༄༅། །ཨ་གཡང་དགོན།
|
༄༅། །ཨ་གཡང་ཐེག་ཆེན་ངེས་དོན་དར་རྒྱས་གླིང་།
དགོན་འདི་ཆགས་པའི་གནས་ནི་མདོ་ཁམས་སྒ་ཡི་རབ་སྟོད།
རབ་ཤིས་གཉན་རྒྱས་མཚོ་ཞེས་གྲགས་པའི་བྱང་ངོས་སུ་སྤྱི་ལེ་བཅུ་བདུན་བགྲོད་པའི་
སར་བཞུགས། ཕྱག་བཏབ་པའི་ལོ་ཚིགས་འདི་ཞེས་ཁྲིགས་སེ་བ་ཞིག་ད་སྔ་མ་མཇལ་མོད།
རབ་བྱུང་བཞི་པའི་སྨད་ཙམ་དུ་སྒ་སེ་ལེབ་གཅོད་པ་བསྟན་
འཛིན་དབང་རྒྱལ་ལམ་མཚན་གཞན་གྲུབ་སྤྲུལ་དཀོན་མཆོག་ལྷུན་གྲུབ་ངེས་དོན་བསྟན་པའི་རྒྱལ་མཚན་གྱིས་བཏབ་པ་ཁོང་གི་བླ་མའི་རྣམ་ཐར་ལ་
དཔགས་པས་ཤེས་ནུས་པའི་ཕྱིར་ཉིད་ཀྱི་བླ་མའི་རྣམ་ཐར་བསྡུས་ཙམ་ཞུ་སྟེ།
སྐྱོབ་པ་འཇིག་རྟེན་མགོན་པོའི་དངོས་སློབ་དབོན་སྟོན་བསོད་ནམས་
གྲགས་པ་ནི།
སྐྱོབ་པ་རིན་པོ་ཆེའི་ཡབ་ཀྱི་མཆེད་དཀོན་མཆོག་རིན་ཆེན་གྱི་སྲས་ཨ་ཉེ་ཨ་གྲགས།
དེའི་སྲས་གསུམ་གྱི་ཆེ་བ་དབོན་བསོད་ནམས་གྲགས་
པ་ཉིད་རབ་བྱུང་གསུམ་པའི་མེ་ལུག་( ༡༡༨༧)ལོར། ནོན་འཇམ་འོམ་བུ་ལུང་དུ་འཁྲུངས།
ཡིག་རྩིས་སོགས་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་རྣམས་
ལ་མཁྱེན་རབ་ཕུལ་དུ་ཕྱིན།
དགུང་ལོ་བཅུ་གཅིག་པ་ལ་སྐྱོབ་པ་འཇིག་རྟེན་མགོན་པོས་གདན་དྲངས་པ་ལྟར་འབྲི་གུང་དུ་ཕེབས།
རྗེ་དེ་ཉིད་ལས་རབ་
ཏུ་བྱུང་བས་མཚན་བསོད་ནམས་གྲགས་པ་གསོལ།
སྤྱིར་བཀའ་བརྒྱུད་ཀྱི་དམ་ཆོས་མང་པོ་དང་སྣུབས་སྟོན་ཡོན་ཏན་གྲགས་པ་ལས་དགྱེས་རྡོར་སོགས་
གསན་ཅིང་སྦྱངས།
དགུང་ལོ་བཅུ་གསུམ་པ་ལ་འདག་སྦྱར་མཛད་ནས་ལོ་བཅུ་གསུམ་སྒྲུབ་པར་བཞུགས་ཏེ་རིམ་གཉིས་ཟབ་མོའི་རྣལ་འབྱོར་མཐར་
ཕྱིན།
དེ་ནས་སྟག་ཕུར་བྱོན་ཏེ་ཇོ་བོ་ཡོན་ཏན་གྲགས་ལས་གསང་འདུས་བདེ་དགྱེས་སོགས་རྒྱུད་སྡེའི་མན་ངག་མང་དུ་གསན་སྦྱངས་དང་།
སླར་འབྲི་
གུང་དུ་ཕེབས་ཏེ་རྗེ་འཇིག་རྟེན་གསུམ་མགོན་སོགས་ལས་མདོ་རྒྱུད་སོགས་གསན་སྦྱངས་མཛད་པས་མཁས་པའི་གྲགས་པས་ཁྱབ།
དགུང་ལོ་སུམ་ཅུ་པ་
ནས་སླར་ལོ་དྲུག་བར་འདག་སྦྱར་མཛད་པས་ཐུགས་དམ་གྱི་རྩལ་རྫོགས།
དགུང་ལོ་སོ་གཅིག་པ་ལ་སྐྱོབ་པ་འཇིག་རྟེན་མགོན་པོ་གཤེགས། སོ་དྲུག་པའི་
ཆུ་རྟ་( ༡༢༢༢)ལ་འབྲི་གུང་གི་གདན་ས་བསྐྱངས་པས་གདན་རབས་གཉིས་པ་ཡིན།
དགུང་ལོ་སོ་དགུ་པ་ལ་རིན་པོ་ཆེ་སྣ་བདུན་ལས་བཀྲ་ཤིས་སྒོ་མང་
རྒྱ་ཁྱོན་ཚད་ལས་འདས་པ་ལྷ་གྲངས་ཉིས་སྟོང་བརྒྱད་བརྒྱ་ཕྱག་ཚད་ཚང་བ།
ནང་བཞུགས་རྒྱུད་སྡེའི་ལུགས་བཞིན་བཞེངས་པ་སོགས་ཀྱིས་རྒྱལ་བ་
འབྲི་གུང་པའི་བསྟན་པ་གསལ་བར་མཛད་ཅིང་། དགུང་ལོ་ཞེ་བརྒྱད་པའི་ཤིང་རྟ་(
༡༢༣༤)སྨིན་དྲུག་ཟླ་བའི་ཚེས་ཉེར་གཉིས་ཀྱི་སྔ་དྲོར་གཤེགས།
ཁོང་གི་ཞལ་སློབ་སྒ་སེ་ལེབ་གཅོད་པ་ལ་མདོ་སྨད་དུ་རྒྱལ་བསྟན་སྤེལ་དགོས་པའི་བཀའ་དང་ལུང་བསྟན་གནང་།
དེའི་དུས་ནི་དབོན་སྟོན་ཉིད་
ཀྱིས་འབྲི་གུང་གི་གདན་ས་སྐྱོང་བའི་སྐབས་ཏེ་རབ་བྱུང་བཞི་པའི་བཅུ་སྐོར་གཉིས་གསུམ་གྱི་ཡས་མས་སུ་མངོན།
དེ་ལྟར་གྲུབ་སྤྲུལ་ཉིད་མདོ་ཁམས་ཀྱི་
ཕྱོགས་ལ་ཕེབས།
ཆོས་གོས་ལ་གཤོག་པ་མཛད་དེ་ལམ་དུ་བདུད་འདྲེ་རོ་ལངས་མ་དམ་ལ་བཏགས་པའི་དཔའ་རྟགས་ཀྱི་ཕྱག་མཚན་གནམ་ལྕགས་
ཕུར་པ་ཕྱག་ལ་འཛིན་ཏེ་བྲག་དམར་བྱ་ཁྱུང་འདྲ་བའི་རྩེར་བབས་ནས་སྣང་སེམས་དབང་དུ་གྱུར་པས་བྲག་ལ་ཞབས་རྗེས་དང་ཕྱག་སོར་གྱིས་ཀ་མད་
སུམ་ཅུ་བྲིས་ཤིང་བྲག་དམར་གས་སྲུབས་མེད་པ་ལ་ལྕགས་ཕུར་བཏབ་པ་སོགས་རྫུ་འཕྲུལ་དཔག་ཏུ་མེད་པ་བསྟན་པར་གྲགས།
དེ་ནས་གནམ་འཁོར་
ལོ་རྩིབས་བརྒྱད་དང་། ས་ལ་པདྨ་འདབ་བརྒྱད།
ཉེ་ཁོར་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱི་དབྱིབས་དང་ལྡན་པའི་ཆོས་ལུང་འདིར་ཕེབས་པ་དང་རྒན་
མོ་ཞིག་གིས་འཇམ་དཔལ་མཚན་བརྗོད་འདོན་བཞིན་དུ་ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་ཞེས་རྐོ་མ་(
རྐོ་ལེབ)ས་ལ་གཡུག་པ་དང་འཕྲད་པས་
རྟེན་འབྲེལ་ཤིན་ཏུ་ལེགས་ཀྱང་ད་ལན་བསྟན་པ་རྒྱས་པའི་དུས་ཅུང་མིན་པར་དགོངས།
དེ་ནས་ཨ་ཁྲོར་ཕེབས་ཏེ་ཨ་བྲག་ཐེག་ཆེན་བཤད་སྒྲུབ་གླིང་
ཕྱག་བཏབ་སྟེ་ལོ་འགའ་འགོར་བ་ན་ཨ་བྲག་གྲྭ་ལྔ་བླ་ལྔ་ཞེས་པ་ལས་འདུས་སྡེ་ཆེར་མ་རྒྱས་པས་སླར་ཕེབས།
འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་
སྤྲུལ་ཨ་གཡང་ཨ་སྐུ་དང་ཁོང་རྣམ་གཉིས་ཀྱིས་ཇོ་བོ་བཅུ་གཅིག་ཞལ་གྱི་སྐུ་བཅས་བཞེངས་ཏེ་ཨ་གཡང་ཐེག་ཆེན་ངེས་དོན་དར་རྒྱས་གླིང་འདི་ཕྱག་
བཏབ།
དེའི་དུས་ནི་རབ་བྱུང་བཞི་པའི་མཇུག་ཏུ་ཡིན་པ་བླ་སློབ་གཉིས་ཀྱི་དགུང་གྲངས་བསྡུར་བ་ལས་ཤེས་སོ།
།
དགོན་འདི་ཐོག་མར་བཏབ་ནས་དར་རྒྱས་ཆེར་མ་སོང་གི་བར་དུ་དགེ་འདུན་རྣམས་སྦྲ་གུར་དུ་བཞུགས།
པགས་སླག་མནབས་པ་དང་ས་ཡིས་
བཟོས་པའི་ཏིང་སོགས་ལ་ལོངས་སྤྱད།
ཕྱིས་བསྟན་པ་ཇེ་རྒྱས་སུ་སོང་བས་སྔར་གྱི་རྐོ་མ་གཡུག་གནས་སུ་གཙུག་ལག་ཁང་ཀ་བ་༣༠ཅན་བཞེངས་པ་
སོགས་མཛད།
གྲུབ་སྤྲུལ་རིན་པོ་ཆེ་འདི་ཉིད་ད་བར་སྐུ་སྐྱེ་ཕྲེང་བརྒྱད་ཙམ་བྱོན་སྐད་འདུག་ལ།
སྐུ་ཕྲེང་དང་པོ་ངེས་དོན་བསྟན་འཛིན་དར་རྒྱས་ནི། གནས་འདིར་
བསྟན་པའི་དབུ་བཙུགས་པ་དང་སྒྲུབ་པ་ཉམས་སུ་བླངས་ཏེ་མཐར་དགུང་ལོ་གོ་གསུམ་ཐོག་དགོངས་པ་ཆོས་དབྱིངས་སུ་བསྡུས།
སྐུ་ཕྲེང་གཉིས་ནི་རབ་བྱུང་བཅུ་པའི་ཆུ་བྱ་(
༡༥༧༣)ལོར་ཡབ་ཆོས་སྐྱོབ་དང་ཡུམ་ཚུལ་ཁྲིམས་དཔལ་མོའི་སྲས་སུ་འཁྲུངས།
འབྲི་གུང་སྐྱབས་མགོན་
གྱིས་གོང་མའི་ཡང་སྲིད་དུ་ཐུགས་ཐག་བཅད།
མཚན་དཀོན་མཆོག་གསང་སྔགས་བསྟན་འཛིན་གསོལ།
དགོན་འདིའི་རྟེན་གཙོ་ལྟར་གྱུར་པའི་རྡོ་ཡི་
ཕྱག་རྗེས་དང་། ཞབས་རྗེས།
གནམ་ལྕགས་ཀྱི་རིགས་ལ་རྒྱ་མདུད་བཅས་གྲུབ་ཐོབ་ཀྱི་མཛད་པ་མཐའ་ཡས།
ཕྱིས་དགུང་གྲངས་དོན་དྲུག་ཐོག་སྐུ་
གཤེགས་པའི་ཚུལ་བསྟན།
སྐུ་ཕྲེང་གསུམ་པ་དཀོན་མཆོག་བསྟན་འཛིན་བསོད་ནམས་ནི།
རབ་བྱུང་བཅུ་གཅིག་པའི་ལྕགས་སྟག་( ༡༦༥༠)ལོར་འབྲི་གུང་དུ། ཡབ་དཀོན་
མཆོག་ཐུབ་བསྟན་དང་ཡུམ་སྒྲོལ་དཀར་གྱི་སྲས་སུ་འཁྲུངས།
འབྲི་གུང་སྐྱབས་མགོན་མཆོག་གིས་མཚན་གསོལ་དང་བཅས་ཐུགས་ཐག་བཅད། ཨ་ཕྱི་
སྒྲུབ་ཁང་འདི་ཉིད་དབུ་བཙུགས་པ་དང་ནཱ་རོ་ཆོས་དྲུག་གི་སྒྲུབ་ཁང་བཅས་བཞེངས།
མཐར་རབ་བྱུང་བཅུ་གཉིས་པའི་ཤིང་རྟ་( ༡༧༡༤)ལ་སྐུ་འཇའ་
ལུས་སུ་ཐིམ།
སྐུ་ཕྲེང་བཞི་པ་ནི། རབ་བྱུང་བཅུ་གཉིས་པའི་མེ་བྱ་(
༡༧༡༧)ལོར་འདན་ཁོག་ཏུ་ཡབ་བློ་བཟང་རྒྱལ་མཚན་དང་ཡུམ་ཚེ་རིང་དབྱངས་སྐྱིད་ཀྱི་སྲས་
སུ་འཁྲུངས། འབྲི་གུང་སྐྱབས་མགོན་གྱིས་གོང་མའི་ཡང་སྲིད་དུ་ཐུགས་ཐག་བཅད།
མཚན་དཀོན་མཆོག་བསོད་ནམས་གྲགས་པ་གསོལ། རྣམ་རྒྱལ་
མཆོད་རྟེན་ཆེན་མོ་ཞིག་བཞེངས་ཏེ་ཆོས་སྟོན་གྲགས་པས་ཁྱབ་པ་མཛད།
མཐར་དགུང་གྲངས་རེ་གཉིས་ཐོག་སྐུ་གཤེགས་པའི་ཚུལ་བསྟན།
སྐུ་ཕྲེང་ལྔ་པ་དཀོན་མཆོག་བསྟན་པའི་སྒྲོན་མེ་ནི།
རབ་བྱུང་བཅུ་གསུམ་པའི་ཆུ་ཡོས་( ༡༧༨༣)ལོར་རབ་ཤིས་སུ།
ཡབ་རིན་ཆེན་ཚེ་རིང་དང་ཡུམ་
བདེ་ཆེན་སྒྲོལ་མའི་སྲས་སུ་འཁྲུངས།
མཁས་གྲུབ་གཉིས་ལྡན་གྱི་བླ་མ་ཞིག་བཞུགས་སྐད། མཐར་དགུང་ལོ་ང་ལྔའི་ཐོག་གཤེགས།
སྐུ་ཕྲེང་དྲུག་པ་ནི། རབ་བྱུང་བཅུ་བཞི་པའི་ས་ཕག་( ༡༨༣༩)ལ་རབ་ཤིས་སུ།
ཡབ་བློ་བཟང་བསྟན་པ་དང་ཡུམ་པདྨ་ལྷ་མོའི་སྲས་སུ་འཁྲུངས། དཔལ་
རྒྱལ་དབང་ཀརྨ་པས་ཐུགས་ཐག་བཅད་དེ་མཚན་ཀརྨ་མདོ་སྔགས་བསྟན་འཛིན་གསོལ།
སྐུ་དེར་གྲུབ་ཐོབ་ཀྱི་སྤྱོད་པས་གཏེར་སྣ་ཚོགས་བཞེས་པའི་
གཏེར་དངོས་ད་ལྟ་ཡང་མཇལ་དུ་ཡོད། རྫུ་འཕྲུལ་ཆེ་བ་མི་ཀུན་གྱིས་གླེང་།
ཕྱིས་དགུང་ལོ་དོན་གཅིག་ཐོག་སྐུ་གཤེགས་པའི་ཚུལ་བསྟན།
སྐུ་ཕྲེང་བདུན་པ་ནི། རབ་བྱུང་བཅོ་ལྔ་པའི་ཆུ་བྱི་( ༡༩༡༢)ལོར་རབ་ཤིས་སྟོད་དུ།
ཡབ་སྟོབས་ཆེན་དང་ཡུམ་ཨ་བདེའི་སྲས་སུ་འཁྲུངས། འབྲི་གུང་
སྐྱབས་མགོན་རྣམ་གཉིས་ཀྱིས་ངོས་འཛིན་གནང་སྟེ་མཚན་དཀོན་མཆོག་བསྟན་དར་གསོལ།
དགོན་འདིར་འགྲིག་སྣ་ཚོགས་བཞག་ཅིང་ཡུལ་སྡེ་གང་
ལའང་དྲག་ཞན་མེད་པ་ཆོས་དགེ་སོགས་འགྲོ་དོན་དཔག་མེད་མཛད་དེ་དགུང་ལོ་ཞེ་བཞི་ཐོག་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན།
སྐུ་ཕྲེང་བརྒྱད་པ་ནི། རབ་བྱུང་བཅུ་དྲུག་པའི་ས་བྱ་( ༡༩༦༩)ལོར།
རྒྱལ་རོང་དུ་ཡབ་བླ་མ་རྫ་སྤྲུལ་དང་ཡུམ་སྒྲོལ་མ་གཡང་མཚོའི་སྲས་སུ་འཁྲུངས།
འབྲི་གུང་སྐྱབས་མགོན་རྣམ་གཉིས་དང་མགར་རིན་ཆེན་བཅས་ཀྱིས་གོང་མའི་སྐུ་སྐྱེ་རུ་ངོས་འཛིན་གནང་།
མཚན་དཀོན་མཆོག་ལྷུན་གྲུབ་ངེས་དོན་
བསྟན་པའི་རྒྱལ་མཚན་གསོལ།
དགོན་པ་སླར་གསོ་བྱེད་པའི་དུས་དང་འཕྲད་པས་རང་ནུས་གང་ཡོད་ཀྱིས་འདུ་ཁང་དང་ནང་རྟེན་སོགས་བཞེངས་
ནས་ད་ལྟ་འཚོ་ཞིང་བཞེས་པ་ལགས།
བླ་མ་ཨ་སྐུ་ནི་སྐུ་ཕྲེང་ལྔ་བྱོན།
སྐུ་ཕྲེང་དང་པོ་བྱམས་པ་ཐུབ་བསྟན་སྡེ་དགེའི་ཕྱོགས་ནས་འདིར་ཕེབས།
གྲུབ་སྤྲུལ་སྐུ་ཕྲེང་གསུམ་པའི་དུས་ཙམ་ཡིན་
ལ། ཁོང་གིས་དགོན་འདིའི་བླ་བསྐོས་སུ་བདག་བཟུང་མཛད།
ཚེ་གང་པོར་སྒྲུབ་པ་ཉམས་ལེན་མཛད་དེ་མཐར་དགུང་གྲངས་གོ་གཅིག་ཐོག་གཤེགས།
སྐུ་ཕྲེང་གཉིས་པ་ནི། རབ་བྱུང་བཅུ་གཉིས་པའི་ཤིང་ཁྱི་(
༡༦༩༤)ལོར་ཡབ་ཚེ་རིང་དང་ཡུམ་ལྷ་མཚོའི་སྲས་སུ་འཁྲུངས། འབྲི་གུང་སྐྱབས་མགོན་
རྣམ་གཉིས་ཀྱིས་ངོས་འཛིན་གནང་སྟེ་མཚན་དཀོན་མཆོག་དོན་གྲུབ་རྒྱལ་མཚན་གསོལ།
མ་ཎི་བུམ་སྒྲུབ་ཀྱི་དབུ་བཙུགས་ནས་བསྟན་རྩ་བཞག རབ་
བྱུང་བཅུ་གསུམ་པའི་ས་ཕག་( ༡༧༧༩)ལོར་སྐུ་གཤེགས།
སྐུ་ཕྲེང་གསུམ་པ་ནི། རབ་བྱུང་བཅུ་གསུམ་པའི་ལྕགས་བྱི་(
༡༧༨༠)ལོར་བོད་ལྗོངས་སུ། ཡབ་རྡོ་རྗེ་ཚེ་རིང་དང་ཡུམ་བུ་མོའི་སྲས་སུ་འཁྲུངས།
འབྲི་
གུང་སྐྱབས་མགོན་ཞི་བའི་བློ་གྲོས་ཀྱིས་ངོས་འཛིན་མཛད་དེ་མཚན་དཀོན་མཆོག་སྐྱབས་ཞེས་གསོལ།
ཚེས་བཅུ་སྒྲུབ་པ་དང་གུ་རུ་མཚན་བརྒྱད་ཀྱི་
གསེར་འབག་འཆམ་གོས་ཆ་ཚང་བཅས་བཞག་མཛད།
དགུང་ལོ་རེ་ལྔ་ཐོག་སྐུ་གཤེགས་པའི་ཚུལ་བསྟན།
སྐུ་ཕྲེང་བཞི་པ་ནི། རབ་བྱུང་བཅུ་བཞི་པའི་མེ་ལུག་( ༡༨༤༧)ལོར་རབ་ཤིས་སུ།
ཡབ་ཀརྨ་ཚེ་རིང་དང་ཡུམ་གཡང་སྐྱིད་ཀྱི་སྲས་སུ་སྐུའི་མཚན་དཔེ་
བཞད། འབྲི་གུང་སྐྱབས་མགོན་གྱིས་ངོས་འཛིན་གནང་།
མཚན་དཀོན་མཆོག་ཐུབ་བསྟན་དར་རྒྱས་གསོལ། དབྱར་གནས་ཀྱི་སྒྲུབ་ཆེན་བཞག་པ་སོགས་
མཛད་ཕྲིན་ཆེ། དགུང་ལོ་དོན་གཅིག་ཐོག་སྐུ་གཤེགས།
སྐུ་ཕྲེང་ལྔ་པ་ནི། རབ་བྱུང་བཅོ་ལྔ་པའི་ཆུ་ཁྱི་( ༡༩༢༢)ལོར་ལྗོང་སྲིབ་ཏུ།
ཡབ་བློ་བཟང་དར་རྒྱས་དང་ཡུམ་བཀྲ་ཤིས་དཔལ་མོའི་སྲས་སུ་འཁྲུངས།
འབྲི་གུང་སྐྱབས་མགོན་གྱིས་ངོས་འཛིན་གནང་།
མཚན་དཀོན་མཆོག་ཆོས་གྲགས་རྒྱ་མཚོ་གསོལ།
སྐུ་ཚེ་དེར་སྐྱུ་རའི་སྒྲོལ་མའི་བྲག་ཏུ་སྒྲུབ་པ་ཉམས་
ལེན་མཛད་ནས་བཞུགས།
མཐར་དགུང་ལོ་སོ་གསུམ་ཐོག་སྐུ་གཤེགས་པ་ད་ལྟ་ཡང་སྲིད་བཙལ་མ་གྲུབ།
དེ་ལྟར་ཨ་གཡང་གྲུབ་ཆེན་དང་། ཨ་སྐུ། དྲི་མེད་འོད་ཟེར།
དྲི་མེད་ཐབས་མཁས་ཏེ་སྤྲུལ་སྐུ་བཞིས་དགོན་ས་བསྐྱངས།
༡༩༥༨ལོའི་དུས་ཟིང་གིས་བསྟན་སྲིད་ཉམ་ཉེས་སུ་གྱུར་པའི་ཡར་སྔོན་དུ། གྲྭ་པ་༨༣(
ཡིག་ཚགས་ལྟར)དང་། འདུ་ཁང་ཀ་བ་༢༠ ལྷ་ཁང་ཁག་
གསུམ་ལ་ཀ་བ་༡༢ ཇ་ཁང་སོགས་ཁག་གསུམ་ལ་ཀ་བ་༨༠
གྲྭ་ཤག་༣༠བཅས་ལ་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༡༧༦༠
སྤྱན་རས་གཟིགས་ཀྱི་སྐུ་
སོགས་སྐུ་འདྲ་༨༠ཙམ། གསུང་རབ་པོད་༥༥༠ལྷག ཞལ་ཐང་༡༠༠ལྷག
མཆོད་ཆས་སྣ་གྲངས་༥༧༠ལྷག ཐབ་ཆས་ཆ་ཚང་། དགོན་གཞུང་གི་སྤྱི་རྩ་ལ་
ནོར་༡༥༨༠ལྷག རྟ་དྲེལ་༥༥ ར་ལུག་༥༠༠ལྷག
ཚེས་བཅུ་སོགས་ལོ་རེར་རྒྱུན་ཚོགས་ཉིན་༢༠༣བཅས་ཡོད།
སྐབས་བཅུ་གཅིག་པ་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་མགོ་ཚུགས་ཚུན་དུ་མི་རིགས་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་
སོགས་རིམ་བཞིན་དོན་འབབ་བྱུང་བས།
༡༩༨༨ལོའི་ཟླ་༣ཚེས་༨ཉིན་ཆོས་སྒོ་འབྱེད་པའི་ཆོག་མཆན་ཐོབ་པ་ལ་གཏན་ཚད་བླ་གྲྭ་༡༥ཡིན།
ངག་དབང་
བློ་བཟང་། ཀརྨ་འཕགས་མཆོག
བསོད་ནམས་དབང་འདུས་སོགས་སེར་སྐྱ་རྒན་གཞོན་ཀུན་གྱིས་ཉམས་གསོ་ཞུས་པས་འདུ་ཁང་ཀ་བ་༢༠
ལྷ་ཁང་ཀ་
བ་༢ ཇ་ཁང་དང་མཛོད་ཁང་ཀ་བ་༦
གྲྭ་ཤག་༡༨བཅས་ལ་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༡༡༠༠ སྐུ་འདྲ་༢༤
ཞལ་ཐང་༢༠ གསུང་རབ་པོད་
༤༢༧ མཆོད་ཆས་སྣ་གྲངས་༡༥༠ ནོར་༨༥ ཚོང་ཁང་༡
མ་ཎི་བུམ་སྒྲུབ་སོགས་ལོ་རེར་རྒྱུན་ཚོགས་ཉིན་༨༤བཅས་ཡོད།
|
|