། །དེ་བཞིན་སྡུག་བསྔལ་ཀུན་གྱི་ནང་ན་ནི། །མནར་མེད་
དམྱལ་བའི་སྡུག་བསྔལ་རབ་མི་བཟད། །ཅེས་སོ། །སྡུག་བསྔལ་དེ་དག་ཇི་སྲིད་མྱོང་བའི་ཡུན་ཚད་ནི། སྤྱིར་ལས་མ་ཟད་ཀྱི་བར་དུ་འཆི་འཕོ་བར་
མི་ནུས་པ་སྟེ། དེ་ཉིད་ལས། དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟད་ལོ། །བྱེ་བ་ཕྲག་བརྒྱར་ཉམས་སུ་མྱོང་ཡང་ནི། །ཇི་སྲིད་མི་དགེ་དེ་ཟད་མ་གྱུར་
པ། །དེ་སྲིད་སྲོག་དང་བྲལ་བར་མི་འགྱུར་རོ། །ཞེས་སོ། །བྱེ་བྲག་སོ་སོའི་ཚེ་ཚད་ཀྱང་། མཛོད་ལས། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། །འདོད་པ་དག་
གི་ལྷ་རྣམས་ལས། །འོག་མ་དག་གི་ཉིན་ཞག་གཅིག །དེ་ནས་ཚེ་ལོ་ལྔ་བརྒྱའོ། །གོང་མ་གཉིས་ཀ་ཉིས་འགྱུར་རོ། །ཞེས་དང་། ཡང་སོས་ལ་
སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དེས་ན་དེ་དག་རྣམས་ཀྱི་ཚེ། །འདོད་པའི་ལྷ་དང་འདྲ་བ་ཡིན། །ཞེས་གསུངས་
པ་ལྟར་རོ། །
    གཉིས་པ་གྲང་བའི་དམྱལ་བ་ནི། མཛོད་ལས། ཆུ་བུར་ཅན་སོགས་གྲང་བརྒྱད་གཞན། །ཞེས་ཚ་དམྱལ་བརྒྱད་ཀྱི་ཐད་ཀའི་བྱང་ངོས་སུ་གྲང་
དམྱལ་བརྒྱད་བརྩེགས་ནས་གནས་པར་གསུངས་ཏེ།
    དེའི་ཐོག་མ་ཆུ་བུར་ཅན་ནི་གངས་ཀྱི་སྦུགས་སུ་རླུང་དམར་གྱིས་བཏབ་པས། པགས་པ་འཁུམས་ཤིང་ཆུ་བུར་དུ་གྱུར་པའོ། །
    གཉིས་པ་ཆུ་བུར་རྡོལ་བ་ཅན་ནི། སྔ་མ་བས་ཀྱང་རླུང་དམར་གྱི་ཤུགས་དྲག་པས། ཆུ་བུར་རྡོལ་ནས་ཆུ་སེར་འཛག་པའོ། །
    གསུམ་པ་སོ་ཐམ་ཐམ་པ་ནི། ཤིན་ཏུ་གྲང་བས་ཉེན་པས་ཁ་སོ་འཐམས་ཤིང་སོ་སྒྲ་ཀྲིག་ཀྲིག་བྱེད་པའོ། །
    བཞི་པ་ཀྱི་ཧུད་ཟེར་བ་ནི། སྡུག་བསྔལ་གྱིས་ཉམ་ཐག་པས་ཀྱི་ཧུད་ཞེས་སྨྲེ་སྔགས་ཀྱི་ང་རོ་ཆེན་པོ་འདོན་པའོ། །
    ལྔ་པ་ཨ་ཆུ་ཟེར་བ་ནི། སྡུག་བསྔལ་ཤུགས་ཆེན་པོས་གདུངས་པས། ཨ་ཆུ་ཞེས་སྨྲེ་སྔགས་ཆུང་ངུ་ཙམ་ལས་འདོན་མི་ནུས་པའོ། །
    དྲུག་པ་ཨུཏྤལ་ལྟར་གས་པ་ནི། རླུང་དམར་གྱིས་བཏབ་པའི་དབང་གིས། པགས་པའི་མདོག་སྔོན་པོར་གྱུར་ཏེ་ཁ་ལྔའམ་དྲུག་ལ་སོགས་པར་
གས་པའོ། །
    བདུན་པ་པདྨ་ལྟར་གས་པ་ནི། པགས་པའི་མདོག་སྔ་མ་ལས་འདས་ཏེ། དམར་པོར་གྱུར་ཅིང་ཁ་བཅུ་ལ་སོགས་པར་གས་པའོ། །
    བརྒྱད་པ་པདྨ་ལྟར་ཆེར་གས་པ་ནི། པགས་པ་ཤིན་ཏུ་དམར་པོར་གྱུར་ཏེ། ཁ་བརྒྱའམ་བརྒྱ་ལས་ལྷག་པར་གས་པའོ། །དེ་དག་གི་ཚེ་ཚད་
ཀྱང་། མཛོད་ལས། ཏིལ་སྦྱངས་ནང་ནས་ལོ་བརྒྱ་ཞིང་། །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་
ཤུས་འགྱུར། །ཞེས་གསུངས་ཏེ། ཏིལ་སྦྱངས་ཞེས་སོགས་ནི་མ་ག་ངྷའི་ཁལ་བརྒྱད་ཅུ་ཤོང་བའི་སྣོད་ཏིལ་གྱིས་ཕྱུར་བུར་བཀང་པ་ལས། ལོ་བརྒྱ་
རེ་ཞིང་ཏིལ་རེ་རེ་ཕྱུང་བས་ཟད་པ། ཆུ་བུར་ཅན་གྱི་ཚེའི་ཚད་དང་། འོག་མ་འོག་མ་རྣམས་སྔ་མ་སྔ་མ་ལས་ཉི་ཤུས་འགྱུར་དུ་བསྟན་པའོ། །
གསུམ་པ་ཉི་ཚེ་ཉེ་འཁོར་བ་ལས།
    ཉི་ཚེ་བ་ནི་ཚ་གྲང་གི་གནས་ཆེན་པོ་རྣམས་ཀྱི་ཉེ་ལོགས་དང་། རྒྱ་མཚོའི་འགྲམ་ལ་སོགས་པར་གནས་པའི་དམྱལ་བ་པ་སྟེ། དགེ་འདུན་
བསྲུངས་ཀྱི་རྟོགས་བརྗོད་ལས་འབྱུང་བ་བཞིན་ནོ། །
    ཉེ་འཁོར་བ་ནི། མཛོད་ལས། བརྒྱད་པོ་ཀུན་ལ་ལྷག་བཅུ་དྲུག །མེ་མ་མུར་དང་རོ་མྱགས་དང་། །སྤུ་གྲིའི་ལམ་སོགས་ཆུ་བོ་ཡིན། །ཞེས་པ་
ལྟར་ཚ་དམྱལ་རྣམས་ཀྱི་ཕྱི་འཁོར་ན་གནས་པ་སྟེ།
    དང་པོ་མེ་མ་མུར་གྱི་འོབས་པུས་ནུབ་ཙམ་ལ། དེར་གནས་པ་རྣམས་ཀྱི་རྐང་པ་ནུབ་པའི་ཚེ། ཤ་པགས་ཐམས་ཅད་ཚིག་ནས་ཀེང་རུས་སུ་
འགྱུར་ཞིང་། འདེགས་པའི་ཚེ་གཞོན་ཤ་ཅན་གྱི་ཤ་གསར་པ་སྐྱེ་བའོ། །
    གཉིས་པ་རོ་མྱགས་ཀྱི་འདམ་ནི། དེའི་ཕྱི་རོལ་ན་ཕྱི་ས་ལྟར་དྲི་ང་ཞིང་། མེ་ལྟར་རབ་ཏུ་ཚ་བའི་འདམ་གྱི་ནང་དུ་འགྱེལ་བ་ན། འདམ་འབུ་མཆུ་
རྣོན་ཞེས་བྱ་བ། ལྕགས་ཀྱི་མཆུ་ཅན་གྱིས་རྐང་མཐིལ་ནས་སྤྱི་བོའི་བར་དུ་འབིགས་པའོ། །
    གསུམ་པ་སྤུ་གྲིའི་ལམ་སོགས་ནི། དེའི་ཡང་ཕྱི་རོལ་ན་སྤུ་གྲིས་གཏམས་པའི་ཐང་ལ་འགྲོ་བ་ན། རྐང་པ་འདེག་འཇོག་གི་ཚེ་ཤ་སྐྱེ་བ་དང་
འཚིག་པ་དང་། དེ་དང་འདབ་ཆགས་སུ་རལ་གྲི་ལོ་མའི་ནགས་ཞེས་པ། ཤིང་གི་ལོ་མ་རལ་གྲི་འབར་བར་གྱུར་ནས་དམྱལ་བ་པ་རྣམས་ཀྱི་ཡན་
ལག་དང་ཉིང་ལག་སོགས་གཅོད་ཅིང་གཏུབ་པའོ། །དེར་འབྲོས་ཤིང་འགྱེལ་བའི་ཚེ་ཁྱི་སྲེ་བོ་ལྕགས་ཀྱི་མཆེ་བ་ཅན་རྣམས་ཀྱིས་ཟ་བར་བྱེད་པ་
དང་། དེ་དང་འདབ་ཆགས་ན་ཤལ་མ་ལིའི་སྡོང་པོ་ཞེས་བྱ་བ། ལྕགས་ཀྱི་སྡོང་པོ་ཚེར་མ་སོར་བཅུ་དྲུག་པ་རབ་ཏུ་མང་པོ་དང་ལྡན་པ་རྣམས་ལ།
ལས་ཀྱིས་དེད་པ་རྣམས་སྟེང་དུ་འཛེག་པའི་ཚེ། ཚེར་མའི་རྩེ་མོ་ཐུར་དུ་ཕྱོགས་པ་དང་། འོག་ཏུ་འབབ་པའི་ཚེ་གྱེན་དུ་ཕྱོགས་པས་དེ་དག་གིས་ཤ་
པགས་རྣམས་གཅོད་ཅིང་གཤེགས་པར་བྱེད་ལ། ཁྭ་ལྕགས་ཀྱི་མཆུ་སྡེར་ཅན་རྣམས་མགོ་བོ་དང་ཕྲག་པར་བབས་ནས་མིག་དང་ལྕེ་འབྱིན་པའོ། །
དེ་དག་ནི་མཚོན་ཆའི་གནོད་པར་མཚུངས་པས་ཕྱོགས་གཅིག་ཏུ་བགྲང་ངོ་། །
กก

  བསྡོམས་ལྡེབ་ངོས་༡༠ཡོད།    ༡༽  ༢༽  ༣༽   ངོས་པོ།   ༥༽   ༦༽   ༧༽   ༨༽   ༩༽   ༡༠༽