༄༅། །བཀའ་བརྒྱུད་གླ་བྲོ་དགོན།
དགོན་པ་འདི་བླ་མ་གང་གིས་ཡུལ་གང་ཞིག་ཏུ་ཇི་ལྟར་ཕྱག་བཏབ་ཅེ་ན།
དེ་ནི་རབ་བྱུང་དྲུག་པའི་ཤིང་བྱི་( ༡༣༨༤)ལོར་འཁྲུངས་པའི་རྗེ་རྒྱལ་བ་
ཀརྨ་པ་ལྔ་པ་དེ་བཞིན་གཤེགས་པའི་སློབ་མ་སྙན་བརྒྱུད་འཛིན་པ་དྲུང་རྨ་སེའམ་ཀརྨ་རྨ་སེ་རྟོགས་ལྡན།
ཡང་ན་མི་ཉག་རྟོགས་ལྡན་ཞེས་པ་རབ་བྱུང་
དྲུག་པའི་མེ་སྟག་(
༡༣༨༥)ལོར་བོད་ཆེན་པོ་སྟོང་ཚར་སྒང་དང་ཉེ་བའི་ཡུལ་དུ་མི་ཉག་གི་རྒྱལ་པོ་ཆོས་རྒྱལ་ཐའི་ཧཱུ་ལ་སོགས་བསྟན་པའི་སྦྱིན་བདག་
རྣམས་བྱོན་པའི་གདུང་རིགས་ཀྱི་ནང་ཚན་ཡབ་རྨ་སེ་རྒྱ་གར་ཁུ་དབོན་མདོ་ཁམས་སུ་ཚོང་ལ་བྱོན་པའི་སར་ཡུམ་གླིང་བཟའ་བསོད་ནམས་སྒྲོལ་མའི་
སྲས་སུ་འབྲི་མཚམས་གྱམ་ཤེལ་གྱི་གནས་སུ་ངོ་མཚར་བའི་ལྟས་དང་བཅས་འཁྲུངས།
ཆེར་སོན་ཏེ་བཀའ་གསར་རྙིང་མདོ་སྔགས་ཀྱི་ཆོས་ཟབ་རྒྱས་
མཐའ་ཡས་པ་གསན་ཅིང་།
ཁྱད་པར་རྗེ་རྒྱལ་བ་ཀརྨ་པ་ལྔ་པས་ཁྲོམ་གྱི་དབུས་སུ་བཀའ་ཆོས་གསུང་པ་དང་ཐོག་མར་མཇལ་བས་འཇམ་དཔལ་སྨྲ་
བའི་སེང་གེར་ཞལ་གཟིགས།
དབང་བསྐུར་དུས་རྡོ་རྗེ་རྣལ་འབྱོར་མར་ཞལ་གཟིགས་པ་སོགས་དག་པའི་གཟིགས་སྣང་མང་དུ་བྱུང་ཞིང་།
ཞབས་རྡུལ་
སྤྱི་བོས་བསྟེན་ཏེ་སྙན་བརྒྱུད་ཀྱི་མན་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་ཞུས།
བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་མཚན་བློ་གྲོས་རིན་ཆེན་གསོལ།
ཕྱིས་རྗེ་རྒྱལ་བའི་དབང་པོས་བུ་ཁྱོད་འདི་ནས་མདོ་ཁམས་ཀྱི་བར་དུ་སྒྲུབ་པ་ཕྱོགས་མེད་དུ་གྱིས་དང་འགྲོ་དོན་འཕེལ་བར་འོང་།
ཞེས་ལུང་བསྟན་པ་
ལྟར་བཀྲ་ཤིས་ཟུར་མང་རྣམ་རྒྱལ་རྩེ་སོགས་གདན་ས་བཏབ།
རབ་སྒང་གི་ཕག་མོ་རི་སོགས་དང་རྒྱ་ནག་གི་ཁ་ཚར་ཡན་ཆད་ཇོ་མོ་གངས་མན་ཆད་ཀྱི་
མདོ་དབུས་ཁམས་གསུམ་གྱི་དབེན་གནས་ཡོངས་གྲགས་དང་གནས་གཉན་པ་ཕལ་ཆེ་བར་ལུས་སྲོག་ཐེད་ལ་བོར་བའི་སྒྲུབ་པ་མཛད་ཅིང་།
བདག་ཏུ་
བཟུང་བའི་ལུས་ལོངས་སྤྱོད་དངོས་པོ་ཕྱི་ནང་ཐམས་ཅད་ལ་ལྟོས་པ་མེད་པའི་བྱ་བཏང་ཆེན་པོ་མཛད།
ལྷག་པར་གྲུབ་ཆེན་རིན་པོ་ཆེ་ཉིད་མི་ཉག་
རབ་སྒང་པ་ཡན་ཆད་ཀྱིས་གདན་འདྲེན་མང་ཞིང་གཞི་བདག་རྣམས་བརྩད་པ་ན་རྒྱམ་རྡོ་ཏི་འདི་བློ་དྲང་ཞིང་དབང་ཆེ་བས་ཁོ་ཡི་དོན་དུ་བཞུགས་
པར་གསོལ་བ་བཏབ་པར་བཤད་འདུག་པ་ལྟར་རྡོ་ཏི་དཀར་བ་ལྷ་རྩེ་དང་ཟོ་དོར་མ་ཡོལ་འཕན་བཟང་གིས་ཞབས་ཏོག་སྒྲུབ་པའི་རྟེན་འབྲེལ་དང་
བཅས་གནས་འདི་ན་སྒྲུབ་བརྒྱུད་ཀྱི་བསྟན་པ་འཕེལ་ཞིང་རྒྱས་པར་གཟིགས་ཏེ་སྒྲུབ་གནས་མཛད་པས་ད་ལྟའང་རྨ་སེའི་སྒྲུབ་ཕུག་ཟེར།
སྐབས་དེར་ཡི་
དམ་གྱི་ཞལ་གཟིགས་ནས་ལུང་བསྟན་པ་ལྟར་འགྲོ་དོན་ལ་དགོངས་ཏེ་ཞབས་འབྲིང་དང་ལྷན་དུ་ཕེབས་པས་སྲིབས་རི་དུང་དཀར་གཡས་འཁྱིལ་འདྲ་
བའི་ནང་དུ་གྲུབ་ཆེན་རིན་པོ་ཆེས་འཁོར་ལོ་བདེ་མཆོག་ལྷ་ཚོགས་ཀྱིས་ཚོགས་གར་འཁྲབ་པ་གཟིགས་ནས་ཞབས་འབྲིང་ལ།
ཁྱེད་ཀྱིས་ཅི་མཐོང་
གསུངས་པས།
གླ་བ་བདུན་གྱིས་བྲོ་འཁྲབ་པ་མཐོང་ཟེར་བ་རྟེན་འབྲེལ་ལ་དགོངས་ནས་དགོན་ས་བཏབ་པ་དང་གླ་བྲོ་བསམ་གྲུབ་ལྷ་ལྡན་ཆོས་འཁོར་
གླིང་ཞེས་བཏགས། དེ་སྐབས་ཆོས་རྒྱུད་ནི་བཀའ་བརྒྱུད་ཟུར་ལུགས་ཡིན།
ཕྱིས་མདོ་ཁམས་སྡེ་དགེའི་མངའ་ཁུལ་ཤར་དཔལ་སྤུངས་ཐུབ་བསྟན་ཆོས་
འཁོར་གླིང་གི་མངའ་བདག་སི་ཏུ་པདྨ་ཉིན་བྱེད་དབང་པོ་མཆོག་གིས་ཟུར་མང་ཆེ་ཆུང་གང་ལའང་ཀརྨ་ཀཾ་ཚང་མེད་སྟབས་ཀརྨ་ཀཾ་ཚང་དུ་ཞལ་
བསྒྱུར་མཛད་ཅེས་བཤད་སྲོལ་ཡོད། དགོན་བདག་སྤྲུལ་པའི་སྐུ།
གར་ཐོས་ཀརྨ་བསམ་འཕེལ་ནས་བཟུང་ད་ལྟའི་སྤྲུལ་སྐུ་གར་ཐོས་རྡོ་རྒྱལ་བར་བླ་
རབས་མང་ཙམ་བྱོན།
བླ་མ་ནོར་བུ་སྤྲུལ་སྐུའི་སྐྱེ་ཕྲེང་རིམ་བྱོན་ལས་ད་ལྟ་སྤྲུལ་སྐུ་ཤེས་རབ་སེངྒེ་བཞུགས།
ཀརྨ་ཆོས་དཔལ་གྱི་ཡང་སྲིད་མཁན་ཆེན་མི་
ཉག་ཨ་དཀར་ཆོས་རྒྱལ།
དེ་ཡི་ཡང་སྲིད་ཨ་ཆོས་སྤྲུལ་སྐུ་ད་ལྟ་ཞལ་བཞུགས་པ་འདིའོ།
ཕུར་པ་བླ་མ་ནི་བླ་རབས་མང་ཙམ་བྱོན་པར་གྲགས། ཡང་
འགྲུབ་རྡོ་རྗེ་ཁྲི་ལ་བཀོད་ཀྱང་ད་ལྟ་རྡོ་རྗེ་སློབ་དཔོན་མཛད།
རྟེན་གྱི་གཙོ་བོ་ནི།
འདུ་ཁང་ཆེན་མོའི་ཕུགས་སུ་གཙང་ཁང་ཀ་བ་དྲུག་ལ་ཁང་རྩེག་
གཉིས་ཀྱི་སར་དུས་གསུམ་སངས་རྒྱས་ཀྱི་སྐུ་བརྙན་སྨན་འདག་ལས་གྲུབ་པ་ཐོག་ཚད་གཉིས།
གནས་རྟེན་བཅུ་དྲུག་མིས་བཟོས་བྲག་རིའི་དཀྱིལ་དུ་
བཞུགས་པའི་སྣང་བརྙན།
སྔོན་བྱོན་སྤྲུལ་སྐུ་རྣམས་ཀྱི་གསེར་གདུང་སོགས་རྟེན་གསུམ་གྲངས་མང་ཡོད་ལ།
ད་དུང་རྟེན་གཙོ་བྱ་མཁའ་ལྡིང་གིས་ཁུར་
བར་གྲགས་པའི་རོལ་མོ་ཡ་གཅིག( ཡ་གཅིག་བྱང་རྟ་རྣ་དགོན་ལ་ཡོད་པར་གྲགས)
ཉིན་ཞིག་མགོན་ཁང་དུ་གང་བྱུང་མེད་པར་མི་གསུམ་བྱུང་ནས་
སིལ་སྙན་ཆ་གཅིག་བཞག་སྟེ་མི་སྣང་བར་གྱུར་པས་མི་མ་ཡིན་གྱི་སིལ་སྙན་གྲགས་པ་དེ་དང་།
རྒྱམ་རྡོ་ཏིའི་གཏེར་དུང་དང་། ཕུར་པ། མཆོག་གླིང་གི་
གཏོར་མ། ཙནྡན་གྱི་ཕུར་པ་ཁྱེའུ་ལོ་བརྒྱད་ཙམ།
ཡང་ཁྱེའུ་ལོ་གསུམ་ཙམ་གྱི་ཕུར་པ་བརྒྱད། ཁྲུ་གང་ཙམ་གྱི་ཕུར་དྲུག
མགོན་ཁང་དུ་མགོན་སྒམ་ཟེར་
བ་ཞིག་ཡོད་ལ་དེ་ཉིད་ཞྭ་དམར་ནག་གཉིས་མ་གཏོགས་ཁ་ཕྱེ་མི་ཆོག་པའི་ཕྱག་ཐམ་གྱིས་རྒྱས་བཏབ་པ་ཞིག་ཡོད་པས་ནང་དངོས་ཅི་ཡོད་མི་ཕལ་
པར་གསལ་ཁ་མེད་ལ།
དེའི་བཤད་པ་ནི་དཔལ་སྤུངས་དང་མཚུར་ཕུ་གཉིས་ལ་ཡོད་པར་གྲགས།
རྒྱལ་བ་དངོས་ཀྱིས་རབ་གནས་མཛད་པའི་གསེར་སྐུ་
ལི་མ་དང་། གཞན་ད་དུང་རྟེན་གསུམ་གྲངས་ལས་འདས་པ་བཞུགས།
མདོར་ན་འདུ་ཁང་གསུམ་ལ་ཀ་བ་༧༢ ལྷ་ཁང་བཅུ་གཅིག་ལ་ཀ་བ་༥༤ གཞན་
ཁང་པ་གསུམ་ལ་ཀ་བ་༤༨
གྲྭ་ཤག་༥༩བཅས་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ༦༢༨༠ སྤྲུལ་སྐུ་༤
གྲྭ་པའི་ཞལ་གྲངས་༡༢༩( ཡིག་ཚགས་ལྟར) སྐུ་
འདྲ་༣༥༥༠ གསུང་ཆོས་པོད་༡༠༥༠ ཞལ་ཐང་༡༨༠ མཆོད་ཆས་༡༣༠༠
སྒྲུབ་མཆོད་ཕུར་སྒྲུབ་སོགས་ཉིན་༢༢༡ རྟ་དྲེལ་༢༨ ནོར་༩༩༦༠བཅས་ཡོད།
རབ་རྒྱལ་ས་ཁྱི་(
༡༩༥༨)ལོའི་དྲག་པོའི་ཟིང་འཁྲུག་སྐབས་ཞི་བའི་ངང་བཅིངས་འགྲོལ་བྱས།
དེའི་ལོ་མཇུག་ཆོས་གླིང་རྡོ་རྡོ་དགོན་ལ་ཟུར་མང་ཤོག་
གི་དཔོན་བླ་མ་ཡོངས་རྫོགས་ཚོགས་ཏེ།
གླ་བྲོ་དགོན་གྱི་བླ་གྲྭས་བཅིངས་འགྲོལ་དམག་ལ་ངོ་ལོག་མ་བྱས་པ་དང་།
མགོན་ཁང་གི་སྤྱན་གཟིགས་མ་
བཀྲམ།
མགོ་འབུལ་བྱེད་སྐབས་དངོས་རྫས་མ་བསྐུངས་པའི་ཐོག་ནས་དཔེ་བཟང་ཡིན་པས་སྔར་ལྟར་དགོན་འདི་དུས་མཆོད་འཚོགས་ཆོག་པའི་ཆོག་
མཆན་གནང་།
འོན་ཀྱང་ལོ་ཕྱེད་ཙམ་ནས་གཙུག་ལག་ཁང་དང་དངོས་རྫས་རྣམས་སྤྱི་ཐུན་མོང་གི་ཡོ་བྱད་དུ་བསྒྱུར་ཏེ་གཞུང་བཞེས་བྱས།
ཟུར་མང་
ཡུལ་ཚོའི་མགོ་ཁྲིད་པ་རྡོ་རྗེ་རྣམ་དག་ཀྱིས་ད་ཕྱིན་འཚོགས་མི་ཆོག་པའི་བཀའ་བསྒྲགས།
འོན་ཀྱང་ཆུ་སྟག་( ༡༩༦༢)ལོར་རུ་ཁག་སྒྱུར་བཀོད་བྱེད་
མགོ་ཚུགས་ཏེ་ཡུལ་ཚོའི་མགོ་ཁྲིད་ཆིང་དབྱིང་གིས་འབྲི་ཁལ་བཞི་ཅུ་ཞེ་ལྔའི་གནང་སྦྱིན་དང་བཅས་ཐེངས་གཉིས་པའི་དགོན་པ་རང་བདག་གི་ཆོག་
མཆན་ཐོབ། དེ་སྐབས་གྲྭ་བཅོ་ལྔ་ཙམ་བཞུགས།
བན་དཔོན་གྲྭ་བསོད་ནམས་རིན་ཆེན་བསྐོ་བཞག་མཛད།
དེ་ནས་ཡུན་རིང་མ་འགོར་བར་རིག་གནས་
གསར་བརྗེའི་ལས་འགུལ་བསྒྲུབས་ཏེ་དགོན་འདི་ཡང་ཐལ་བའི་ཕུང་པོ་ཞིག་ཏུ་སོང་།
ཤིང་གླང་ལོའི་(
༡༩༨༥)ཟླ་༡༢པའི་ཚེས་༢༥ཉིན་གོང་རིམ་གྱི་ཐུགས་ཁུར་འོག་འབྲེལ་ཡོད་ལས་ཁུངས་སོགས་ནས་དགོན་འདི་ལ་གྲོན་དངུལ་མཐུན་
རྐྱེན་ཕྲན་བུ་བསྩལ་བ་དང་སྦྲགས་ཆོག་མཆན་གནང་།
ད་སྐབས་ཨ་ཆོས་སྤྲུལ་སྐུ་སོགས་ནས་དབུ་ཁྲིད་གནང་ངོས་སེར་སྐྱ་ཡོངས་ཀྱིས་གླ་མེད་ངལ་རྩོལ་
ལ་ཞུགས་པའི་བཀའ་དྲིན་ལ་བརྟེན་ནས། འདུ་ཁང་ཆུང་བ་གཉིས་ལ་ཀ་བ་༨༤
ལྷ་ཁང་གཉིས་ལ་ཀ་བ་༡༤ ཇ་ཁང་ཀ་བ་༡༢ གྲྭ་ཤག་༤༥བཅས་
བཞེངས་གྲུབ་ཅིང་།
གནའ་རྫས་རྩ་ཆེན་གྱི་རིགས་དང་རྟེན་རྙིང་རྣམས་མེད་པ་མ་གཏོགས།
རྟེན་གསར་གུ་རུའི་སྐུ་བརྙན་གཙོས་སྣེ་གྲངས་༥༠ཙམ་
དང་། ཞལ་ཐང་༦༥ ཆོས་པོད་༥༣༠ མཆོད་ཆ་༡༥༣
སྒྲུབ་མཆོད་ཟུར་མང་ཚོགས་ཆེན་གཙོས་ཉིན་༧༣ རང་ཁ་རང་གསོའི་གཞི་རླངས་འཁོར་༡
རྟ་
དྲེལ་༢༥ ནོར་༡༢༠ སྨན་ཁང་༡བཅས་མཆིས་སོ། །