|
བཞི་པ་ལས་འབྲས་བསྒོམ་པ་ནི། གོང་དུ་བཤད་པའི་ཚུལ་དེ་དག་ངེས་ནས།
སྦྱོར་བས་ཆོས་སྒྲུབ་པ་ལ་འཇུག་པའང་བསམ་པས་ཆོས་ལ་
མོས་པ་ལ་རག་ལས་ཤིང་། མོས་པ་སྐྱེ་བའང་ལས་འབྲས་བསྒོམ་པ་ལ་རག་ལས་ཏེ།
སྤྱོད་འཇུག་ལས། དགེ་བའི་ཕྱོགས་ནི་ཐམས་ཅད་ཀྱི། །རྩ་
བ་མོས་པར་ཐུབ་པས་གསུངས། །དེ་ཡི་རྩ་བ་རྟག་ཏུ་ནི། །རྣམ་སྨིན་འབྲས་བུ་བསྒོམ་པས་སོ།
།ཞེས་པ་ལྟར་རོ། །དེས་ན་འདི་ལ་གཉིས། ལས་
འབྲས་སྤྱིར་བསམ་པ། སོ་སོར་བསམ་པའོ། །
དང་པོ་ལ་གཉིས། ལས་ངེས་པའི་ཚུལ། འབྲས་བུ་འཕེལ་ཆེ་བའོ། །
དང་པོ་ནི། མདོ་ལས། དུས་ཀྱིས་ཉེན་ཏེ་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་།
།སྐྱེས་བུ་དེ་ནི་གང་
དང་གར་འགྲོ་བར། །ལས་རྣམས་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་གསུངས་པས།
ཡང་སྲིད་གཞན་དུ་འཇུག་པ་ན། དཀར་ནག་གི་ལས་
ཁོ་ན་དང་འགྲོགས་དགོས་པར་ངེས་ཤིང་།
དེ་ཡང་རང་གིས་བསགས་པའི་ལས་ཀྱི་འབྲས་བུ་རང་ཉིད་ཀྱིས་མྱོང་བར་ངེས་ཀྱི།
གཞན་ལ་སྨིན་པ་
ནི་མ་ཡིན་ཏེ། མདོ་ལས། གང་གིས་བྱས་ཤིང་བསགས་པའི་ལས་རྣམས་ནི།
ཕྱི་རོལ་སའི་ཁམས་ལ་སྨིན་པར་མི་འགྱུར། ཆུའི་ཁམས་དང་མེའི་
ཁམས་དང་རླུང་གི་ཁམས་དང་། ནམ་མཁའི་ཁམས་ལ་སྨིན་པར་མི་འགྱུར་གྱི།
ཟིན་པའི་ཕུང་པོ་འདི་ཉིད་ལ་སྨིན་ཅིང་མྱོང་བར་འགྱུར་རོ། །ཞེས་
དང་། ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང་། དེ་ཡང་བྱས་ནས་རེག་པར་མི་འགྱུར་མིན།
།གཞན་གྱིས་བྱས་པ་ཚོར་བར་འགྱུར་བའང་མེད། །ཅེས་ལས་
བྱས་པ་ཆུད་མི་ཟ་བ་དང་། མ་བྱས་པ་དང་མི་འཕྲད་པར་གསུངས་པའི་ཕྱིར།
གལ་ཏེ་ཡུན་ཤིན་ཏུ་རིང་བའི་ལས་ཀྱིས་འབྲས་བུ་བསྐྱེད་པར་མ་
ངེས་སོ་སྙམ་ན། མི་མཐུན་ཕྱོགས་ཀྱིས་མ་བཅོམ་པའི་ལས་ནི།
དུས་རིང་བ་ཙམ་གྱིས་ཆུད་ཟ་བར་མི་འགྱུར་ཏེ། རྐྱེན་ཚོགས་པའི་ཚེ་ན་འབྲས་བུ་
འབྱིན་པར་ངེས་པའི་ཕྱིར་ཏེ། ལས་བརྒྱ་པ་ལས། ལུས་ཅན་རྣམས་ཀྱི་ལས་འདི་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ།
།ཚོགས་ཤིང་དུས་ལ་བབ་
པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་སོ། །འབྲས་བུ་ཇི་ལྟར་སྨིན་པའི་རིམ་པའང་།
གནས་བརྟན་སྒྲ་གཅན་འཛིན་བཟང་པོས། ལས་
ཀྱི་འབྲས་བུ་ལྕི་གང་དང་། །ཉེ་བ་གང་དང་གོམས་པ་གང་། །སྔར་བྱས་གང་ཡིན་དེ་དག་ལས།
།འབྲས་བུ་ཐོག་མར་སྨིན་པར་འགྱུར། །ཞེས་
གསུངས་ཏེ། དེའི་དོན་ཡང་ལས་སྟོབས་གང་ཆེ་བའི་འབྲས་བུ་ཐོག་མར་སྨིན་ལ།
སྟོབས་མཉམ་ན་འཆི་ཀའི་སེམས་ལ་གང་ཉེ་ཞིང་གསལ་བ་
དང་། དེ་ཡང་མཉམ་ན་གང་ལ་གོམས་ཤས་ཆེ་བ་དང་།
དེ་ཡང་མཉམ་ན་སྔར་བྱས་པ་གང་ཡིན་པ་དེའི་འབྲས་བུ་ཐོག་མར་སྨིན་པའོ། །
གཉིས་པ་ནི་དཀར་ནག་གི་ལས་ཆེན་པོ་དག་གི་འབྲས་བུ་དེ་ལྟར་ངེས་ཀྱང་།
ཤིན་ཏུ་ཆུང་ངུ་དག་གིས་ནི། འབྲས་བུ་འབྱིན་པར་མ་ངེས་སོ་
སྙམ་ན་མ་ཡིན་ཏེ། ནང་གི་རྒྱུ་འབྲས་ནི་འཕེལ་ཤིན་ཏུ་ཆེ་བའི་ཕྱིར།
དེ་སྐད་དུ་ཡང་། ཆེད་དུ་བརྗོད་པའི་ཚོམས་ལས། སྡིག་པ་ཆུང་ངུ་བྱས་པས་
ཀྱང་། །འཇིག་རྟེན་ཕ་རོལ་འཇིགས་ཆེན་དང་། །ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ།
།ཁོང་པར་སོང་བའི་དུག་བཞིན་ནོ། །བསོད་ནམས་ཆུང་ངུ་བྱས་
པས་ཀྱང་། །འཇིག་རྟེན་ཕ་རོལ་བདེ་ཆེན་འདྲེན། །དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ།
།འབྲུ་རྣམས་ཕུན་ཚོགས་སྨིན་པ་བཞིན། །ཞེས་གསུངས་
པའི་ཕྱིར་རོ། །དེས་ན་ཀླུའི་རྒྱལ་པོ་ཨེ་ལའི་འདབ་དང་།
རྒྱལ་པོ་སྤྱི་བོ་སྐྱེས་ཀྱི་ལོ་རྒྱུས་སོགས།
རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་བའི་ཚུལ་
རྣམས་དྲན་པར་བྱས་ཏེ། ངེས་པ་རྙེད་པར་བྱའོ། །འོ་ན་ཆེ་ཆུང་གི་ཁྱད་པར་ཇི་ལྟ་བུ་ཞེ་ན།
བཤེས་སྤྲིང་ལས། རྟག་དང་མངོན་པར་ཞེན་དང་
གཉེན་པོ་མེད། །ཡོན་ཏན་གཙོ་ལྡན་གཞི་ལས་འབྱུང་བའི་ལས། །དགེ་དང་མི་དགེ་རྣམས་ལྔ་ཆེན་པོ་སྟེ།
།དེ་ལས་དགེ་བ་སྤྱོད་ལ་བརྩོན་པར་
གྱིས། །ཞེས་པ་ལྟར། དུས་རྟག་ཏུ་དང་། བསམ་པ་མངོན་ཞེན་དྲག་པོ་དང་།
འགྱོད་སོགས་མི་མཐུན་ཕྱོགས་ཀྱི་གཉེན་པོ་མེད་པ་དང་། དཀོན་
མཆོག་དང་བླ་མ་སོགས་ཡོན་ཏན་དང་ལྡན་པའི་གཞི་ལས་བྱུང་བ་དང་།
ཕ་མ་སོགས་ཕན་འདོགས་པའི་གཞི་ལས་བྱུང་བའི་ལས་རྣམས་ནི་ཆེན་
པོ་དང་། དེ་ལས་བཟློག་པ་ནི་ཆུང་ངུ་ཡིན་ལ། དེ་ཡང་ཆེད་དུ་བསམས་ཏེ།
བསྒྲུབ་པའི་ལས་ནི་བྱས་ལ་བསགས་པ་ཞེས་དང་། མ་བསམ་པར་
བསྒྲུབ་པའི་ལས་ནི། བྱས་ལ་མ་བསགས་པ་ཞེས་སོགས་སུ་ཤེས་པར་བྱའོ། །དེ་བཞིན་དུ།
སྤྱོད་འཇུག་ལས་ཀྱང་། རྟག་པར་མངོན་ཞེན་གྱིས་
བསླངས་པའམ། །གཉེན་པོ་ཡིས་ནི་བསླངས་པ་ཉིད། །ཡོན་ཏན་དང་ནི་ཕན་འདོགས་ཤིང་།
།སྡུག་བསྔལ་བ་ལས་དགེ་ཆེན་འགྱུར། །ཞེས་དང་།
མཛོད་ལས། མཇུག་དང་ཞིང་དང་གཞི་དང་ནི། །སྦྱོར་དང་སེམས་པ་བསམ་པ་སྟེ། །དེ་དག་ཆུང་དང་ཆེ་བ་ལས།
།ལས་ཀྱང་ཆུང་དང་ཆེ་བ་ཉིད།།
ཅེས་གསུངས་པ་ལྟར་རོ། །
གཉིས་པ་སོ་སོར་བསམ་པ་ལ་གཉིས། ནག་པོའི་ལས་འབྲས་བསམ་པ།
དཀར་པོའི་ལས་འབྲས་བསམ་པའོ། །
དང་པོ་ལ་གསུམ། ལས་བསམ་པ། འབྲས་བུ་བསམ་པ། དེ་དག་སྤང་བར་བསམ་པའོ།
།
དང་པོ་ནི་སྤྱིར་དཀར་ནག་གི་ལས་ལམ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་།
མདོར་བསྡུ་ན། མཛོད་ལས། དེ་ལས་ཆེ་ལོང་བསྡུས་ནས་
ནི། །དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་གསུངས་སོ། །ཞེས་པ་ལྟར་ནག་པོའི་ལས་ལམ་གྱི་གཙོ་བོ་ཡང་བཅུ་སྟེ།
ལུས་ཀྱི་སྒོ་
ནས་སྲོག་གཅོད་པ། མ་བྱིན་པར་ལེན་པ། འདོད་པས་ལོག་བར་གཡེམ་པ་སྟེ་གསུམ།
ངག་གི་སྒོ་ནས་རྫུན། ཕྲ་མ། ཚིག་རྩུབ། ཀྱལ་པ་སྟེ་བཞི།
ཡིད་ཀྱི་སྒོ་ནས་བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ་གསུམ་མོ། །དེ་དག་གི་ངོ་བོ་ཡང་།
མཛོད་ལས། སྲོག་གཅོད་པ་ནི་བསམ་བཞིན་དུ། །
མ་ནོར་བར་ནི་གཞན་གསད་པའོ། །མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་དང་འཇབ་བུས་བདག་གིར་བྱེད།
།བགྲོད་མིན་འགྲོ་བར་འདོད་པ་ཡི།།
ལོག་པར་གཡེམ་པ་རྣམ་པ་བཞི། །རྫུན་ཚིག་འདུ་ཤེས་གཞན་བསྒྱུར་བའི། །ཚིག་དོན་མངོན་པར་གོ་བའོ།
།ཞེས་དང་། ཕྲ་མ་ཕ་རོལ་དབྱེ་བའི་
ཕྱིར། །ཉོན་མོངས་ཅན་གྱི་སེམས་ཀྱི་ཚིག །ཚིག་རྩུབ་པོ་ནི་མི་སྙན་པ། །ཉོན་མོངས་ཅན་ཀུན་ཀྱལ་པ་ཉིད།
།ཅེས་དང་། བརྣབ་སེམས་ནི། ལོག་
པར་གཞན་གྱི་ནོར་ལ་ཆགས། །གནོད་སེམས་སེམས་ཅན་ལ་སྡང་བ། །དགེ་དང་མི་དགེ་མེད་ལྟ་བ།
།ལོག་པར་ལྟ་བ་ཡིན་འདི་ལ། །གསུམ་ལམ་
བདུན་ནི་ལས་ཀྱང་ཡིན། །ཞེས་པ་ལྟར། གཞི། བསམ་པ། སྦྱོར་བ།
མཐར་ཐུག་གི་སྒོ་ནས་ཤེས་པར་བྱའོ། །གཞན་ཡང་ཉོན་མོངས་པ་དུག་
གསུམ་དང་། དེས་ཀུན་ནས་བསླངས་པའི་ལས་རྣམས་ནི། མི་དགེ་བ་ཞེས་བྱ་སྟེ།
རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་དང་། །
དེས་བསྐྱེད་ལས་ནི་མི་དགེ་བ། །ཞེས་གསུངས་པའི་ཕྱིར་རོ། །
གཉིས་པ་ནི།
དེ་ལྟར་ནག་པོའི་ལས་ལམ་དེ་དག་རེ་རེ་ལའང་རྣམ་སྨིན་གྱི་འབྲས་བུ།
རྒྱུ་མཐུན་གྱི་འབྲས་བུ། བདག་པོའི་འབྲས་བུ་གསུམ་
གསུམ་སྟེ། མཛོད་ལས། ཐམས་ཅད་བདག་པོ་རྒྱུ་མཐུན་དང་། །རྣམ་སྨིན་འབྲས་བུ་འབྱིན་པར་འདོད།
།ཅེས་གསུངས་པའི་ཕྱིར།
དེ་ལས་དང་པོ་རྣམ་སྨིན་གྱི་འབྲས་བུ་ནི།
ཆེ་འབྲིང་སོགས་དང་ཀུན་སློང་གི་དབྱེ་བས།
དམྱལ་བ་སོགས་ངན་འགྲོ་གནས་གསུམ་དུ་སྐྱེ་བ་
དང་། མཐོ་རིས་སུ་ཡང་ལུས་སེམས་ཀྱི་སྡུག་བསྔལ་སྣ་ཚོགས་པ་སྟེ།
རིན་ཆེན་ཕྲེང་བ་ལས། མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་
འགྲོ་ཐམས་ཅད་དོ། །ཞེས་དང་། ཆགས་པས་ཡི་དྭགས་འགྲོ་བར་འགྲོ། །ཞེ་སྡང་གིས་ནི་དམྱལ་བར་འཕེན།
།རྨོངས་པས་ཕལ་ཆེར་དུད་འགྲོར་
འགྱུར། །ཞེས་དང་། སྤྱོད་འཇུག་ལས། སྡུག་བསྔལ་ཡིད་མི་བདེ་བ་དང་། །འཇིགས་པ་རྣམ་པ་སྣ་ཚོགས་དང་།
།འདོད་པ་རྣམས་དང་བྲལ་བ་
ནི། །སྡིག་པ་སྤྱོད་ལས་འབྱུང་བར་འགྱུར། །ཞེས་དང་།
སྡིག་པ་བྱེད་པ་བདེ་འདོད་ཀྱང་། །གང་དང་གང་དུ་འགྲོ་འགྱུར་བ། །དེ་དང་དེར་ནི་སྡིག་
པ་དེས། །སྡུག་བསྔལ་མཚོན་གྱིས་རྣམ་པར་འཇོམས། །ཞེས་དང་།
གཤིན་རྗེའི་སྐྱེས་བུས་པགས་པ་མ་ལུས་བཤུས་པས་ཤིན་ཏུ་ཉམ་ཐག་ཅིང་།།
རབ་ཏུ་ཚ་བའི་མེ་ཡིས་བཞུས་པའི་ཟངས་ཞུན་ལུས་ལ་བླུགས་གྱུར་ལ། །འབར་བའི་རལ་གྲི་མདུང་ཐུང་གིས་བསྣུན་ཤ་ཡི་དུམ་བུ་བརྒྱར་ལྷགས་
ཤིང་། །ཤིན་ཏུ་འབར་བའི་ལྕགས་ཀྱི་ས་གཞིར་ལྟུང་བ་མི་དགེ་མང་པོས་འགྱུར། །ཞེས་སོ།
།གལ་ཏེ་མ་ངེས་ཏེ་སྡིག་པ་བྱེད་པ་འགའ་ཞིག་ཀྱང་
བདེ་བར་སྣང་བའི་ཕྱིར་སྙམ་ན། མ་ཡིན་ཏེ།
དེ་དག་གི་བདེ་བ་ཡང་སྔ་མར་དགེ་བ་སྤྱད་པའི་འབྲས་བུ་ཡིན་པའི་ཕྱིར་དང་།
སྡིག་པའི་རྣམ་སྨིན་
ཕལ་ཆེ་བ་རྣམས་ཤི་རྗེས་སུ་མྱོང་བར་འགྱུར་བའི་ཕྱིར་ཏེ། བཤེས་སྤྲིང་ལས།
སྡིག་པའི་ལས་རྣམས་སྤྱོད་པ་འགའ་ཡང་ནི། །དེ་ཡི་མོད་ལ་མཚོན་
བཞིན་མི་གཅོད་སྟེ། །འཆི་བའི་དུས་ལ་བབ་ན་སྡིག་པ་ཡི། །ལས་ཀྱི་འབྲས་བུ་གང་ལགས་མངོན་པར་འགྱུར།
།ཞེས་པ་ལྟར་རོ། །
གཉིས་པ་རྒྱུ་མཐུན་གྱི་འབྲས་བུ་ལ་མྱོང་བ་རྒྱུ་མཐུན་ནི།
ལས་གཞན་གྱི་དབང་གིས་མི་ལ་སོགས་པར་སྐྱེ་ནའང་། རིམ་པ་ལྟར་ཚེ་ཐུང་བ་ལ་
སོགས་པར་འགྱུར་བ་སྟེ། རིན་ཆེན་ཕྲེང་བ་ལས། གསོད་པ་ཡིས་ནི་ཚེ་ཐུང་འགྱུར།
།རྣམ་པར་འཚེ་བས་གནོད་པ་མང་། །རྐུ་བ་ཡིས་ནི་ལོངས་
སྤྱོད་ཕོངས། །བྱི་བོ་བྱེད་པས་དགྲ་དང་བཅས། །བརྫུན་ཏུ་སྨྲ་བས་བསྐུར་བ་སྟེ།
།ཕྲ་མ་ཡིས་ནི་བཤེས་དང་འབྱེ། །རྩུབ་པོ་ཉིད་ཀྱིས་མི་སྙན་ཐོས།།
མ་འབྲེལ་བ་ཡིས་ཚིག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བྱེད།
།ལོག་པར་ལྟ་བས་ལྟ་ངན་
ཉིད། །ཅེས་སོགས་གསུངས་པ་ལྟ་བུ་དང་།
བྱེད་པ་རྒྱུ་མཐུན་ནི་ལས་གང་དང་གང་ལ་སྤྱད་པ་དེ་དང་དེའི་རིགས་འདྲ་རྣམས་ལ་སྤྱོད་པར་འགྱུར་
བའོ། །
གསུམ་པ་བདག་པོའི་འབྲས་བུ་ནི། རིམ་པ་ལྟར།
ཕྱི་རོལ་གྱི་ལོངས་སྤྱོད་གཟི་མཐུ་ཆུང་བ་དང་།
ཧ་ཅང་ཆར་ཆར་ཆུང་སོགས་མི་འཚམས་པ་
སྣ་ཚོགས་པ་སྟེ། ཕྱི་རོལ་མཐུ་ཆུང་སེར་ཆར་མང་། །རྡུལ་འཁྲིག་དྲི་ང་མཐོན་དམན་ཅན།
།ཚྭ་སྒོ་ཅན་སོགས་དུས་ལོག་དང་། །འབྲས་བུ་ཕྲ་ཁ་
ཆུང་བའམ་མེད། །ཅེས་སྔ་མ་དག་འདོན་པ་ལྟར་རོ། །
གསུམ་པ་དེ་དག་སྤང་བར་བསམ་པ་ནི། དེ་ལྟར་རྒྱུ་མི་དགེ་བ་ལས།
འབྲས་བུ་སྡུག་བསྔལ་འབྱུང་བར་ངེས་ནས། སྔར་བྱས་ཀྱི་ཉེས་སྤྱད་
སྟོབས་བཞིའི་སྒོ་ནས་བཤགས་པ་དང་།
སླན་ཆད་སྲོག་ལ་བབ་ཀྱང་སྡིག་པའི་ལས་མི་བྱེད་པར་བློ་ཐག་ཆོད་པར་བྱ་སྟེ།
བཤེས་སྤྲིང་ལས། མི་
དགེའི་འབྲས་བུ་རྣམས་ཀྱི་ས་བོན་ནི། །ལུས་ངག་ཡིད་གྱི་ཉེས་སྤྱད་ཁྱོད་ཀྱིས་ནི།
།ཅི་ནས་དེ་རྡུལ་ཙམ་ཡང་མ་མཆིས་པ། །དེ་ལྟར་ཉིད་ཀྱི་རྩལ་
གྱིས་འབད་པར་མཛོད། །ཅེས་དང་། སྤྱོད་འཇུག་ལས།
མི་དགེ་བ་ལས་སྡུག་བསྔལ་འབྱུང་། །འདི་ལས་ཇི་ལྟར་ངེས་ཐར་ཞེས། །ཉིན་མཚན་
རྟག་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པའི་རིགས། །ཞེས་སོ། །གལ་ཏེ་འཁོར་དང་ཉེ་དུ་སོགས་གཞན་ཆེད་དུ་སྡིག་པ་སྤྱད་པར་
རིགས་སོ་སྙམ་ན། མ་ཡིན་ཏེ། བཤེས་སྤྲིང་ལས།
ཁྱོད་ཀྱིས་དགེ་སློང་བྲམ་ཟེ་ལྷ་དང་ནི། །མགྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང་།
།
འཁོར་གྱི་སླད་དུ་སྡིག་པ་མི་བགྱི་སྟེ། །དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས།
།ཞེས་རྒྱུ་མཚན་དང་བཅས་པ་གསུངས་པའི་ཕྱིར་རོ། །
གཉིས་པ་དཀར་པོའི་ལས་འབྲས་བསམ་པ་ལ་གསུམ། ལས་བསམ་པ། འབྲས་བུ་བསམ་པ།
དེ་བསྒྲུབ་པར་བསམ་པའོ། །
དང་པོ་ནི། སྔར་བཤད་པའི་ནག་པོའི་ལས་ལམ་བཅུ། སྤོང་བའི་བསམ་སྦྱོར་ནི།
དཀར་པོའི་ལས་ལམ་གྱི་གཙོ་བོ་བཅུ་སྟེ། རིན་ཆེན་ཕྲེང་བ་
ལས། མི་གསོད་པ་དང་རྐུ་སྤོང་དང་། །གཞན་གྱི་ཆུང་མ་སྤོང་བ་དང་། །ལོག་དང་ཕྲ་མ་རྩུབ་ཉིད་དང་།
།མ་འབྲེལ་སྨྲ་བ་ཡང་དག་སྡོམ། །ཆགས་
དང་གནོད་སེམས་མེད་པ་པ། །ཉིད་ཀྱི་ལྟ་བ་ཡོངས་སྤོང་བ། །འདི་དག་ལས་ལམ་དཀར་བཅུ་སྟེ།
།ཞེས་སོ། །གཞན་ཡང་དུག་གསུམ་དང་བྲལ་
ཞིང་། དད་སོགས་ཀྱིས་ཀུན་ནས་བསླངས་པའི་ལས་རྣམས་ནི།
དགེ་བའམ་དཀར་པོའི་ལས་ཞེས་བྱ་སྟེ། དེ་ཉིད་ལས། མ་ཆགས་ཞེ་སྡང་གཏི་
མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་ཡིན། །ཞེས་དང་།
ཆང་མི་འཐུང་དང་འཚོ་བ་བཟང་། །རྣམ་མི་འཚེ་དང་གུས་སྦྱིན་དང་། །མཆོད་འོས་
མཆོད་དང་བྱམས་པ་སྟེ། །མདོར་ན་ཆོས་ནི་དེ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ།
།
གཉིས་པ་འབྲས་བུ་བསམ་པ་ནི།
རྣམ་སྨིན་གྱི་འབྲས་བུ་སོགས་མི་དགེ་བའི་ཕྱོགས་ལས་བཟློག་པ་སྟེ། དེ་ཉིད་ལས།
མི་དགེ་ཞེས་བྱ་དེ་དག་
གི། །རྣམ་སྨིན་བསྒྲགས་པ་གང་ཡིན་པ། །དགེ་བ་དག་ནི་ཐམས་ཅད་ལ། །འབྲས་བུ་དེ་ནི་བཟློག་སྟེ་འབྱུང་།
།ཞེས་དང་། དགེ་ལས་བདེ་འགྲོ་
ཐམས་ཅད་དང་། །སྐྱེ་བ་ཀུན་ཏུ་བདེ་བ་དག །ཅེས་དང་།
ཆོས་འདིས་དམྱལ་བ་ཡི་དྭགས་དང་། །དུད་འགྲོ་དག་ལས་རྣམ་གྲོལ་ཞིང་། །ལྷ་དང་
མི་ཡི་ནང་དག་ཏུ། །བདེ་དཔལ་རྒྱལ་སྲིད་རྒྱས་པ་ཐོབ། །བསམ་གཏན་ཚད་མེད་གཟུགས་མེད་ནི།
།ཚངས་སོགས་བདེ་བ་མྱོང་བར་བྱེད། །ཅེས་
སོ། །ཁྱད་པར་དུ་ཐེག་ཆེན་གྱི་བསམ་སྦྱོར་ཕུན་ཚོགས་ཀྱི་འབྲས་བུའི་དབང་དུ་བྱས་ནས།
དེ་ཉིད་ལས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་
བདེ། །བཟོད་པས་གཟུགས་བཟང་བརྩོན་པས་བརྗིད། །བསམ་གཏན་གྱིས་ཞི་བློ་ཡིས་གྲོལ།
།སྙིང་བརྩེ་བས་ནི་དོན་ཀུན་འགྲུབ། །ཅེས་སོགས་
གསུངས་པ་ལྟར་ཤེས་པར་བྱའོ། །མདོར་ན་མངོན་མཐོ་དང་ངེས་ལེགས་ཀྱི་བདེ་འབྲས་ཐམས་ཅད་རྒྱུ་དགེ་བ་ཁོ་ན་ལས་འབྱུང་བར་ངེས་པ་སྟེ།
སྤྱོད་འཇུག་ལས། ཡིད་ལ་བསམ་པའི་དགེ་བྱས་པས། །གང་དང་གང་དུ་འགྲོ་འགྱུར་བ།
།དེ་དང་དེར་ནི་བསོད་ནམས་དེས། །འབྲས་བུའི་ཡོན་
གྱིས་མངོན་མཆོད་འགྱུར། །ཞེས་སོ། །
གསུམ་པ་དེ་དག་བསྒྲུབ་པར་བསམ་པ་ནི།
དེ་ལྟར་རྒྱུ་འབྲས་ཀྱི་འབྲེལ་བ་ངེས་པ་དེས།
བསམ་སྦྱོར་དུ་མའི་སྒོ་ནས་དགེ་བ་བསྒྲུབ་པར་བྱ་སྟེ།
དེ་ཉིད་ལས། དེ་བས་དགེ་ལ་མོས་བྱ་ཞིང་། །གུས་པ་ཉིད་དུ་བསྒོམ་པར་བྱ། །ཞེས་དང་།
བཤེས་སྤྲིང་ལས། དགེ་བའི་ལས་ལམ་བཅུ་པོ་ལུས་
དང་ནི། །ངག་དང་ཡིད་ཀྱིས་རྟག་ཏུ་བརྟེན་བགྱི་ཞིང་། །ཆང་རྣམས་ལས་ལྡོག་དེ་བཞིན་དགེ་བ་ཡི།
།འཚོ་བ་ལ་ཡང་མངོན་པར་དགྱེས་པར་
མཛོད། །ཅེས་སོ། །དེ་ཡང་བསྒྲུབ་བྱའི་རྣམ་བཞག་ལ་མཁས་ཤིང་།
གཞན་ལ་མི་ལྟོས་པར་གུས་སྦྱོར་དང་རྟག་སྦྱོར་གྱིས་འཇུག་པར་བྱ་སྟེ།
སྤྱོད་འཇུག་ལས། མཁས་ཤིང་དད་དང་ལྡན་བྱས་ནས། །ལས་རྣམས་བདག་གིས་རྟག་ཏུ་བྱ།
།ལས་རྣམས་ཀུན་ལ་སུ་ལ་ཡང་། །ལྟོས་པར་བྱ་
བ་མ་ཡིན་ནོ། །ཞེས་སོ། །གཞན་ཡང་ལུང་མ་བསྟན་པའི་ལས་འབྲས་དང་།
དཀར་ནག་འདྲེས་པའི་ལས་འབྲས་དང་། དཀར་ནག་སོ་སོའི་ལས་
ལ་ཡང་། འཕེན་བྱེད་ཀྱི་ལས་དང་། རྫོགས་བྱེད་ཀྱི་ལས་ཀྱི་དབྱེ་བ་དང་།
མཐོང་ཆོས་སུ་མྱོང་འགྱུར་དང་། སྐྱེ་ནས་མྱོང་འགྱུར་དང་། ལན་གྲངས་
གཞན་དུ་མྱོང་འགྱུར་དང་།
མྱོང་བར་མ་ངེས་པའི་ལས་ཀྱི་ཁྱད་པར་རྣམས་ཤེས་པར་བྱས་ནས།
ལུང་མ་བསྟན་གྱི་ལས་རྣམས་དགེ་བར་བསྒྱུར་བ་
སོགས་བླང་དོར་ལ་འབད་པར་བྱའོ། །ཁྱད་པར་དགེ་རྩ་གཅོད་པའི་རྒྱུ་ལོག་ལྟ་དང་།
ཁོང་ཁྲོ་དང་ཆོས་སྤོང་སོགས་ཆེས་ལྕི་བའི་ལས་རྣམས་
བཤགས་བསྡམ་གྱིས་སྦྱང་བ་དང་།
དེ་དག་གི་གཉེན་པོ་སྟོབས་ལྡན་ལ་འབད་པར་བྱ་བ་ནི་གནད་ཀྱི་གདམས་པའོ། །མདོར་ན་སྡོམ་གསུམ་རབ་
དབྱེ་ལས། དགེ་བ་ལེགས་པར་སྤྱད་པ་སྟེ། །རྣམ་སྨིན་བདེ་བ་བསྐྱེད་པ་ཡིན། །སྡིག་པ་ཉེས་པར་སྤྱད་པ་སྟེ།
།རྣམ་སྨིན་སྡུག་བསྔལ་བསྐྱེད་པ་
ཡིན། །ཞེས་སོགས་གསུངས་པ་ལྟར།
དཀར་ནག་གི་ལས་འབྲས་ལ་ངེས་པ་རྙེད་པའི་ཡང་དག་པའི་ལྟ་བ་ལ་རྟག་ཏུ་གནས་པར་བྱ་སྟེ།
འདི་ཡོད་
ན་མཐོ་རིས་དང་ཐར་པའི་སྲོག་རྩ་ཡོད་ཅིང་མེད་ན་མེད་པར་འགྱུར་བའི་ཕྱིར།
དེ་སྐད་དུ་ཡང་། བཤེས་སྤྲིང་ལས། གལ་ཏེ་མཐོ་རིས་ཐར་པ་
མངོན་བཞེད་ན། །ཡང་དག་ལྟ་ལ་གོམས་པ་ཉིད་དུ་མཛོད། །གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང་།
།ཐམས་ཅད་རྣམ་པར་སྨིན་པ་མི་
བཟད་ལྡན། །ཞེས་སོ། །དེ་ལྟར་ལས་འབྲས་སྤྱི་དང་བྱེ་བྲག་ལ་ངེས་པ་རྙེད་པ་ན།
ཤིན་ཏུ་ཕྲ་བའི་དགེ་སྡིག་གི་བླང་དོར་ལ་ཡང་འབད་པར་འགྱུར་
མོད། གཙོ་བོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཅི་སྐྱེ། ཅི་གནས།
ཅི་འཕེལ་གྱི་ཆེད་དུ་འབད་པར་བྱ་ཞིང་། དྲན་པ་བསྐྱེད་པའི་ཕྱིར།
ཟླ་བ་སྒྲོན་མ་
ལས། ལས་རྣམས་བྱས་པ་མེད་པར་མི་འགྱུར་ཏེ། །དཀར་ནག་ཅི་བཞིན་འབྲས་བུ་སྨིན་པར་བྱེད།
།རིགས་པའི་ཚུལ་གྱི་སྒོ་འདི་བཟང་པོ་སྟེ། །ཕྲ་
ཞིང་མཐོང་དཀའ་རྒྱལ་བའི་སྤྱོད་ཡུལ་ཡིན། །ཞེས་གསུངས་པ་སོགས་ཀྱི་ཚིག་ངག་ཏུ་འདོན་ཞིང་།
དོན་ཡིད་ལ་སེམས་པར་བྱའོ། །དཀར་ནག་
ལས་འབྲས་སོ་སོར་ངེས་པའི་ཚུལ། །སྨན་དང་དུག་གི་རྒྱུ་ལས་འབྲས་བུ་བཞིན། །བསླུ་བ་མེད་པར་རིགས་པས་ངེས་གྱུར་ནས།
།བླང་དོར་བརྩོན་
པ་ཆོས་ཀྱི་སྙིང་པོ་ཡིན། །
ལྔ་པ་འཁོར་བའི་ཉེས་དམིགས་བསམ་པ་ལ་གཉིས།
འཁོར་བ་སྤྱིའི་ཉེས་དམིགས་བསམ་པ་དང་། སོ་སོའི་ཉེས་དམིགས་བསམ་པའོ། །
དང་པོ་ལ་གསུམ། སྡུག་བསྔལ་གསུམ་བསམ་པ། དྲུག་བསམ་པ། བརྒྱད་བསམ་པ།
དང་པོ་ནི། གང་གིས་འཁོར་བ་སྤྱིའི་ཉེས་དམིགས་མ་རྟོགས་ན།
དེ་ལ་ཐར་པ་དོན་དུ་གཉེར་བའི་བློ་མི་སྐྱེ་སྟེ། བཞི་བརྒྱ་པ་ལས། གང་ལ་
འདིར་སྐྱོ་ཡོད་མིན་པ། །དེ་ལ་ཞི་གུས་ག་ལ་ཡོད། །ཅེས་པ་ལྟར་རོ། །དེས་ན་སྡུག་བསྔལ་མ་ལུས་པའི་འབྱུང་གནས་སྲིད་པ་མཐའ་དག་ལ་སྐྱོ་བ་
བསྐྱེད་པའི་ཆེད་དུ། འཁོར་བའི་ཉེས་དམིགས་བསམ་པར་རིགས་ཏེ། བཤེས་སྤྲིང་ལས།
ངེས་པ་འདོད་པས་ཕོངས་དང་འཆི་བ་དང་། །ན་དང་
རྒ་སོགས་སྡུག་བསྔལ་དུ་མ་ཡི། །འབྱུང་གནས་འཁོར་བ་ལ་ནི་སྐྱོ་མཛད་ཅིང་། །དེ་ཡི་ཉེས་པའི་ཤས་ཀྱང་གསན་པར་མཛོད།
།ཅེས་གསུངས་པའི་
ཕྱིར་རོ། །དེའི་ཚུལ་ཡང་འདི་ལྟར།
བློ་གྲོས་དང་ལྡན་པ་དག་གིས་ལེགས་པར་དཔྱད་པ་ན།
འཁོར་བ་མཐའ་དག་ཀྱང་སྡུག་བསྔལ་གྱི་རང་བཞིན་
ལས་མ་འདས་པ་ཁོ་ན་སྟེ། ཁ་ཅིག་ནི་སྡུག་བསྔལ་གྱི་སྡུག་བསྔལ་དང་།
ཁ་ཅིག་ནི་འགྱུར་བའི་སྡུག་བསྔལ་དང་། ཐམས་ཅད་ཀྱང་འདུ་བྱེད་ཀྱི་
སྡུག་བསྔལ་གྱིས་སྡུག་བསྔལ་བའི་ཕྱིར། དེ་སྐད་དུ་ཡང་། མཛོད་ལས།
སྡུག་བསྔལ་ཉིད་གསུམ་སྡུག་བསྔལ་གྱིས། །ཅི་རིགས་མ་ལུས་སྡུག་
བསྔལ་ལོ། །ཞེས་སོ། །དེ་ཡང་དམྱལ་བ་ལ་སོགས་པ་ངན་སོང་པ་ཕལ་ཆེ་བ་ནི་སྡུག་བསྔལ་གྱི་སྡུག་བསྔལ་གྱིས་གཟིར་བ་སྟེ།
སྡུག་བསྔལ་སྔ་མ་
སྔ་མའི་སྟེང་དུ་ཕྱི་མ་ཕྱི་མ་བསྣན་ནས་ལུས་སེམས་གདུང་བའི་ཕྱིར།
དཔེར་ན་མཛེའི་སྟེང་དུ་ཕོལ་མིག་བསྣན་པའམ། རྨ་ལ་འགྱུར་བྱེད་ཀྱི་ཚྭ་ཆུ་
བཏབ་པ་བཞིན། འདོད་པའི་ལྷ་མི་སོགས་བདེ་འགྲོ་ཕལ་ཆེ་བ་ནི།
འགྱུར་བའི་སྡུག་བསྔལ་གྱིས་གཟིར་བ་སྟེ། འབྱོར་པ་རྒུད། འདུས་པ་འབྲལ།
བསགས་པ་འཛད་པ་སོགས་ཀྱི་སྒོ་ནས།
བདེ་བར་རློམ་པ་རྣམས་ཀྱང་སྡུག་བསྔལ་གྱི་རྒྱུ་རྐྱེན་ཁོ་ནར་འགྱུར་བའི་ཕྱིར།
དཔེར་ན་ཟས་ཚོད་མ་ཟིན་
པ་བཞིན། སྲིད་པའི་རྩེ་མོ་མན་ཆད་ཐམས་ཅད་ཀྱང་།
གནས་ངན་ལེན་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་རྟག་ཏུ་མནར་བ་སྟེ།
ཟག་པ་དང་
བཅས་པའི་རྒྱུ་དང་འབྲས་བུ་ལས་མ་འདས་པའི་ཕྱིར།
དཔེར་ན་དུག་ཁོང་དུ་སོང་བ་བཞིན་ནོ། །དེ་ལྟར་ན་ཡང་ཡུལ་ཀྱི་གནས་ལུགས་ལ་རྨོངས་
པའི་བྱིས་པ་དག་གིས། གཙང་བདེ་རྟག་བདག་སོགས་སུ་འཛིན་པ་ནི།
ཕུང་ཁྲོལ་ཐམས་ཅད་ཀྱི་རྩ་བ་ལོག་པའི་མངོན་ཞེན་གྱིས་རྒྱུད་དཀྲུག་པའི་
དབང་གིས་ཡིན་ཏེ། དཔེར་ན་རབ་རིབ་ཅན་ལ་སྐྲ་ཤད་སྣང་བ་བཞིན་ནོ། །དེ་སྐད་དུ་ཡང་།
བཤེས་སྤྲིང་ལས། དྲན་པ་ཉེ་བར་མ་བཞག་རྣམས་
ཀྱིས་ནི། །ཕྱིན་ཅི་ལོག་བཞིར་ལྟ་བ་ཕུང་ཁྲོལ་བ། །ཞེས་དང་།
ཁྱད་པར་དུ་འདུ་བྱེད་ཀྱི་སྡུག་བསྔལ་ཀྱི་དབང་དུ་བྱས་ནས། མདོ་ལས། བྱིས་པ་
ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བ་ཡིས།
།དེ་ཡིས་ཤིན་ཏུ་ཡིད་ཀྱང་འབྱུང་། །ཞེས་
ཡུལ་འདུ་བྱེད་ཀྱི་སྡུག་བསྔལ་སྤུ་དང་འདྲ་བ་ལ་རྟོག་པ་ན།
སོ་སྐྱེ་དང་འཕགས་པའི་ཤེས་པ་གཉིས་རིམ་པ་ལྟར། ལག་མཐིལ་དང་མིག་གི་དཔེས་
བསྟན་པའི་ཕྱིར་རོ། །
གཉིས་པ་སྡུག་བསྔལ་དྲུག་བསམ་པ་ལ།
དང་པོ་དགྲ་གཉེན་ངེས་པ་མེད་པའི་ཉེས་པ་ནི།
སྲིད་པ་གསུམ་གྱི་འགྲོ་བ་རྣམས་ནི། ཚེ་གཅིག་གི་ཡང་སྟོད་སྨད་དམ།
ཚེ་རབས་གཞན་དང་
གཞན་དག་ཏུ་དགྲ་གཉེན་མཐའ་གཅིག་ཏུ་ངེས་པ་མེད་དེ།
རེས་འགའ་བསྐྱངས་པས་མ་འཁྱོངས་པའི་གཉེན་དུ་གྱུར་པ་དེ། རེས་འགའ་བསད་
བསམ་སོད་པའི་དགྲར་འགྱུར་བའི་ཕྱིར་ཏེ། བཤེས་སྤྲིང་ལས།
ཕ་ནི་བུ་ཉིད་མ་ནི་ཆུང་མ་ཉིད། །སྐྱེ་བོ་དགྲར་གྱུར་པ་དག་བཤེས་ཉིད་དང་། །
བཟློག་པ་ཉིད་དུ་མཆི་བས་དེ་སླད་དུ། །འཁོར་བ་དག་ཏུ་ངེས་པ་འགའ་མ་མཆིས། །ཞེས་སོ།
།
གཉིས་པ་ལོངས་སྤྱོད་ལ་ངོམས་པ་མེད་པའི་ཉེས་པ་ནི།
སྲེད་ལྡན་གྱི་འགྲོ་བ་རྣམས་ཡུལ་ལ་ལོངས་སྤྱོད་པས་ཚིམ་ཞིང་ངོམས་པའི་མཐའ་མེད་
དེ། སེམས་ཅན་རེ་རེས་ཀྱང་ཐོག་མ་མེད་པ་ནས།
མའི་ནུ་ཞོ་ཁོ་ནའང་རྒྱ་མཚོ་ཆེན་པོ་བཞི་ལས་ལྷག་པ་ལོངས་སྤྱད་ཀྱང་ངོམས་པ་མེད་པའི་ཕྱིར་
ཏེ། དེ་ཉིད་ལས། རེ་རེས་རྒྱ་མཚོ་བཞི་ལས་ལྷག་པ་ཡི། །འོ་མ་འཐུངས་ཏེ་ད་དུང་སོ་སོ་ཡི།
།སྐྱེ་བོའི་རྗེས་སུ་འབྲང་བའི་འཁོར་བ་བས། །དེ་བས་
ཆེས་མང་ཉིད་ཅིག་བཏུང་འཚལ་ལོ། །ཞེས་སོ། །
གསུམ་པ་ལུས་ཡང་ཡང་འདོར་བའི་ཉེས་པ་ནི།
འཁོར་བར་ལུས་སྔ་མ་སྔ་མ་འདོར་བའི་ཉེས་པ་གྲངས་མཐའ་མེད་དེ། སེམས་ཅན་རེ་རེས་
ཀྱང་ལུས་རགས་པ་བླངས་པའི་རུས་པ་བསགས་ན་ལྷུན་པོའི་ཚད་ལས་ཀྱང་ལྷག་པར་འགྱུར་བའི་ཕྱིར་ཏེ།
དེ་ཉིད་ལས། རེ་རེའི་བདག་ཉིད་རུས་
པའི་ཕུང་པོ་ནི། །ལྷུན་པོ་མཉམ་པ་སྙེད་ཅིག་འདས་གྱུར་ཏེ། །ཞེས་སོ། །
བཞི་པ་ཡང་སྲིད་གྲངས་མེད་དུ་ཉིང་མཚམས་སྦྱོར་བའི་ཉེས་པ་ནི།
ཡང་སྲིད་གཞན་དུ་ཉིང་མཚམས་སྦྱོར་བའི་གྲངས་དང་མཐའ་མེད་དེ། རེ་
རེའི་མའི་ཐུག་མཐའ་ཡང་དཔོག་པར་མི་ནུས་པའི་ཕྱིར་ཏེ། དེ་ཉིད་ལས།
མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རི་ལུར་བསྒྲངས་ཀྱང་ས་ཡིས་
ལངས་མི་འགྱུར། །ཞེས་སོ། །
ལྔ་པ་མཐོན་དམན་སོགས་སུ་འགྱུར་བའི་ཉེས་པ་ནི།
རེས་འགའ་མངོན་མཐོའི་བདེ་བ་ཉམས་སུ་མྱོང་ཡང་ཡིད་བརྟན་དུ་མི་རུང་སྟེ།
ལྷ་མིའི་
དཔལ་འབྱོར་ཕུན་ཚོགས་དང་ལྡན་པ་རྣམས་ཀྱང་ངན་འགྲོའི་རྒུད་པ་དུ་མ་མྱོང་བར་འགྱུར་བའི་ཕྱིར་ཏེ།
དེ་ཉིད་ལས། བརྒྱ་བྱིན་འཇིག་རྟེན་
མཆོད་འོས་གྱུར་ནས་ཀྱང་། །ལས་ཀྱི་དབང་གིས་སླར་ཡང་ས་སྟེང་ལྷུང་། །འཁོར་ལོ་སྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང་།
།འཁོར་བ་ཉིད་དུ་ཡང་
བྲན་ཉིད་དུ་འགྱུར། །ཞེས་དང་། ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར།
།མནར་མེད་མེ་ཡི་
བུད་ཤིང་འགྱུར་བ་ཡི། །སྡུག་བསྔལ་རྒྱུན་མི་འཆད་པ་བསྟེན་འཚལ་ལོ། །ཞེས་སོ།
།
|