กก

༄༅། །ཨ་བྲག་དགོན།

༄༅། །ཨ་བྲག་ཐེག་ཆེན་བཤད་སྒྲུབ་གླིང་།
དགོན་སྡེ་འདི་ཐོག་མར་ཕྱག་བཏབ་པའི་གནས་ནི་མདོ་ཁམས་སྒ་སྟོད་ཀྱི་ཚྭ་ཐང་ཡིན། དེ་ཡང་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་དངོས་སློབ་དབོན་
སྟོན་བསོད་ནམས་གྲགས་པ་ནི། རྗེ་སྐྱོབ་པའི་ཡབ་ཀྱི་མཆེད་དཀོན་མཆོག་རིན་ཆེན་གྱི་སྲས་ཨ་ཉེ་ཨ་གྲགས། དེ་ལ་སྲས་གསུམ་ཡོད་པའི་ཆེ་བ་དབོན་
བསོད་ནམས་གྲགས་པ་ཉིད་རབ་བྱུང་གསུམ་པའི་མེ་ལུག་( ༡༡༨༧)ལོར། སྒ་ཡུལ་ནོན་འཇམ་འོམ་བུ་ལུང་དུ་འཁྲུངས། ཡིག་རྩིས་སོགས་འཇིག་རྟེན་
ལུགས་ཀྱི་བསྟན་བཅོས་རྣམས་ལ་མཁྱེན་རབ་ཕུལ་དུ་ཕྱིན། དགུང་ལོ་བཅུ་གཅིག་པ་ལ་སྐྱོབ་པ་འཇིག་རྟེན་མགོན་པོས་དཔལ་ཆེན་ཤྲཱི་ཕུག་པ་ཁམས་སུ་
བརྫངས་ནས་གདན་ཞུས་མཛད་པ་ལྟར་འབྲི་གུང་དུ་ཕེབས། སྐྱོབ་པ་རིན་པོ་ཆེ་ལས་རབ་ཏུ་བྱུང་བས་མཚན་བསོད་ནམས་གྲགས་པ་གསོལ། བཀའ་
བརྒྱུད་ཀྱི་དམ་ཆོས་མང་དུ་གསན། གཞན་ཡང་སྣུབས་སྟོན་ཡོན་ཏན་གྲགས་པ་ལས་དགྱེས་རྡོར་སོགས་གསན་ཅིང་སྦྱངས། དགུང་ལོ་བཅུ་གསུམ་པ་ལ་
འདག་སྦྱར་མཛད་ནས་སྒྲུབ་པར་ལོ་བཅུ་གསུམ་བཞུགས་ཏེ་རིམ་གཉིས་ཟབ་མོའི་རྣལ་འབྱོར་མཐར་ཕྱིན་པར་མཛད། དེ་ནས་སྟག་ཕུར་བྱོན་ཏེ་ཇོ་བོ་
ཡོན་ཏན་གྲགས་ལས་གསང་འདུས་བདེ་དགྱེས་སོགས་རྒྱུད་སྡེའི་མན་ངག་མང་དུ་གསན་སྦྱངས་དང་། སླར་འབྲི་གུང་དུ་ཕེབས་ཏེ་རྗེ་འཇིག་རྟེན་
གསུམ་མགོན་སོགས་ལས་མདོ་རྒྱུད་སོགས་གསན་སྦྱངས་མཛད་པས་མཁས་པའི་གྲགས་པས་ཁྱབ། དགུང་ལོ་སུམ་ཅུ་པ་ནས་སླར་ལོ་དྲུག་བར་འདག་
སྦྱར་མཛད་ཅིང་ཐུགས་དམ་གྱི་རྩལ་རྫོགས། དགུང་ལོ་སོ་གཅིག་པ་ལ་རྗེ་འཇིག་རྟེན་མགོན་པོ་གཤེགས་ཤིང་སོ་དྲུག་པ་ཆུ་རྟ་( ༡༢༢༢)ལ་འབྲི་གུང་གི་
གདན་ས་བསྐྱངས་པས་གདན་རབས་གཉིས་པ་ཡིན། དགུང་ལོ་སོ་དགུ་པ་ལ་རིན་པོ་ཆེ་སྣ་བདུན་ལས་བཀྲ་ཤིས་སྒོ་མང་རྒྱ་ཁྱོན་ཚད་ལས་འདས་པ་ལྷ་
གྲངས་ཉིས་སྟོང་བརྒྱད་བརྒྱ་ཕྱག་ཚད་ཚང་བ། ནང་བཞུགས་རྒྱུད་སྡེའི་ལུགས་བཞིན་མཚན་ཉིད་ལྡན་པ་བཞེངས་པ་སོགས་ཀྱིས་རྒྱལ་བ་འབྲི་གུང་པའི་
བསྟན་པ་གསལ་བར་མཛད་ཅིང་། དགུང་ལོ་ཞེ་བརྒྱད་བཞེས་པའི་ཤིང་རྟ་( ༡༢༣༤)སྨིན་དྲུག་ཟླ་བའི་ཚེས་ཉེར་གཉིས་ཀྱི་སྔ་དྲོར་གཤེགས།
ཁོང་གི་ཞལ་སློབ་སྒ་སེ་ལེབ་གཅོད་པ་བསྟན་འཛིན་དབང་རྒྱལ་ལ་མདོ་སྨད་དུ་བསྟན་པ་རིན་པོ་ཆེ་སྤེལ་དགོས་པའི་བཀའ་ལུང་བསྩལ། བཀའ་ལུང་
གནང་བའི་དུས་ནི་དབོན་སྟོན་བསོད་ནམས་གྲགས་པ་ཉིད་ཀྱིས་འབྲི་གུང་གི་གདན་ས་སྐྱོང་བའི་སྐབས་ཏེ་རབ་བྱུང་བཞི་པའི་བཅུ་སྐོར་གཉིས་པའམ་
གསུམ་པའི་སྐོར་དུ་མངོན། སྒ་སེ་ལེབ་གཅོད་པ་ཉིད་བླ་མའི་བཀའ་ལུང་ལྟར་མདོ་སྨད་ཀྱི་ཕྱོགས་སུ་ཞབས་རྐྱང་དུ་ཕེབས། ལམ་བར་གཡུ་མདའ་བཀྲ་
ཤིས་རྣམ་རྒྱལ་ཞེས་པའི་མི་ཚང་ཞིག་དང་འཕྲད། མི་ཚང་དེས་ཉིད་ཀྱི་མཛད་པ་ལ་མི་ཕྱེད་པའི་དད་པ་སྐྱེས་པས་སྐུ་ཆས་སོགས་འགེལ་ས་གླང་ངུ་ཞིག་
ཕུལ་བ་དེད་ནས་རིམ་བཞིན་ཕེབས། ཡང་ལམ་ནས་རྒན་མོ་སྐྲ་དཀར་པོ་ཅན་ཞིག་དང་འཕྲད་པ་དེ་ལ་ཁོང་གིས། ཁྱོད་ཀྱི་མིང་ལ་སུ་ཟེར་གསུངས་པས།
རྒན་མོས། ངའི་མིང་ལ་ཆོས་སྒྲོན་ཟེར་ཞུས། ཡང་ཁོང་གིས། གོང་གི་བྲག་འདི་ལ་ཅི་ཟེར། མ་གིའི་ཐང་འདི་ལ་ཅི་ཟེར་གསུངས་པས། གོང་གི་བྲག་འདི་ལ་
ཡི་གེ་ཨ་རང་བྱོན་དུ་ཡོད་པས་ཨ་བྲག་དང་མ་གིའི་ཐང་འདི་ལ་བཀྲ་ཤིས་ཆོས་གླིང་ཟེར་ཞུས། འོ་ན་ལུང་པ་འདི་ལ་ཅི་ཟེར་གསུངས་པས། ལུང་པ་འདི་
ལ་གཡུ་ཁོག་དང་ཆུ་འདི་ལ་གཡུ་ཆུ་ཟེར། འདི་རྒན་མོ་རང་གི་སྐྱབས་རྟེན་ཡིན་ཞུས་ནས་གཡུ་ཞིག་ཕུལ་བ་ན། བླ་མས་རྟེན་འབྲེལ་ཤིན་ཏུ་ལེགས་
དགོངས་ནས་དེ་ནུབ་གནས་དེར་བཞུགས། ཡུལ་དེའི་གཞི་བདག་ནག་ཕྱོགས་པ་བཀའ་ཚེམ་སྐུ་ལྷ་སྟག་རྩེས་ཕྲག་དོག་གིས་གླང་དེ་བསད་པ་ན། བླ་མ་
ཐུགས་ཁྲོ་བའི་ཚུལ་མཛད་ནས་གླང་གི་ཀོ་བ་དེ་བཤུས། སློ་དང་ཁྲག་སོགས་རི་མགོ་ནས་མར་གཏོར་ཏེ་དམ་བཏགས། དེ་དང་མཉམ་དུ་ཁྲོ་ཆུ་བར་རམ་
སྟག་རྩེ་དང་གུ་ཚའི་མེ་རྫོགས་སྟག་རྩེ་གཉིས་ཀྱང་གླང་གི་རྒྱུ་མས་བསྡམས་ནས་དམ་ལ་བཏགས་ཏེ་གཞི་བདག་གསུམ་པོ་སྲུང་མར་བཀའ་བསྒོས། དེ་
ལས་བཀའ་ཚེམ་སྐུ་ལྷ་སྟག་རྩེ་རྒྱབ་རི་མཛད་ནས་མིང་ལ་ཐོད་ཚར་བཏགས་ཏེ་རྒྱལ་བ་འབྲི་གུང་བཀའ་བརྒྱུད་པའི་རིང་ལུགས་དྲི་མ་མེད་པ་འཛིན་
པའི་དགོན་སྡེ་ཨ་བྲག་ཐེག་ཆེན་བཤད་སྒྲུབ་གླིང་འདི་བཏབ། ཕྱག་འདེབས་པའི་དུས་ནི་རབ་བྱུང་བཞི་པའི་སྨད་དུ་ཡིན་པ་བླ་མ་ཆེན་པོ་དབོན་བསོད་
ནམས་གྲགས་པའི་འདས་ལོ་དང་བསྟུན་པས་གསལ།
ཡུལ་ཤུལ་དང་། ཧ་ཤུལ། ཨ་གཡང་། རབ་ཤིས་སོགས་སུ་བཀའ་ཆོས་གནང་བས་སྦྱིན་བདག་མང་པོ་བྱུང་། སྐབས་ཤིག་ཡུལ་ཤུལ་ལ་ཕེབས་སྐབས།
ཡུལ་དེའི་གཞི་བདག་གུ་རམ་སྟག་རྩེས་ཐོག་དང་སེར་བ་དྲག་པོ་ཕབ་པ་བཏུལ་ནས་དཀར་ཕྱོགས་སུ་བསྒྱུར། ཡུལ་ཤུལ་མཁན་པོ་སྣ་ཆེ་གཙོས་ཡུལ་ཤུལ་
བུ་དངོས་བདུན་གྱི་དབུ་བླ་མཛད་པས་མཆོད་སྡེ་མི་ཚང་བརྒྱ་ལྷག་ས་ཆ་བཅས་ཕུལ། སྤྱིར་ཨ་བྲག་བླ་ལྔ་གྲྭ་ལྔ་ཞེས་སྔོན་དུས་སུ་གྲགས་ཀྱང་ཕྱིས་སུ་
རིགས་གསུམ་མགོན་པོའི་སྤྲུལ་པ་ཨ་བྲག་བླ་མ་རྣམ་གསུམ་ལས་གཞན་གཉིས་ཀྱི་ལོ་རྒྱུས་སམ་མཛད་ཕྲིན་སོགས་མི་གསལ།
དེ་ཡང་དཔལ་ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་སྒ་སེ་ལེབ་གཅོད་པ་བསྟན་འཛིན་དབང་རྒྱལ་སྐུ་ཕྲེང་གཉིས་པ་ནས་བཅུ་བཞིའི་བར་དུ་མི་གསལ། སྐུ་ཕྲེང་
བཅོ་ལྔ་པ་དཀོན་མཆོག་ཕྲིན་ལས་ཀུན་ཁྱབ། སྐུ་ཕྲེང་བཅུ་དྲུག་པ་དཀོན་མཆོག་ཆོས་འབྱུང་། སྐུ་ཕྲེང་བཅུ་བདུན་པ་དཀོན་མཆོག་ཕྲིན་ལས་ཆོས་
དབྱིངས་ལྷུན་གྲུབ། སྐུ་ཕྲེང་བཅོ་བརྒྱད་པ་དཀོན་མཆོག་བསྟན་འཛིན་དབང་རྒྱལ་ཕྱི་ལོ་༡༩༥༩ལོར་གཤེགས།
འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཨ་བྲག་བླ་མ་དཀོན་རྒྱམ་སྐུ་ཕྲེང་དང་པོ་དཀོན་མཆོག་ཐུགས་རྗེ་ཀུན་ཁྱབ། སྐུ་ཕྲེང་གཉིས་པ་དཀོན་
མཆོག་རྒྱལ་མཚན་ཐུབ་བསྟན་དབང་པོ། སྐུ་ཕྲེང་གསུམ་པ་དཀོན་མཆོག་ཕྲིན་ལས་དབང་པོ། སྐུ་ཕྲེང་བཞི་པ་དཀོན་མཆོག་ཕྲིན་ལས་ལྷུན་གྲུབ། སྐུ་ཕྲེང་
ལྔ་པ་དཀོན་མཆོག་ཆོས་ཀྱི་བློ་གྲོས། སྐུ་ཕྲེང་དྲུག་པ་དཀོན་མཆོག་མཁས་གྲུབ་དབང་པོ། སྐུ་ཕྲེང་བདུན་པ་དཀོན་མཆོག་རྒྱལ་མཚན་ནོ། །
རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ་སྒ་གཡུ་སྡོང་གཅོད་པ་སྐུ་ཕྲེང་གཉིས་ནས་བཞིའི་བར་མི་གསལ། སྐུ་ཕྲེང་ལྔ་པ་དཀོན་མཆོག་ཆོས་ཀྱི་
དབང་ཕྱུག སྐུ་ཕྲེང་དྲུག་པ་དཀོན་མཆོག་ཕྲིན་ལས་རབ་རྒྱས། སྐུ་ཕྲེང་བདུན་པ་མི་ཕམ་དོན་ལྡན་ཤེས་རབ་རྒྱ་མཚོ། སྐུ་ཕྲེང་བརྒྱད་པ་དཀོན་མཆོག་
བསྟན་འཛིན་མཁས་གྲུབ་རྒྱ་མཚོ།
སྐུ་ཕྲེང་དགུ་པ་དཀོན་མཆོག་ཕྲིན་ལས་ཡོན་ཏན་རབ་རྒྱས་ནི། ཡབ་ཚེ་རྣམ་དང་ཡུམ་ཆོས་མཚོའི་སྲས་སུ་སྐུ་བལྟམས། འབྲི་གུང་སྐྱབས་མགོན་རིན་
པོ་ཆེས་ངོས་འཛིན་གནང་སྟེ་དགུང་ལོ་ལྔ་བཞེས་སྐབས་ཁྲིར་མངའ་གསོལ། དགུང་ལོ་བཅུ་གསུམ་ནས་ཉི་ཤུའི་བར་དུ་གཉན་རྒྱས་སྒྲུབ་ཕུག་ལ་སྐུ་
མཚམས་བཞུགས། དེའི་སྐབས་ནུབ་གཅིག་གི་གཟིམ་ལམ་དུ། རྒྱ་ནག་རི་བོ་རྩེ་ལྔ་ནས་རྨ་བྱ་གཉིས་འཕུར་ཡོང་ནས་ཁོང་ལ་བཀའ་ཤོག་ཅིག་ཕུལ་བ་
རྨིས་པས་ནམ་ལངས་སྐབས་ཡོན་ཏན་ཐམས་ཅད་མ་བསླབས་པ་ཐུགས་ལ་འཁྲུངས་པ་དང་བྱ་དེ་གཉིས་ནི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ་
དུ་གྲགས། དེ་ནས་དགུང་ལོ་སུམ་ཅུའི་བར་རྒྱ་གར་དང་དབུས་ཕྱོགས་ཀྱི་གནས་ཡོངས་རྫོགས་བསྐོར་ཏེ་རང་དགོན་ལ་ཕེབས། ཆོས་ཁྲི་ཁ་ལ་སྒྲུབ་ཁང་
བཞེངས་ནས་ལོ་དགུའི་བར་དུ་ནཱ་རོ་ཆོས་དྲུག་གི་སྒྲུབ་པར་བཞུགས། སྐུ་ཚེའི་སྨད་ལ་རྒྱུ་རྐྱེན་དུ་མར་བརྟེན་ནས་དགོན་གནས་དེ་གཡུ་ལག་གསེར་སྐོང་
བྲག་རྒྱབ་ཏུ་སྤོས་ཏེ་གསར་བཞེངས་མཛད།
༡༩༥༨ལོའི་དུས་ཟིང་གིས་བསྟན་པ་ཉམ་ཉེས་སུ་གྱུར་པའི་སྔོན་དུ་གྲྭ་པ་༢༢( ཡིག་ཚགས་ལྟར) འདུ་ཁང་ཀ་བ་༢༤ ལྷ་ཁང་ཆེ་ཆུང་གསུམ་ལ་ཀ་བ་
༡༨ ཇ་ཁང་ཀ་བ་༦ གྲྭ་ཤག་༢༠སྟེ་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༡༣༦༠ ནང་རྟེན་དུ་སྐྱོབ་པ་འཇིག་རྟེན་མགོན་པོའི་སྐུ་ཞལ་གྲགས་མ་མདའ་
ཚད་ཅན་དང་། ཟངས་གསེར་ལས་གྲུབ་པའི་རྒྱལ་བ་བྱམས་པའི་སྐུ་ཐོག་རྩེག་གསུམ་ཅན་སོགས་སྐུ་དང་ཐུགས་ཀྱི་རྟེན་༡༨༠༠ལྷག གསུང་གི་རྟེན་ལ་
ཤོག་ནག་གསེར་བྲིས་ཀྱི་བཀའ་འགྱུར་དང་འབུམ་སོགས་པོད་༡༠༠༠ལྷག ཞལ་ཐང་༥༠༠ལྷག རྒྱ་གླིང་དང་རོལ་མོ་སོགས་མཆོད་ཆས་སྣ་གྲངས་
༤༠༠༠ལྷག དགོན་གཞུང་གི་སྤྱི་རྩ་ལ་ས་ཞིང་ཁལ་༤༠༠ལྷག ནོར་༡༠༠༠ལྷག རྟ་དྲེལ་༦༠ལྷག ར་ལུག་༧༠༠ལྷག ཚེ་སྒྲུབ་སོགས་ལོ་རེར་རྒྱུན་ཚོགས་
ཉིན་༡༣༦བཅས་ཡོད།