¡¡

༄༅། །ཁྲ་རིགས་དགོན།

༄༅། །ཁྲ་རིགས་གསང་སྔགས་ཆོས་རྫོང་།
དགོན་འདི་ཆགས་པའི་གནས་ནི་སྨད་མདོ་ཁམས་སྒང་དྲུག་ཏུ་གྲགས་པའི་ཡུལ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཇོ་བོ་སྒྱོགས་ཆེན་གདོང་རས་སྐྱོང་
བའི་སྒ་( དགའ)ཡུལ། རབ་ཤིས་སྟོད་སྨད་གཉིས་སུ་ཕྱེས་པའི་སྟོད་དུ་མཆིས། ཕྱག་འདེབས་པ་པོ་ཁྲ་རིགས་གྲུབ་ཆེན་ནམ་ཁྲ་རིགས་གཅོད་པ་ནི། མདོ་
ཁམས་དགའ་ཡི་བྱེ་བྲག་ནང་ཆེན་སྒོམ་སྡེར་ཁྲ་བོ་གླིང་གི་གདུང་རྒྱུད་དྲི་མ་མེད་པ་ཁྲ་གསར་གྱི་རིགས་མྱུག ཡབ་དོན་གྲུབ་རྒྱལ་མཚན་དང་ཡུམ་བཀྲ་
ཤིས་ལྷ་སྐྱིད་ཀྱི་སྲས་སུ། རབ་ཉི་མེ་ཁྱི་( ༡༧༠༦)ལ་ངོ་མཚར་བའི་ལྟས་དུ་མ་དང་ཁྱད་པར་འཁྲུངས་མ་ཐག་ཨོཾ་མ་ཎི་པངྨེ་ཧཱུྃ་ཞེས་གསུངས་པས་ཡབ་
ཡུམ་སོགས་ངོ་མཚར་སྐྱེས། དགུང་གྲངས་གསུམ་པ་ལ་ཆབ་མདོ་དགོན་ཆེན་དུ་ཕེབས། མགོན་ཁང་མཇལ་སྐབས་གྲལ་མགོར་རྡོར་སྐྱིལ་གྱིས་བཞུགས་
ནས་ནམ་མཁར་གཟིགས་ཏེ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ་ཅེས་གུར་མགོན་གྱི་ཉེ་སྙིང་ཐོགས་མེད་དུ་གསུངས་ཤིང་། ང་ནི་སྒ་ཨ་གཉན་དམ་པ་ཀུན་དགའ་
གྲགས་ཡིན་གསུངས་པར་བརྟེན་དགེ་འདུན་རྣམས་ཡ་མཚན་སྐྱེས། ལྕགས་ར་སྤྲུལ་སྐུས་དགེ་འདུན་དགྱེས་མཚན་ཞེས་པའི་མཚན་གསོལ། དགུང་ལོ་
བདུན་པ་རབ་ཉི་ཆུ་འབྲུག་(༡༧༡༢)ལ་ཀརྨ་པ་སྐུ་ཕྲེང་བཅུ་གཉིས་པ་བྱང་ཆུབ་རྡོ་རྗེ་སྡེ་དགེ་ནས་དབུས་སུ་ཕེབས་སྐབས་གཙུག་ཕུད་ཕུལ་བས་མཚན་
ཀརྨ་ཆོས་འཛོམ་ཞེས་གསོལ། རིས་སུ་མ་ཆད་པའི་ཡོངས་འཛིན་དུ་མ་ལས་ཀློག་ནས་བརྩམས་ཏེ་མཁས་པར་སྦྱངས། དགུང་གྲངས་བཅུ་ཕྲག་སོན་པའི་
ཚེ་བདེན་ཚིག་གྲུབ་པའི་མཐུ་སད། དགུང་ལོ་བཅུ་བཞི་པར་གྲུབ་བརྙེས་བསྟན་འཛིན་ཕུན་ཚོགས་ལས་ཁྲོས་མ་ནག་མོ་ལྷ་ལྔའི་དབང་དང་དྲུང་ལུགས་
ཀྱི་ཆོས་སྐོར། གུར་གྱི་མགོན་པོ་ཕྱི་ནང་གསང་གསུམ་གྱི་དབང་ཁྲིད་སོགས་གསན། གཞན་ཡང་ཟུར་མང་གཏེར་ཆེན་རོལ་པའི་རྡོ་རྗེ་ལས་གཏེར་ཆོས་
མང་དུ་གསན་པས་ཐུགས་ཤིན་ཏུ་མཉེས་ཏེ་བསྟན་པ་འགྱུར་མེད་རྡོ་རྗེ་ཞེས་མཚན་གསོལ། གཏེར་ཆེན་ཁྱུང་གྲགས་རྡོ་རྗེས་སྲས་ཀྱི་ཐུ་བོར་བཟུང་ཞིང་
ཞི་བ་རས་པ་ཞེས་པའི་མཚན་གསོལ། གྲུབ་ཆེན་ཚེ་འཕེལ་བཟང་པོ་ལས་དབང་སོགས་གསན། དགུང་ལོ་བཅོ་ལྔ་པ་རབ་ཉི་ལྕགས་བྱི( ༡༧༢༠)ལ་ཁྲོས་
ནག་ལྷ་ལྔའི་བསྙེན་མཚམས་དང་གཅོད་མཚམས་མཐར་ཕྱིན་པར་མཛད། རོ་ལངས་ཤིག་བཏུལ་བས་སྙན་གྲགས་ཆེན་པོ་བྱུང་། དཔྱིད་ཀར་ཟུར་མང་
གཏེར་ཆེན་རོལ་པའི་རྡོ་རྗེ་གཤེགས་པས་དེར་ཕེབས་ཏེ་སྐུ་གདུང་ཞུགས་སུ་ཕུལ་བ་སོགས་མཛད། དགུང་ལོ་ཉེར་བདུན་པ་ཆུ་བྱི་( ༡༧༣༢)ལ་གཅོད་
ཀྱི་ཉམས་བཞེས་ལ་བརྩོན་བཞིན་དབུས་སུ་ཕེབས་ནས་གནས་ཆེན་དང་གཉན་ས་རྣམས་འགྲིམས། དགུང་ལོ་ཉེར་དགུ་པ་ཤིང་སྟག་( ༡༧༣༤)ལ་ངོར་
ཨེ་ཝྃ་ཆོས་ལྡན་གྱི་གདན་རབས་སོ་གསུམ་པ་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གིས་མཁན་པོ་དང་། སློབ་དཔོན་སངས་རྒྱས་ཚུལ་ཁྲིམས་ཀྱིས་ལས་སློབ།
སློབ་དཔོན་ཀུན་དགའ་རྒྱ་མཚོས་གསང་སྟོན་མཛད་ནས་བསྙེན་པར་རྫོགས་པའི་མཚན་དགེ་འདུན་རྒྱལ་མཚན་གསོལ། ལམ་འབྲས་ཚོགས་བཤད་
གཙོས་གདམས་ངག་ཟབ་མོས་ཐུགས་རྒྱུད་གཏམས། དེ་ནས་ས་སྐྱར་བྱོན་ཏེ་ངག་དབང་ཀུན་དགའ་བསོད་ནམས་རིན་ཆེན་ལས་ཚེ་རྟ་ཟུང་འབྲེལ་གྱི་
དབང་སོགས་ཞུས་ནས་སླར་མདོ་ཁམས་སུ་ཕེབས། སྐྱོ་མདའ་བསོད་ནམས་དབང་ཕྱུག་ལས་རྟ་མགྲིན་ཡང་གསང་ཁྲོས་པའི་དབང་སོགས་ཞུས། ཁམས་
དགེ་རྒྱལ་དང་། དྲུང་རྨ་སེའི་སྒྲུབ་ཕུག རྨ་སྲིབ་ཆེན་ཀ་ཀའི་ཁྲ་ཚང་། ལྡབ་ཀྱི་འབུར་མོ་སྟག་སྙིང་། ཤོག་བུ་དཀར་འབལ( ད་ལྟ་གནས་རི་རྡོ་རྗེ་སེམས་
དཔའང་ཟེར)། ཡར་འབྲོག་དཔལ་གྱི་ཕུག་རིང་། འཕེན་པོའི་ངང་ཚང་ཕུག་གམ་རང་བྱུང་བྲག་གི་ཀེའུ་ཚང་། པདྨའི་སྒྲུབ་གནས་དཔལ་ཆེན་ཆུ་རིས་
ཕུག རི་དམར་མཚམས་ཁང་། དཀར་པོ་ལྷ་གཤམ། སེ་རོང་སྒྲུབ་ཕུག གུར་དིལ་སྔོ་ཡོལ་ཕུག སྦུམ་པོའི་གུར་ཕུག གཉན་རྒྱས་གསང་ཕུག ཨོ་རྒྱན་ཚོགས་
ཁང་སྦུག པདྨའི་ཟླ་གམ་ཕུག་སོགས་དབེན་གནས་རྣམས་ནས་གུར་གྱི་མགོན་པོ་ཕྱི་ནང་གསང་བའི་ལམ་གྱི་རིམ་པ་དང་། ཟབ་ཆོས་གཅོད་ཡུལ་ཕྱག་རྒྱ་
ཆེན་པོ་ལ་རབ་ཉི་ཤིང་ཡོས་ནས་རབ་འདོད་ཆུ་སྤྲེལ་( ༡༧༣༥ནས་༡༧༥༢)བར་ཉམས་ལེན་སྙིང་པོར་གནང་བས་ས་ལམ་གྱི་ཡོན་ཏན་ཡོངས་སུ་
རྫོགས་ཏེ་ཆོས་ཉིད་བདེན་པ་མངོན་སུམ་དུ་གཟིགས། མངོན་ཤེས་དང་རྫུ་འཕྲུལ་ལ་དབང་འབྱོར་བས་ཁྲ་རིགས་གྲུབ་ཆེན་ཞེས་པའི་མཚན་སྙན་ཕྱོགས་
ཀུན་ཁྱབ། ལྕགས་ལུག་( ༡༧༥༡)ལོའི་དབྱར་ཀར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་རྡོ་ར་དམར་ཁོར་ཕེབས་པ་ལས་སླར་ཆོས་འབྲེལ་ཞུས། ཉིད་ཀྱི་
དབོན་པོ་འཇམ་མགོན་བསྟན་འཛིན་དང་། ཀུན་བཟང་གྲགས་པ་ལ་གུར་མགོན་གྱི་སྨིན་གྲོལ་དང་། ཟབ་མོ་གཅོད་ཡུལ་གྱི་དབང་ཁྲིད་བསྩལ་བས་
རྟོགས་པའི་ཡོན་ཏན་བརྙེས། དགུང་ལོ་ཞེ་བདུན་པ་རབ་འདོད་ཆུ་སྤྲེལ་( ༡༧༥༢)ལ་དབོན་པོ་གཉིས་དང་བཅས་ལྷོ་གནས་སོགས་སུ་ཕེབས། ལྷ་འདྲེ་
ཨར་གཏད་ཀྱིས་ཨ་དགའ་མི་མིན་གྱི་ལག་ནས་བླངས་པ་སོགས་གྲུབ་པའི་མཛད་པ་མང་དུ་བསྟན། དགུང་ལོ་ང་གཅིག་པ་རབ་འདོད་མེ་བྱི་
( ༡༧༤༦)ལ་ཤོག་བུ་དཀར་འབལ་གྱི་རི་ཞོལ། ཡར་འབྲོག་དཔལ་གྱི་ཕུག་རིང་དུ་བསྙེན་སྒྲུབ་དང་ཚེ་སྒྲུབ་ཤོག་དྲིལ་བཅུ་གསུམ་སོགས་གཏེར་ལས་
བཞེས། གྲུབ་ཆེན་ཉིད་ཀྱི་བཞེད་དགོངས་གཙོ་བོར་དཔལ་ས་ངོར་གྱི་རིང་ལུགས་དྲི་མ་མེད་པ་འཛིན་པའི་དགོན་སྡེ་ཞིག་འདེབས་ཕྱིར་ས་མིག་བཙལ་
བས། དཀར་པོ་ལྷ་གཤམ་གྱི་ཞོལ་དུ་ལེགས་ཀྱང་རྟེན་འབྲེལ་ཅུང་མ་འགྲིགས། དེ་ནས་ལུང་དམར་དུ་ལེགས་ཀྱང་དེ་སྐབས་མགོ་ལོག་གི་ཇག་པས་འཚེ་
སྒང་དང་གནས་དེ་ཇག་ལམ་ལྟ་བུར་ཡོད་པས་སྟབས་མ་བདེ་བར་གྲུབ་ཆེན་ཁུ་དབོན་རྣམས་ཀྱིས་དགོང་མོར་བསྐང་གསོ་གསུང་སྐབས་ཕྲིན་ལས་
བཅོལ་ཏེ། འབུལ་གཏོར་ཁང་ཐོག་ཏུ་ཕུལ་བ་བྱ་ཡིས་ས་ཕྱོགས་གང་དུ་ཁྱེར་ན་དེར་དགོན་པ་ཕྱག་འདེབས་རྒྱུ་ཐུགས་ཐག་བཅད། ཞོགས་པར་བྱ་ངང་
མོ་ཞིག་གིས་གཏོར་མ་མདོ་བའི་ན་བར་ཁྱེར་བས་ད་ལྟའི་དགོན་གནས་འདི་ཡིན། དེ་ལྟར་གྲུབ་ཆེན་ཉིད་དགུང་ལོ་ང་གཉིས་པ་རབ་འདོད་མེ་གླང་
( ༡༧༥༧)ལོའི་ཟླ་ཚེས་བཟང་པོར། བསྟན་འཛིན་རྒྱ་མཚོའི་འབྱུང་གནས་ཁྲ་རིགས་གསང་སྔགས་ཆོས་རྫོང་གི་ཆོས་སྡེ་ཆེན་པོ་ཕྱག་བཏབ། དེའི་རྗེས་སུ་
བླ་མ་ཕྱི་མ་རིམ་བྱོན་གྱིས་སྔགས་ཁང་བདུད་དཔུང་ཟིལ་གནོན་དང་། སྒྲུབ་ཁང་རྡོ་རྗེའི་ཕོ་བྲང་། གཙུག་ལག་ཁང་ཆེན་མོ་བཅས་རིམ་པས་བཞེངས།
གྲུབ་ཆེན་ཉིད་ཀྱི་སྐུ་ཕྲེང་ཕྱི་མ་རྣམས་ཀྱི་གདུང་རུས་ནི། ཆི་སྒྲ། དམར་རྩ། ཁྱེམ་དཀར། དབུ་ཐོག སྐྱུ་ར། བར་མ་སྟེ་སྐུ་ཕྲེང་བདུན་བརྒྱུད། སྔོན་གྲུབ་ཆེན་
ཉིད་ཀྱིས་ཡར་འབྲོག་ན་ལུང་འཁྱིལ་ནས་གུར་དྲག་བདེ་གཤེགས་གསང་བ་ཀུན་འདུས་ཀྱི་ལས་བྱང་གི་གཞུང་ཕྲིན་ལས་ཡིད་བཞིན་ནོར་བུའི་ཤོག་དྲིལ་
གཏེར་ལས་བཞེས་ཏེ་ས་བོན་ཙམ་ཕབ། འཕྲོས་མ་རྣམས་བླ་མ་དཔལ་ཀླུས་རབ་ཚེས་ས་བྱི་( ༡༨༨༨)ལོར་ཀུན་གཟིགས་མཁྱེན་བརྩེའི་དབང་པོས་རང་
གཏེར་གྱི་ཤོག་སེར་དང་ལྗགས་བཀོད་བསྩལ་ནས། ཤོག་སེར་མ་བུ་ཟུང་བསྡེབས་ཀྱིས་གཏེར་གཞུང་ཇི་ལྟ་བ་གཏན་ལ་ཕབ། གུར་དྲག་སྐོང་བ་གསེར་གྱི་
སྡོང་པོ་ཐོས་གྲོལ་མཐོང་བ་དོན་ལྡན་གྱི་ཤོག་སེར་དེ་རབ་ཚེས་ལྕགས་སྟག་( ༡༨༩༠)ལ་འཇམ་མགོན་མཁྱེན་ཀོང་རྣམ་གཉིས་ཀྱི་བཀའ་བཀོད་ལྟར་
གཏན་ལ་ཕབ། ཚེ་སྒྲུབ་ཀྱི་ཤོག་དྲིལ་བཅུ་གསུམ་ལས་ཕྱེད་ཙམ་ཕབ་ཟིན་པ་ལས་ཆུ་སྟག་( ༡༩༠༢)ལ་དེའི་འཕྲོ་མ་སོགས་གཏན་ལ་ཕབ། ལོ་དེར་གནམ་
ཕུ་དགོན་དུ་ཕེབས་ནས་བསང་མཆོད་འཇའ་འོད་ཟེར་མའི་མཆོད་སྤྲིན་མཛད། ས་ལུག་ལ་འཛོམ་ཉག་བསམ་འགྲུབ་དགོན་དུ་ཕེབས་ཏེ་དབུ་མཛད་རྡོ་
རྗེ་འཛིན་པ་བསྟན་པ་དང་དཀོན་མཆོག་དཔལ་ལྡན་སོགས་འདུས་སྡེ་ཐུན་མོང་གིས་ཞུས་པ་ལྟར་ཡུལ་ལྷའི་བསང་མཆོད་དག་སྣང་རྡོ་རྗེའི་ཐ་ཚིག་
མཛད། བླ་མ་ཡོན་ཏན་གྱི་གདུང་རུས་ཚ་ར་དང་། དགོན་པ། གཟིམ་དཔོན་ཏེ་སྐུ་ཕྲེང་གསུམ། ཚེ་མཚམས་སྐུ་ཕྲེང་དང་པོ་བྱམས་པ་ཚུལ་ཁྲིམས་དང་།
ཨ་ལོ་ཚེ་མཚམས། སྟག་ལ་ཚེ་མཚམས། བེ་འོ་ཚེ་མཚམས་ཏེ་སྐུ་ཕྲེང་བཞི། ས་ཁྱི་ལོའི་དུས་ངན་གྱིས་ཉམ་དམས་སུ་གྱུར་པའི་ཡར་སྔོན་དུ་འདུ་ཁང་ཀ་བ་
༢༤ལྷ་ཁང་སོགས་བཅུ་ལ་ཀ་བ་༢༤ཇ་ཁང་སོགས་གཉིས་ལ་ཀ་བ་༨ གྲྭ་ཤག་༥༠སྟེ་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༢༠༠༠ གུ་རུ་ཁྱུང་ཞོན་
སོགས་སྐུ་འདྲ་༡༠༠༠ལྷག གླེགས་བམ་པོད་༧༧༠ལྷག ཞལ་ཐང་༢༧༠ལྷག མཆོད་ཆ་སྣ་གྲངས་༢༧༠ལྷག སྤྲུལ་སྐུ་༣ གྲྭ་པ་༡༧༨( ཡིག་ཚགས་ལྟར) རྟ་
དྲེལ་༡༥༠( ལྷག ནོར་༡༣༥༠ལྷག ར་ལུག་༢༠༠ལྷག ཁྲ་རིགས་བསང་མཆོད་སོགས་རྒྱུན་ཚོགས་ཉིན་༡༤༠བཅས་ཡོད། ༡༩༨༡ལོའི་ཟླ་༨ཚེས་༢༤ ཉིན་
ཆོས་སྒོ་འབྱེད་པའི་ཆོག་མཆན་ཐོབ། དད་ལྡན་སྦྱིན་བདག་རྣམས་དང་ཁྱད་པར་ཕྱི་ལོ་༡༩༨༢ལོར་ཁྲ་རིགས་དཔལ་ཀླུ་སྤྲུལ་སྐུ་དཔལ་ལྡན་བློ་གྲོས་
ཕེབས་ནས་འགྲོ་གྲོན་དང་བཟོ་བོ་བཅས་ཡུལ་ནས་གདན་དྲངས་ཏེ་བསྐྱར་བཞེངས་ལ་འདུ་ཁང་གཉིས་ལ་ཀ་བ་༥༢ ལྷ་ཁང་གཉིས་ལ་ཀ་བ་༤ ཇ་ཁང་
སོགས་གསུམ་ལ་ཀ་བ་༡༡ གྲྭ་ཤག་༣༩སྟེ་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༢༣༢༠ནང་རྟེན་དུ་ཟངས་གསེར་ལས་གྲུབ་པའི་ཇོ་བོ་སྤྱི་ཁྲུ་དྲུག་ཅན།
བལ་པོའི་ལི་ཁྲ་སྟོང་སྐུ། ས་ངོར་ཚར་གསུམ། སྤྱན་རས་གཟིགས་སོགས་ཀྱི་སྐུ་བརྙན་༡༡༢༦༥ གསུང་རབ་པོད་༥༩༠ ཞལ་ཐང་༤༡ མཆོད་ཆས་སྣ་
གྲངས་༡༤༥༠ ཚོང་ཁང་༡ ཐབ་ཆས་ཆ་ཚང་། རླངས་འཁོར་༡ ཆོག་མཆན་ཅན་གྱི་གྲྭ་པ་༣༠བཅས་ཡོད།