བདུན་པ་བློ་སྦྱོང་གི་བསླབ་བྱ་ནི།
རྣལ་འབྱོར་ཐམས་ཅད་གཅིག་གིས་བྱ། །ཞེས་པ།
ཟས་གོས་སྤྱོད་ལམ་སོགས་ཀྱི་རྣལ་འབྱོར་ཐམས་ཅད།
གཞན་ཕན་གྱི་བསམ་པ་འབའ་ཞིག་གིས་བྱ་བའོ། །ལོག་ནོན་ཐམས་ཅད་གཅིག་གིས་བྱ། །ཞེས་པ།
ལམ་སྒོམ་པའི་སྐབས་སུ་ན་ཚ། འདྲེ་གདོན།
ཡུལ་མི་རྣམས་སྡང་བ་དང་། རང་རྒྱུད་ཀྱི་ཉོན་མོངས་འཕེལ་བ་སོགས།
མི་འདོད་པ་བྱུང་བ་ན། སེམས་ཅན་ཐམས་ཅད་ཀྱི་མི་འདོད་མི་མཐུན་པ་
རྣམས། རང་སྟེང་དུ་ལེན་པའི་སྒོ་ནས།
སྙིང་རྗེ་ཆེན་པོ་སྒོམ་པ་ལ་བློ་ཐག་ཕྱོགས་གཅིག་ཏུ་གཅོད་པའོ། །ཐོག་མཐའ་གཉིས་ལ་བྱ་བ་གཉིས།
།
ཞེས་པ། ཐོག་མར་འཕེན་པ་གཏོང་བའི་ཚུལ། སྔར་བཤད་པ་ལྟ་བུ་དང་།
མཐའ་མ་ཉལ་ཀའི་ཚེ་རྗེས་ལྟ་བྱ་བ་སྟེ། ཇི་ལྟར་འཕེན་པ་བྱས་པ་བཞིན་
དུ་གྲུབ་བམ། མ་གྲུབ་བརྟགས་ནས། གྲུབ་ན་དགའ་བ་སྒོམ།
མ་གྲུབ་ན་བཤགས་པ་བྱེད་པ་སོགས་ཀྱིས་རང་བློ་ཆོས་ཀྱི་སྲང་དུ་འཇུག་པའོ། །
གཉིས་པོ་གང་བྱུང་བཟོད་པར་བྱ། །ཞེས་པ།
འབྱོར་རྒུད་གཉིས་གང་བྱུང་ཡང་ལམ་དུ་སློངས་པར་བྱ་སྟེ།
དེ་དག་གི་ངོ་བོ་དང་རྒྱུ་རྐྱེན་ཐམས་ཅད་
སྒྱུ་མ་ལྟ་བུར་ཤེས་པའི་སྒོ་ནས། ཁེངས་པ་དང་། ཞུམ་པ་མེད་པར་བྱེད་པའོ། །གཉིས་པོ་སྲོག་དང་བསྡོས་ལ་བསྲུང་།
།ཞེས་པ། ཆོས་སྤྱི་དང་།
ཁྱད་པར་བློ་སྦྱོང་གི་དམ་ཚིག་སྲོག་བསྡོས་སུ་བསྲུང་སྟེ། འདི་མེད་ན།
འགྲམ་རྩ་ཟད་པའི་ཁང་ཧྲུལ་བཞིན་ཆོས་ཀྱི་རྩ་བ་ཉམས་པའི་ཕྱིར་རོ། །
དཀའ་བ་གསུམ་ལ་བསླབ་པར་བྱ། །ཞེས་པ།
དང་པོར་ཉོན་མོངས་ཀྱི་གཉེན་པོ་དྲན་པར་དཀའ་བས་དྲན་པ།
བར་དུ་སྤང་བྱ་བཟློག་པར་དཀའ་
བས་བཟློག་པ།
མཐའ་མར་སྤང་བྱའི་རྒྱུན་གཅོད་པར་དཀའ་བས་རྒྱུན་གཅོད་པའི་ཐབས་ལ་འབད་པར་བྱ་བའོ།
།རྒྱུ་ཡི་གཙོ་བོ་རྣམ་གསུམ་བླང་། །
ཞེས་པ། ཕྱིའི་རྒྱུ་བཤེས་གཉེན་དམ་པ་བསྟེན་པ།
ནང་གི་རྒྱུ་རང་བློ་ཆོས་ལ་བཀོལ་དུ་བཏུབ་པ།
གཉིས་ཀའི་རྒྱུ་ཟས་གོས་སོགས་ཆོས་སྒྲུབ་པའི་
མཐུན་རྐྱེན་དང་ལྡན་པ་སྟེ། དེ་དག་སྒྲུབ་པའི་ཐབས་ལ་འབད་པའོ། །ཉམས་པ་མེད་པ་རྣམས་གསུམ་བསྒོམ།
།ཞེས་པ། བླ་མ་ལ་མོས་གུས་
ཉམས་པ་མེད་པ། བློ་སྦྱོང་སྒོམ་པ་ལ་སྤྲོ་བ་ཉམས་པ་མེད་པ།
ཁས་བླངས་པའི་དམ་ཚིག་ལ་སྲུང་སེམས་ཉམས་པ་མེད་པ་སྟེ། དེ་གསུམ་དུས་རྟག་
ཏུ་བསྒོམ་པའོ། །འབྲལ་མེད་གསུམ་དང་ལྡན་པར་བྱ། །ཞེས་པ།
དུས་ནམ་ཡང་སྒོ་གསུམ་དགེ་བ་དང་མི་འབྲལ་བར་བྱེད་པའོ། །ཡུལ་ལ་ཕྱོགས་
མེད་དག་ཏུ་སྦྱོང་། ཁྱབ་དང་གཏིང་འབྱོངས་ཀུན་ལ་གཅེས། །ཞེས་པ།
དམིགས་ཡུལ་ཉེ་རིང་། མཐོན་དམན། ཕན་འདོགས་དང་གནོད་སྐྱེལ་
སོགས་ཕྱོགས་རེ་བ་མ་ཡིན་པར།
ཐམས་ཅད་ལ་བློ་སྦྱོང་ཞིང་མཐར་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བྱ་བ་སྟེ།
དེ་ཡང་ཁ་ཙམ་ཚིག་ཙམ་མིན་
པར་གཏིང་ནས་འབྱོངས་པར་བྱེད་པ་ནི།
ཐོག་མཐའ་བར་གསུམ་གྱི་ཉམས་ལེན་ཀུན་ལ་གཅེས་པའོ། །བཀོལ་བ་རྣམས་ལ་རྟག་ཏུ་བསྒོམ།
།ཞེས་
པ། བྱེ་བྲག་ཏུ། འགྲན་ཟླ་དང་། ཞེ་འགྲས་པ་དང་།
ཕན་ལན་དུ་གནོད་པ་བྱེད་པ་སོགས་སྐྱེ་དཀའ་བ་དང་།
སྔ་མའི་འཁོན་རྙིང་ཡོད་པ་སོགས།
རང་ངང་གིས་མིག་སྙིང་དུ་མི་སྡུག་པ་དང་།
ནད་པ་དང་མགོན་མེད་སོགས་སྡུག་བསྔལ་བ་དང་། ཕ་མ་སོགས་ཡུལ་གཉན་པ་རྣམས་ལ་བསམ་
པས་བློ་སྦྱོང་བསྒོམ་ཞིང་། སྦྱོར་བས་ཕན་འདོགས་པའོ། །རྐྱེན་གཞན་དག་ལ་ལྟོས་ནི།
ཞེས་པ། མཐུན་རྐྱེན་འཛོམ་པ་དང་། འགལ་རྐྱེན་དང་
བྲལ་བ་ལ་མི་ལྟོས་པར་གང་བྱུང་ལམ་དུ་འཁྱེར་བའོ། །ད་རེས་གཙོ་བོ་ཉམས་སུ་བླངས།
།ཞེས་པ། ཆོས་བསྒྲུབ་པའི་གླགས་སྐབས་ཡོད་པའི་
དུས་འདིར། གཙོ་བོ་དྲུག་ཉམས་སུ་བླང་བར་བྱ་སྟེ།
ཚེ་འདི་ཕྱིའི་དོན་ལས་གཙོ་བོ་ཕྱི་མའི་དོན་དང་།
བཤད་སྒྲུབ་གཉིས་ལས་གཙོ་བོ་སྒྲུབ་པ།
ཆོས་གཞན་དང་བྱང་ཆུབ་ཀྱི་སེམས་གཉིས་ལས་གཙོ་བོ་བྱང་ཆུབ་ཀྱི་སེམས།
ལུང་རིགས་དང་མན་ངག་གཉིས་ལས་གཙོ་བོ་བླ་མའི་མན་ངག
འགྲོ་སྡོད་ཀྱི་སྤྱོད་ལམ་གཉིས་ལས་གཙོ་བོ་ཡུལ་གཅིག་ཏུ་སྡོད་པ།
ཉོན་མོངས་སྐྱེ་བའི་ཡུལ་སྤོང་བ་དང་། གཉེན་པོ་བསྟེན་པ་གཉིས་ལས་གཙོ་
བོ་གཉེན་པོ་བསྟེན་པ་རྣམས་ཉམས་སུ་ལེན་པའོ། །གོ་ལོག་མི་བྱ། ཞེས་པ།
གོ་ལོག་དྲུག་སྤོང་བ་སྟེ། ཆོས་སྒྲུབ་པའི་དཀའ་སྤྱད་ལ་མི་བཟོད་པར།
དགྲ་འདུལ་གཉེན་སྐྱོང་སོགས་ཀྱི་སྡུག་བསྔལ་ལ་བཟོད་པ། བཟོད་པ་གོ་ལོག
ལུང་རྟོགས་ཀྱི་ཆོས་ལ་མི་འདུན་པར། ཚེ་འདིའི་དཔལ་འབྱོར་ལ་
འདུན་པ། འདུན་པ་གོ་ལོག སྒྲུབ་པ་ཉམས་ལེན་གྱི་རོ་མི་མྱོང་བར།
འཇིན་རྟེན་གྱི་བདེ་བའི་རོ་མྱོང་བ། རོ་མྱོང་གོ་ལོག སྡིག་བྱེད་སྟོབས་ཅན་ལ་
སྙིང་རྗེ་མི་བསྒོམ་པར། ཆོས་ཕྱིར་དཀའ་ཐུབ་བྱེད་པ་ལ་སྙིང་རྗེ་བསྒོམ་པ།
སྙིང་རྗེ་གོ་ལོག ཆོས་ལ་བསྐུལ་བའི་གཉེར་སེམས་མི་བྱེད་པར། ཚེ་
འདིའི་ཆེ་ཐབས་ལ་སྦྱོར་བ་གཉེར་སེམས་གོ་ལོག
གཞན་གྱི་བདེ་དགེ་ལ་དགའ་བ་མི་བསྒོམ་པར།
གནོད་བྱེད་ཀྱི་སྡུག་བསྔལ་ལ་དགའ་བ་བསྒོམ་
པ། ཡི་རང་གོ་ལོག་སྟེ། དྲུག་པོ་དེ་དག་སྤངས་ནས།
ཕྱིན་ཅི་མ་ལོག་པ་དྲུག་ཉམས་སུ་བླང་བར་བྱའོ། །རེས་འཇོག་མི་བྱ། ཞེས་པ།
སྒྲུབ་པ་ཁྲལ་
འཇལ་དང་།
ཉམས་ལེན་ཐུན་ཚགས་སུ་མི་བྱ་བར་ཡུལ་དུས་ཀུན་ཏུ་རྒྱུན་མ་ཆད་པར་ཉམས་སུ་ལེན་པའོ།
།དོལ་ཆོད་དུ་སྦྱང་། ཞེས་པ། གང་
དྲག་གི་བློ་རྩེ་མང་པོ་མེད་པར། བློ་སྦྱོང་ཉིད་ལ་བློ་འགེལ་བྱེད་པའོ། །རྟོག་དཔྱོད་གཉིས་ཀྱིས་ཐར་བར་བྱ།
།ཞེས་པ། ཐོས་བསམ་སྒོམ་གསུམ་
བྱས་ཚད་ཉོན་མོངས་ཀྱི་གཉེན་པོར་སོང་མ་སོང་། ཁ་ཞེ་འཛོལ་མ་འཛོལ་སོགས།
རང་རྒྱུད་ལ་རྟོག་དཔྱོད་ཡང་དང་ཡང་དུ་བྱེད་པའི་སྒོ་ནས་ཉོན་
མོངས་ཀྱི་གཡུལ་ལས་ཐར་བར་བྱའོ། །ཡུས་མ་བསྒོམ། ཞེས་པ། གཞན་ལ་ཕན་བཏགས་པ་དང་།
རང་གིས་ཆོས་བསྒྲུབ་པ་སོགས། གང་གི་སྒོ་
ནས་ཀྱང་གཞན་ལ་ཡུས་མི་བྱེད་པའོ། །ཀོ་ལོང་མ་སྡོམ། ཞེས་པ།
རང་ལ་གནོད་པའི་ཁ་ཚིག་དང་སྤྱོད་ལམ་སོགས་བྱེད་པ་བྱུང་བ་ན། དེ་ལ་ཀོ་
ལོང་དང་ངན་ལན་མི་བྱེད་པའོ། །ཡུད་ཙམ་པ་མི་བྱ། ཞེས་པ།
གཞན་དང་འགྲོགས་པ་ན་དགའ་བ་དང་། མི་དགའ་བའི་རྣམ་འགྱུར་སྐྱེན་པ་སྤང་
བའོ། །འོར་ཆེ་མ་འདོད། ཅེས་པ། གཞན་ཕན་གཙོ་བོར་བྱས་པའི་ཉམས་ལེན་ཐམས་ཅད་ལ།
ཐ་ན་གཞན་གྱིས་ལེགས་སོ་ཞེས་པའི་ཚིག་གི་
གཏང་རག་ཙམ་དང་། སྙན་གྲགས་ཙམ་ལ་ཡང་རེ་བ་མེད་པར་བྱའོ། །མདོར་ན་དམ་ཚིག་དང་།
བསླབ་བྱ་དེ་དག་ལ་ཚུལ་བཞིན་དུ་གནས་ཏེ་
མཉམ་རྗེས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་གཉིས་དབྱར་ཁའི་ཆུ་བོ་བཞིན་དུ་འཕེལ་བའི་ཐབས་ལ་རྣམ་པ་ཀུན་ཏུ་འབད་པར་བྱའོ།
།འཁྲུལ་
པར་གོམས་པའི་བསམ་སྦྱོར་རྒྱུན་བཟློག་ནས། །ཐེག་མཆོག་ལམ་ལ་ངང་གིས་འཇུག་པ་དང་།
།སྤྱི་དང་ཁྱད་པར་དམ་ཚིག་བསླབ་བྱ་རྣམས། །མ་
ཉམས་སྐྱོང་འདི་རྒྱལ་བ་དགྱེས་པའི་ལམ། །དེ་ནས། སྙིགས་མ་ལྔ་པོ་བདོ་བ་འདི།
།བྱང་ཆུབ་ལམ་དུ་བསྒྱུར་བ་ཡི། །མན་ངག་བདུད་རྩིའི་སྙིང་པོ་
འདི། །གསེར་གླིང་པ་ནས་བརྒྱུད་པ་ཡིན། །ཞེས་པ། དུས་དང་། སེམས་ཅན་དང་།
ཚེ་དང་། ཉོན་མོངས་པ་དང་། ལྟ་བའི་སྙིགས་མ་སྟེ། ལྔ་པོ་
འདི་དག་ཤིན་ཏུ་དར་བའི་སྐབས་འདིར།
བདེ་བའི་རྐྱེན་ཉུང་ཞིང་སྡུག་བསྔལ་གྱི་རྐྱེན་མང་བས།
ལམ་འཁྱེར་གྱི་གདམས་པ་ཐུན་མོང་མ་ཡིན་པ་
ལ་གནད་དུ་བསྣུན་ཏེ། དུག་སྨན་དུ་བསྒྱུར་བ་བཞིན་དུ།
རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བའི་མན་ངན་བདུད་རྩིའི་ཉིང་ཁུ་ལྟ་བུ་འདི་ནི།
མཁས་པ་ཆེན་པོ་གསེར་གླིང་པ་ནས་གཙོ་བོར་བརྒྱུད་པ་ཡིན་ནོ། །ཞེས་པ་སྟེ།
འདི་ཡན་ཆད་རྒྱ་གར་ནས་བྱུང་བའི་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་
ངོ་། །དེའི་གཤམ་དུ། སྔོན་སྦྱངས་ལས་ཀྱི་འཕྲོ་སད་པས། །རང་ཉིད་མོས་པ་མང་བའི་རྒྱུས།
།སྡུག་བསྔལ་གཏམ་ངན་ཁྱད་བསད་ནས། །བདག་
འཛིན་འདུལ་བའི་མན་ངག་ཞུས། །ད་ནི་ཤི་ཡང་མི་འགྱོད་དོ། །ཞེས་འབྱུང་བ་ནི།
འཆད་ཀ་པ་ཆེན་པོ་རང་གིས་དཀའ་སྤྱད་དུ་མའི་སྒོ་ནས་
གདམས་པ་འདི་ཉིད་ཞུས་ཤིང་ཉམས་སུ་བླངས་པས།
བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་འབྱོངས་པས། ཐུགས་རངས་ཤིང་
གདེང་ཐོབ་པའི་གསུང་སྟེ།
སྔར་རྩ་ཚིག་འདི་དག་སྙན་བརྒྱུད་འབའ་ཞིག་ཏུ་ཡོད་པ་ལས།
ཕྱིས་ཡི་གེར་འགོད་པ་པོ་ཡང་། གཙོ་བོར་འཆད་ཀ་
པའོ། །དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱི་སྒོ་ནས།
བློ་སྦྱོང་ཉམས་སུ་ལེན་པའི་གང་ཟག་དེའི་ལུས་ལ།
གྲོང་ཁྱེར་ཆེན་པོ་སྐྱིད་པའི་འབྱུང་གནས་
ཞེས་ཀྱང་བྱ་སྟེ།
སྡུག་བསྔལ་གྱི་རྐྱེན་ཡང་བདེ་བའི་རྒྱུར་བསྒྱུར་ནུས་པའི་ཕྱིར། དེས་ན།
རྩོམ་པ་ཐམས་ཅད་གཅིག་དྲིལ་དུ་བྱས་ཏེ། བྱང་ཆུབ་
ཀྱི་སེམས་སྒོམ་པའི་མན་ངག་འདི་ལ། རྣམ་པ་ཐམས་ཅད་དུ་འབད་པའི་སྒོ་ནས།
དོན་གཉིས་ཕུན་སུམ་ཚོགས་པ་བསྒྲུབ་པར་བྱའོ། །
ཀུན་མཁྱེན་གསུང་རབ་ཟབ་ཡངས་རྒྱ་མཚོ་ཆེ།
།རྣམ་དཔྱོད་བརྩོན་པའི་རླུང་གིས་བསྲུབས་པ་ལས། །དྲི་མེད་མན་ངག་བདུད་རྩིའི་ཆུ་རྒྱུན་
མཆོག །གངས་རིའི་ལྗོངས་སུ་དེང་ནས་གསལ་བར་བབ། །རྒྱལ་བ་ཀུན་གྱི་དགོངས་པ་མཐར་ཐུག་འདི།
།རྒྱལ་སྲས་ཀུན་གྱི་འཇུག་ངོགས་མཐར་
ཐུག་འདི། །སྡེ་སྣོད་ཀུན་གྱི་ཉིང་ཁུ་མཐར་ཐུག་འདི། །སྐྱེ་དགུ་ཀུན་གྱི་ཉེར་འཚོ་མཐར་ཐུག་འདི།
།མ་ལུས་འགྲོ་བའི་ཉོན་མོངས་ནད་གསོ་ཞིང་། །
ཉེས་པའི་དྲི་མ་མཐའ་དག་སེལ་བ་དང་། །འཆི་མེད་བདེ་ཆེན་དཔལ་ལ་སྤྱོད་འདོད་པའི།
།སྐལ་ལྡན་རྣམས་ཀྱི་དགའ་སྟོན་ཆེད་དུ་བསྒྲུབས། །བློ་
ངན་ཞེན་ལྟའི་ཁུང་བུར་ཞུགས་པ་རྣམས། །ལེགས་བཤད་འོད་སྟོང་དྲ་བ་མི་མཐོང་ཞིང་།
།དྲི་མེད་བདུད་རྩིའི་ཆུ་རྒྱུན་མི་མྱོང་བ། །ཨེ་མའོ་དེ་ལ་
གང་གིས་ཇི་ལྟར་ཕན། །ཐུབ་བསྟན་ཉི་མ་དུས་ཀྱི་ནུབ་རིས་བསྒྲིབས། །འགྲོ་བའི་བློ་མིག་ཕྱོགས་ལྷུང་སྐྱོན་གྱིས་ཁེབས།
།འཇིག་རྟེན་དགེ་ལེགས་
ལོག་འདྲེན་བདུད་ཀྱིས་བཅོམ། །དུས་འདིར་བདག་གི་འབད་པས་ཅི་ཞིག་བྱ། །གུས་ལྡན་སློབ་མ་ཤིན་ཏུ་མང་པོ་ཡིས།
།ཡང་དང་ཡང་དུ་གསོལ་
བ་བཏབ་པའི་ངོར། །སྡེ་སྣོད་འཛིན་པ་ཀུན་དགའ་ཡེ་ཤེས་དཔལ། །བཟང་པོས་བརྩེ་བའི་སེམས་ཀྱིས་འདི་སྦྱར་རོ།
།གལ་ཏེ་འདི་ལ་མ་བཤད་
ལོག་བཤད་དང་། །དུས་ལས་འགྱངས་སོགས་ནོངས་པ་ཅི་མཆིས་པ། །རྒྱལ་དང་རྒྱལ་སྲས་མཁས་པའི་ཚོགས་ལ་བཤགས།
།བཟོད་པར་བཞེས་
ནས་ཚངས་པའི་བཀའ་དྲིན་སྩོལ། །རྣམ་དཀར་བསམ་པས་ལེགས་པར་བཤད་པ་ཡི། །དགེ་བ་འདི་ཡང་མཁའ་མཉམ་འགྲོ་ལ་བསྔོ།
།ཀུན་ཀྱང་
བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །ཆོས་ཀྱི་རྒྱལ་པོའི་གོ་འཕང་མྱུར་ཐོབ་ཤོག
།ཐེག་ཆེན་བློ་སྦྱོང་གི་མན་ངག་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་
འདི་ནི་མཁྱེན་བརྩེ་ཚད་མེད་པའི་བདག་ཉིད་ཡོངས་འཛིན་སེམས་དཔའ་ཆེན་པོ་དུ་མའི་ཞབས་རྡུལ་སྤྱི་བོར་གུས་པར་བླངས་ཤིང་།
གསུང་གི་
བདུད་རྩི་ཡུན་རིང་དུ་མྱངས་པ་ཆོས་སྨྲ་བའི་བཙུན་པ་ཀུན་དགའ་ཡེ་ཤེས་ཀྱིས་རི་ཁྲོད་བདེ་ཆེན་དུ་ལེགས་པར་སྦྱར་བའི་ཡི་གེ་པ་ནི།
དད་བརྩོན་
བློ་གྲོས་ལ་སོགས་ཡོན་ཏན་དུ་མའི་དཔལ་གྱིས་འབྱོར་ཞིང་།
ལམ་འདི་ལ་རབ་ཏུ་གུས་པ་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བགྱིས་སོ། །
འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ནས།
ཡུན་རིང་དུ་གནས་པར་གྱུར་ཅིག ཤུ་བྷམ། དགེའོ། །གེའོ། །
༄༅།
།ཐེག་པ་ཆེན་པོའི་བློ་སྦྱོང་གི་སྨོན་ལམ་བྱང་ཆུབ་ལམ་བཟང་ཞེས་བྱ་བ་བཞུགས་སོ།
།བླ་མ་ལ་ཕྱག་འཚལ་ལོ། །འགྲོ་ལ་ཐུགས་བརྩེ་
དུས་ལས་མི་ཡོལ་བའི། །རྒྱལ་བ་སྲས་བཅས་བདག་ལ་དགོངས་སུ་གསོལ། །སྙིང་ནས་ཁྱེད་ཀྱི་རྗེས་སུ་སློབ་པའི་ཕྱིར།
།སྨོན་པ་འདི་དག་འགྲུབ་
པར་བྱིན་གྱིས་རློབས། །མཐའ་ཡས་འགྲོ་ལ་དམིགས་པའི་སྙིང་རྗེ་དང་། །ཤེས་ནས་དད་པ་ཐོབ་པའི་མོས་གུས་ཀྱིས།
།བྱང་ཆུབ་བར་དུ་བླ་མ་
དཀོན་མཆོག་ལ། །ཁྱེད་ཤེས་བློ་ཡིས་སྐྱབས་སུ་འགྲོ་བར་ཤོག །རྙེད་དཀའི་ལུས་འདི་ཡུན་རིང་མི་སྡོད་ཅིང་།
།གང་དུ་སྐྱེས་ཀྱང་བདེ་བའི་སྐབས་
མེད་ལ། །དགེ་སྡིག་ལས་འབྲས་བསླུ་བ་མེད་མཐོང་ནས། །སྙིང་ནས་དམ་པའི་ཆོས་ལ་འཇུག་པར་ཤོག
།སྲིད་པའི་ཟུག་རྔུ་ཐམས་ཅད་འབྱིན་པའི་
སྨན། །མ་ལུས་འགྲོ་བའི་ཕན་བདེ་མཆོག་གི་གཏེར། །རྒྱལ་བ་སྲས་བཅས་སྐྱེད་བྱེད་བྱམས་པའི་ཡུམ།
།བྱང་ཆུབ་སེམས་ལ་ཡིད་ཆེས་བརྟན་པར་
ཤོག །ཅི་ཙམ་འབྱོར་ཡང་རློམས་པ་མི་སྐྱེ་ཞིང་། །ཤིན་ཏུ་རྒུད་ཀྱང་ཞུམ་པ་མི་འབྱུང་བའི།
།རྒྱལ་བའི་སྲས་ཀྱི་བློ་སྟོབས་རྒྱ་ཆེ་བ། །བདག་གི་སྙིང་
ལ་ངེས་པར་འབྱུང་བར་ཤོག །གསུང་རབ་ཀུན་གྱི་བརྗོད་བྱའི་སྙིང་པོའི་དོན། །རྒྱལ་སྲས་ཡོངས་ཀྱི་བསྒྲོད་པ་གཅིག་པུའི་ལམ།
།སངས་རྒྱས་ཀུན་
གྱི་བླ་མ་བྱང་ཆུབ་སེམས། །མྱུར་དུ་བདག་གི་རྒྱུད་ལ་སྐྱེ་བར་ཤོག །སེམས་སྣང་འཁྲུལ་པ་རྨི་ལམ་ལྟ་བུའི་ཆོས།
།སྐྱེ་མེད་སྤྲོས་དང་བྲལ་བར་
ལེགས་མཐོང་ནས། །རྗེས་ཐོབ་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །འཁྲུལ་སྣང་འགྲོ་བའི་དོན་ཆེན་བྱེད་པར་ཤོག
།ཡང་ཡང་ཕན་བཏགས་དྲིན་གྱིས་
བསྐྱངས་པའི་གཉེན། །སྡུག་བསྔལ་རྒྱ་མཚོར་བྱིང་བ་འདི་མཐོང་ནས། །བུ་སྡུག་ཆུ་ཡིས་ཁྱེར་བའི་མ་བཞིན་དུ།
།འགྲོ་བ་ཀུན་ལ་བྱམས་བརྩེས་
ཁྱབ་པར་ཤོག །ཐོག་མེད་དུས་ནས་ཕ་མར་གྱུར་པ་ཡི། །འགྲོ་བའི་སྡིག་སྡུག་རང་ལ་ལེན་པ་དང་།
།བདག་གི་བདེ་དགེ་གཞན་ལ་སྟེར་བ་ཡི། །
མཆོག་ཏུ་བསྟན་པའི་ལྷག་བསམ་འབར་བར་ཤོག །མ་རིག་ཆགས་སྡང་ཉོན་མོངས་འཕེལ་བའི་གཞི།
།དགྲ་གཉེན་བར་མའི་སྣང་བ་གང་ཤར་
ཡང་། །འབར་བའི་མེ་ལ་བུད་ཤིང་བསྣན་པ་བཞིན། །བྱང་ཆུབ་སེམས་ཀྱི་གྲོགས་སུ་འགྲོ་བར་ཤོག
།འཆིང་བྱེད་འཁོར་བའི་ཉོན་མོངས་ཀུན་གྱི་
རྒྱུ། །ལས་ངན་སྡུག་བསྔལ་སྣ་ཚོགས་འབྱུང་བའི་གནས། །བྱང་ཆུབ་ལམ་ལ་བར་དུ་གཅོད་པའི་བདུད།
།བདག་ཉིད་གཅེས་འཛིན་རྩད་ནས་ཐོན་
པར་ཤོག །ལས་ཀྱིས་བདུད་རྩི་རྣག་ཏུ་སྣང་བ་བཞིན། །གཞན་སྐྱོན་མཐོང་བ་རང་སྣང་མ་དག་པར།
།ཤེས་ནས་བདེ་ལེགས་ཡོན་ཏན་རྒྱ་མཚོ་
ཡིས། །འབྱུང་གནས་འགྲོ་བ་གཞན་ལ་གུས་པར་ཤོག །སྡུག་བསྔལ་བརྙེས་དང་གཏམ་ངན་ལ་སོགས་པ།
།མི་འདོད་སྣ་ཚོགས་ཐོག་ཏུ་བབས་ན་
ཡང་། །རྒྱལ་སྲས་སྤྱོད་པའི་གྲོགས་སུ་མཐོང་ནས་ནི། །རབ་དགའི་སེམས་ཀྱིས་དང་དུ་ལེན་པར་ཤོག
།སྲིད་པའི་ཕུན་ཚོགས་རྨི་ལམ་ལྟ་བུའི་
ཆོས། །འབྱོར་ཡང་དེ་ལ་ཞེན་པ་མི་སྐྱེ་ཞིང་། །གཞན་ལ་ཕན་པའི་ཐབས་སུ་མཐོང་བ་ན།
།ལུས་སྲོག་གཏོང་ལ་ཞུམ་པ་མེད་པར་ཤོག །རང་གིས་
ཡུན་རིང་གཅེས་པར་བསྐྱངས་པའི་མིས། །རང་ལ་དགྲ་བཞིན་ལྟ་བར་བྱེད་ན་ཡང་། །སླར་ཡང་བརྩེ་བས་གནས་སྐབས་མཐར་ཐུག་གི།
།དེ་ཡི་
ཕན་བདེ་བདག་གིས་སྤེལ་བར་ཤོག །ཤ་ཁྲག་ལ་དགའ་འབྱུང་པོའི་ཚོགས་རྣམས་ཀྱིས། །སྒྱུ་མའི་ལུས་འདི་ཟ་བར་བྱེད་ན་ཡང་།
།རང་ལ་གཅེས་
འཛིན་རྟོག་པ་མི་གཡོ་ཞིང་། །བརྩེ་བས་དེ་ལ་ཕན་ཐོགས་ནུས་པར་ཤོག །གདོད་ནས་ཞི་བ་སེམས་ཀྱི་ཆོས་ཉིད་ལས།
།སྣ་ཚོགས་ཆོས་ཀུན་གཡོ་
བ་མེད་མཐོང་ནས། །འཁྲུལ་སྣང་རྐྱེན་ངན་ཆུ་ཟླའི་རྫུན་རིས་ཀྱིས། །ཆོས་ཉིད་དོན་ལ་གསལ་སྣང་འདྲེན་པར་ཤོག
།གནོད་བྱེད་ཐམས་ཅད་དགེ་
བའི་བཤེས་སུ་མཐོང་། །སྡུག་བསྔལ་ཐམས་ཅད་སེམས་ཀྱི་རྒྱན་དུ་རིག །འགལ་རྐྱེན་ཐམས་ཅད་དགེ་བའི་བསྐུལ་མ་རུ།
།མཐོང་ནས་རྐྱེན་ངན་
ལམ་དུ་ལོངས་པར་ཤོག །རང་བདེ་དོན་གཉེར་རང་གི་དགྲ་བོར་ཤེས། །ཐ་མལ་དགྲ་བོ་བྱང་ཆུབ་གྲོགས་སུ་ཤར།
།ན་ཚ་སྡུག་བསྔལ་སྡིག་པའི་
དག་བྱེད་དུ། །མཐོང་ནས་རྐྱེན་ངན་ལམ་དུ་ལོངས་པར་ཤོག །ལྟས་ངན་ཕྱྭ་གཡང་འགུག་པའི་རྐྱེན་དུ་མཐོང་།
།འདྲེ་གདོན་དངོས་གྲུབ་རྩོལ་བའི་
གྲོགས་སུ་ཤར། །འཁོར་ངན་ལོག་སྒྲུབ་རྟོགས་པའི་བོགས་འདོན་དུ། །ཤེས་ནས་རྐྱེན་ངན་ལམ་དུ་ལོངས་པར་ཤོག
།བླང་དོར་ཤེས་པས་
བསགས་སྦྱང་གནད་དུ་ཁེལ། །བསྲུང་མ་མཉེས་པས་བར་ཆད་བདུད་ལས་རྒྱལ། །ཐབས་ལ་མཁས་པས་བགེགས་རིགས་གྲོགས་སུ་ཤར།
།
རྣམ་བཞིའི་སྦྱོར་བ་ཉམས་སུ་ལོན་པར་ཤོག །ཤིན་ཏུ་སྤྲོ་བས་འཕེན་པའི་གོ་བགོས་ནས།
།བདག་འཛིན་འདུལ་བའི་ཆོས་ལ་བློ་སྦྱངས་ཤིང་། །
རྣམ་དཀར་ཐབས་དང་སྨོན་པའི་གྲོགས་དང་བཅས། །ཚེ་དང་དམ་པའི་ཆོས་སྤྱོད་སྙོམ་པར་ཤོག
།རྟག་ཏུ་བླ་མ་དྲན་པའི་མོས་གུས་དང་། །བདེན་
གཉིས་བྱང་ཆུབ་སེམས་ལ་ལེགས་གོམས་པས། །ཟབ་ཡངས་ཆོས་འདིའི་ངང་ལས་མ་གཡོས་པར།
།འཆི་བའི་བསོད་ནམས་བདག་ལ་ཡོད་པར་
ཤོག །མི་དང་མི་མིན་འབྱུང་པོས་གཙེས་པ་དང་། །འབྱུང་འཁྲུགས་ལུས་ཀྱི་ཟུག་རྔུ་ལངས་པ་དང་།
།ཤུགས་དྲག་ཉོན་མོངས་སྐྱེས་པའི་དུས་སུ་
ཡང་། །བྱང་ཆུབ་སེམས་མཆོག་ཉམས་པ་མེད་པར་ཤོག །འཁྲུལ་སྣང་བར་དོའི་འཇིགས་སྐྲག་ཤར་བ་དང་།
།མ་ཡི་མངལ་དང་ཚེ་རབས་གཞན་
དུ་ཡང་། །ཆོས་ཀྱི་སྙིང་པོ་སེམས་མཆོག་རིན་པོ་ཆེ། །སྐད་ཅིག་ཙམ་ཡང་བརྗེད་པར་མ་གྱུར་ཅིག
།འཁོར་གྱི་དབུས་སུ་ཡང་དག་ལམ་བཟང་འདི།།
སྒྲོགས་པའི་རྒྱལ་དང་དེ་སྲས་དགེ་བའི་བཤེས། །ཚེ་རབས་ཀུན་ཏུ་བླ་མར་བསྟེན་ནས་ནི།
།ཆོས་འདི་འཛིན་ཅིང་གཞན་ལ་ཕན་པར་ཤོག །
བདག་འཛིན་ཐུལ་བས་ཅི་བྱས་ཆོས་སུ་སོང་། །རེ་དོགས་ཟད་པས་གང་བྱུང་གྲོགས་སུ་ཤར།
།ལྷག་བསམ་འབྱོངས་པས་གཞན་ཕྱིར་རང་ཉིད་
ཀྱིས། །སྡུག་བསྔལ་མྱོང་ཡང་རབ་དགའ་འཕེལ་བར་ཤོག །ལྟ་བ་འཛིན་པའི་དུག་གིས་མ་སྦགས་ཤིང་།
།སྙིང་རྗེ་ཕྱོགས་རིས་ཞེན་པས་མ་
བཅིངས་པས། །བདེན་གཉིས་ཟུང་འཇུག་སེམས་མཆོག་རིན་པོ་ཆེས། །སྲིད་དང་ཞི་བའི་རྒུད་པ་སེལ་བར་ཤོག
།ལུས་ངག་སྤྱོད་པ་ཐ་མལ་
འདུག་ན་ཡང་། །བསམ་པ་བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །ཀུན་སྤྱོད་བཅོས་པའི་དགེ་བ་མ་བྱས་ཀྱང་།
།ཀུན་སློང་དབང་གིས་ཚོགས་
ཆེན་རྫོགས་པར་ཤོག །ལུས་སྲོག་ལོངས་སྤྱོད་དུས་གསུམ་དགེ་བའི་ཚོགས། །འགྲོ་བའི་དོན་དུ་ཉིན་བཞིན་བསྔོ་ན་ཡང་།
།(རང)་བདེ་དོན་གཉེར་
ལན་ལ་རེ་བའི་བློ། །སྐད་ཅིག་ཙམ་ཡང་སྐྱེ་བར་མ་གྱུར་ཅིག །ཕམ་ཁ་བླངས་ཏེ་རྒྱལ་ཁ་གཞན་ལ་འབུལ།
།དམན་ས་བཟུང་ནས་འགྲོ་ཀུན་སྤྱི་
བོས་བཀུར། །གནོད་པ་བྱེད་ལ་ལན་དུ་ཕན་འདོགས་པའི། །རྒྱལ་སྲས་(རྣམས་ཀྱི་)བརྟུལ་ཞུགས་འཛིན་པར་ཤོག
།བླ་མར་གུས་ཤིང་ཅི་གསུང་
དང་དུ་ལེན། །སྣ་ཚོགས་ཆོས་ཀུན་ཉམས་ལེན་གཅིག་ལ་དྲིལ། །རེ་དོགས་སྤངས་ཏེ་རྟག་ཏུ་གཞན་དོན་ལ།
།བརྩོན་པའི་གོ་ཆ་བདག་གིས་བགོ་
བར་ཤོག །གཞན་(ལ་གནོད་ན)ཐར་པའི་བདེ་བ་ཡང་། །བཞི་མདོའི་རྩྭ་བཞིན་ཡལ་བར་བོར་ནས་ནི།
།གཞན་ལ་ཕན་ན་ངན་འགྲོའི་གཡང་ས་
ལ། །སྐྱེ་ཚལ་བཞིན་དུ་དགའ་བས་འཇུག་པར་ཤོག །རྣམ་གསུམ་བསླབ་པ་མིག་གི་འབྲས་བཞིན་བསྲུང་།
།སྒོ་(གསུམ་བྱ་)བ་ཆོས་དང་མི་འབྲལ་
ཞིང་། །དུས་གསུམ་བསགས་པའི་དགེ་བའི་དངོས་པོ་རྣམས། །འཁོར་གསུམ་ཡོངས་དག་བསྔོ་བས་ཟིན་པར་ཤོག
།གཏིང་མཐའ་མི་མངོན་རྒྱ་
ཆེན་སྤྱོད་པའི་མཚོ། །དགེ་ལེགས་ཡོན་ཏན་རིན་ཆེན་བྱེ་བའི་གཏེར། །(
)་དབང་ཚོགས་ཀྱི་བསྟི་གནས་དེར།
།བདག་ཀྱང་དགའ་
བའི་ཡིད་ཀྱིས་འཇུག་པར་ཤོག །སྣ་ཚོགས་སྡུག་བསྔལ་ཁུར་གྱིས་ནོན་པ་ལ། །བགྲང་ཡས་ཐབས་མཁས་གཉེན་པོའི་ཁྱད་པར་གྱིས།
།མ་ལུས་
འགྲོ་བའི་ཕན་བདེ་སྤེལ་བྱེད་(ཅིང་)། །ཏིང་འཛིན་མཐུ་ཆེན་བདག་གིས་ཐོབ་པར་ཤོག
།དགོངས་སྤྱོད་རྒྱ་མཚོ་དཔག་གིས་མི་ལངས་པས། །རྒྱལ་
བ་རྒྱ་མཚོའི་ཡོན་ཏན་ཆུ་བོའི་གཏེར། །བདག་བློ་རྒྱ་མཚོའི་སྣོད་དུ་ལེགས་བསྡུས་ནས།
།ཕྲིན་ལས་རྒྱ་མཚོ་རོ་གཅིག་འགྱུར་བ་ཤོག །ཅེས་ཐེག་
ཆེན་ཐུན་མོང་མ་ཡིན་པའི་བློ་སྦྱོང་གི་ཚིག་རྣམས་སྨོན་ཚིག་ཏུ་བྲིས་པ་འདི་ནི་ཆོས་འདི་ལ་སྙིང་ནས་མོས་པ་བློ་གྲོས་གཞན་ཕན་ཟླ་བས་བྲིས་
པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག ཆོས་རྣམས་ཀུན་གྱི་སྙིང་པོ་བྱང་ཆུབ་སེམས།
།མ་ལུས་གཅིག་ཏུ་འདོམ་པའི་གཞུང་བཟང་འདི། །སྤར་དུ་
བསྒྲུབ་པའི་རྣམ་དཀར་དགེ་བ་ཡིས། །བློ་བཟང་དཔལ་རྡོ་ཚུལ་ཁྲིམས་ལ་སོགས་པ། །འབྲེལ་ཐོགས་རྣམས་ཀྱི་གཙོ་བྱས་སེམས་ཅན་རྣམས།
།ལམ་
བཟང་འདི་ལ་(
)། །(ཡོན་ཏན་)རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །དགེའོ། །དགེའོ། །དགེའོ། །
ཞེས་པའི་ཤིང་སྤར་ལས་བཤུས་ཏེ།
ཐར་ལམ་དགོན་གྱི་བླ་རྒན་བདེ་བར་གཤེགས་པ་འཇམ་དབྱངས་ཉི་མ་ལགས་ཀྱིས་མ་དཔེ་གཡར་གནང་བ་དང་།
པ་སངས་ཚེ་
རིང་ལགས་ཀྱིས་མ་དཔེ་འཚོལ་བའི་ངལ་བ་མཛད་པ།
ཆོས་སྐྱོང་འགྱུར་མེད་ལགས་དང་བསྟན་པ་ཡེ་ཤེས་ལགས་ཀྱིས་པར་ཞུས་གནང་བ།
ཀུན་དགའ་ཚེ་རིང་དང་ཨེ་
ཝྃ་གཉིས་ཀྱིས་རྩིས་འཁོར་དུ་དཔེ་སྒྲིག་དང་པར་ཞུས་ཚར་དུ་མ་བྱས་པ་བཅས་ལ་བཀའ་དྲིན་ཆེ་ཞེས་ཞུ་ཞིང་།
གཞུང་དངོས་ཀྱི་ས་བཅད་ཐད་དབྲི་བསྣན་མེད་པར་ཕྲེང་
རེ་ཕབ་ཅིང་དེ་ལ་བསྟུན་ནས་དཀར་ཆག་བསྒྲིགས་པས་ཕྲེང་ཕབ་པ་དང་དཀར་ཆག་གཉིས་ཀ་མ་དཔེ་ལ་མེད།
མངོན་གསལ་གྱི་པར་སྐྱོན་འབྲུ་རེ་ཟུང་བཅོས་ཤིང་མཇུག་
གི་བློ་སྦྱོང་སྨོན་ལམ་སྐབས་གུག་མཆན་དུ་བྲིས་པ་ནི་དཔེ་མཐའ་ཟད་ནས་འབྲུ་མི་མཇལ་བ་ལ་འོལ་ཚོད་དང་སྟོང་པ་རྣམས་འོལ་ཚོད་མ་སྤོབས་པ་ཡིན།
དེབ་འདི་དཔར་
དུ་བསྐྲུན་པའི་དགེ་བས་འགྲོ་བ་ཀུན་གྱིས་བྱང་ཆུབ་ཀྱི་སེམས་མཆོག་རིན་པོ་ཆེ་རྒྱུད་ལ་མྱུར་དུ་སྐྱེ་བའི་རྒྱུར་གྱུར་ཅིག
ཅེས་བསེ་མཁར་རྣམ་སྲས་ཀྱིས་རབ་རྒྱན་ཤིང་སྤྲེལ་
ལོའི་ཟླ་༦ཚེས་༤རྒྱལ་བས་ཆོས་འཁོར་བསྐོར་བའི་དུས་ཚེས་དགེ་བ་ལ།
འདིར་མཁྱེན་སྤྱན་ཡངས་པའི་གཟིགས་མཁན་རྣམས་ལ་ཞུ་བ་ནི།
སྒ་རབ་འབྱམས་པ་ཀུན་དགའ་ཡེ་ཤེས་ཀྱི་གསུང་དཔེ་འདིར་མ་འདུས་པ་ལས་མང་ཉུང་གང་
ཡང་རུང་བ་ཕྱག་སོན་བྱུང་ན་འདི་གར་འབྲེལ་བ་གནང་རོགས་ཞུ་སྟེ།
ཁྱེད་ཀྱིས་དཔར་འདེབས་གནང་ན་ཕྲན་སོགས་ཀྱིས་མཐུན་རྐྱེན་གང་ནུས་ཞུ་རྒྱུ་དང་ཕྲན་སོགས་
ལ་དཔར་དུ་འདེབས་རྒྱུ་གནང་ན་བཀའ་དྲིན་སྙིང་ཐག་པ་ནས་ཞུ་ཞིང་།
མཉམ་འབྲེལ་གྱིས་དཔར་འདེབས་གནང་ན་མཐུན་གྲོགས་གང་ལེགས་ཞུའོ། །
འབྲེལ་བ་གནང་ཡུལ།
རྣམ་སྲས།
སྐྱེ་རྒུ་མདོའི་འདྲེན་ལུང་མདའ་སྒོ་བྱང་ཨང་༧༡པ། ༠༩༧༦-༨༨༢༣༧༧༩
ཨེ་ཝཾ།
གེ་སར་ཐུན་གཉེར་་ཁང་། ༠༩༧༦-༨༨༢༢༩༨༧
བསོད་ནམས་ཚེ་འཕེལ།
གངས་རྒྱན་གསུང་རབ་པར་ཁང་། ༠༩༧༦-༨༨༢༣༤༥༣
ཀུན་དགའ་ཚེ་རིང་།
གངས་འོད་ཡིག་དཔར་ཁང་། ༠༩༧༦-༨༨༢༦༢༡༨
གློག་ཡིག
sekar@126.com