༄༅། །ཁྲ་འགུ་བཀྲ་ཤིས་བཤད་སྒྲུབ་ཆོས་འཁོར་གླིང་།
ཁྲ་འགུ་བཀྲ་ཤིས་བཤད་སྒྲུབ་ཆོས་འཁོར་གླིང་ནི།
མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་རྫོང་སྐྱེ་རྒུ་གྲོང་རྡལ་ཁོངས་གཏོགས་རྫོང་ནས་ལྷོ་ངོས་སུ་ཇ་ཡུན་ཙམ་
བགྲོད་པའི་སར་མཆིས།
ཐོག་མར་གནས་འདི་ཉིད་དུ་བོད་མིའུ་གདོང་དྲུག་གི་ཡ་གྱལ་འབྲུ་སྟག་རྒོད་རིགས་ལས་མཆེད་པའི་སྐྱུ་རའི་གདུང་རྒྱུད་བར་
མེད་དུ་བཞུགས་ཤིང་།
ཕྱིས་སུ་སྐྱུ་རའི་རྒྱལ་བ་ཡེ་ཤེས་ཞེས་པར་མཁས་དང་གྲུབ་པའི་ཕ་རོལ་དུ་སོན་པ་ཉིད་དུས་རབས་བཅུ་པའི་ཡས་མས་ལ་སྐྱུ་རའི་
ཆོས་སྲིད་ཀྱི་མངའ་བདག་ཏུ་བཞུགས་སྐབས་སྐྱུ་རའི་རྟེན་གཙོ་རྣམ་གསུམ་དུ་གྲགས་པར།
རྒྱ་བཟའ་ཀོང་ཇོས་འཕྲུལ་བཞེངས་སུ་གྲགས་པའི་འབིས་གྱི་
རྣམ་པར་སྣང་མཛད།
སྐྱུ་རའི་རང་གི་སྟོབས་འབྱོར་གྱིས་བཞེངས་པའི་སྐྱུ་རའི་མཆོད་རྟེན་དམར་ཆུང་།
སྐྱུ་རའི་སྟོབས་པོ་ཆེ་གནམ་སྦྱིན་དཀར་པོའི་
རྟེན་སྐལ་ལྷ་རྣམས་ཀྱིས་གནང་བར་གྲགས་པའི་སྐྱུ་རའི་མཆོད་རྟེན་དཀར་ཆུང་ཞེས་ངོ་མཚར་བ་རྡོ་ལ་རང་བྱོན་ཅན་གཅིག་བཅས་བཞུགས།
དེ་ནས་
བོད་སིལ་བུར་ཐོར་བའི་དུས་སྐབས་ཁེལ་བའམ་ས་འབྲི་སོགས་འཁྲུག་རྩོད་བར་མ་ཆད་པའི་རྐྱེན་ཡིན་ནམ།
གང་ལྟར་སྐྱུ་རའི་རྒྱུད་པ་སྟོབས་ཞན་རྩ་
ཐོར་སོང་པའི་རྐྱེན་གྱིས་སྐྱུ་རའི་མཆོད་རྟེན་དམར་ཆུང་ཞིག་རལ་དུ་སོང་བས་ས་འབུར་ལྟ་བུར་གྱུར།
འབིས་ཀྱི་རྣམ་པར་སྣང་མཛད་ཉེར་སྲས་བརྒྱད་
དང་བཅས་པ་ས་འོག་ཏུ་ཤོར་ནས་རྣམ་སྣང་ཞལ་ངོ་ཙམ་མ་གཏོགས་མཇལ་རྒྱུ་མེད་པའི་སྐབས་དེར་སྐྱུ་རའི་གདུང་རྒྱུད་ཨ་ནུ་རྒྱལ་གྱིས་གདན་ས་
འབྲི་གུང་ཕྱོགས་སུ་སྤོར་བར་མཛད།
དེ་ནས་གདན་ས་འདི་ཉིད་བར་སྐབས་སུ་སྟོང་པར་གྱུར་ཏོ།
།ཕྱིས་དུས་རབས་བཅུ་བཞིའི་སྨད་ལ་ཆོས་རྗེ་ཀརྨ་པ་
བདུན་པ་ཆོས་གྲགས་རྒྱ་མཚོ་འདིར་ཕེབས་ནས་སླར་ཉམས་གསོ་མཛད་དེ་སྐྱུ་རའི་རྒྱལ་བ་ཡེ་ཤེས་ཀྱི་རྣམ་འཕྲུལ་ཁྲ་འགུ་བླ་མ་ཤེས་རབ་བསྟན་པའི་
རྒྱལ་མཚན་དགོན་འདི་ཡི་དགོན་བདག་ཏུ་བསྐོས་ཤིང་ཙུང་ངུ་ཞེས་སྐྱུ་རའི་གདུང་འཛིན་བཞུགས་པའི་གནས།
དུང་དཀར་པོ་གཡས་སུ་འཁྱིལ་འདྲའི་
སྟེང་དུ་དགོན་འདི་ཉིད་གཞི་ཆགས་པར་དགོངས་ཏེ་ཐོག་མར་འདུ་ཁང་བཞེངས་མགོ་ཚུགས་པའི་སྐབས་སུ་རྨང་གཏིང་ལ་བྲག་རི་ཁྲ་ཅན་ཞིག་ཡོད་
པས་དེའི་མིང་དགོན་པར་ཆགས་ནས་ཁྲ་འགུ་དགོན་ཞེས་གྲགས།
དེར་བཞེངས་པའི་འདུ་ཁང་ཀ་བ་བཞི་ཅན་ཞིག་དང་དགེ་འདུན་བཅུ་ཕྲག་ལྷག་
ཙམ་འདུས། ཡང་མི་རིང་བར་གཙུག་ལག་ཁང་ཀ་བ་བཅུ་དྲུག་ཅན་ཞིག་བཞེངས།
ཕྱིས་ཁྲ་ལེགས་སྐྱབས་མགོན་སྐུ་ཕྲེང་བཞི་པའི་སྐབས་སུ་དགོན་འདི་
ཡར་རྒྱས་ཅུང་སོང་ཚེ་དེར་ལྷ་ཁང་ཀ་བ་༤༢ཅན་ཞིག་བཞེངས།
དེའི་དུས་རྒྱ་ནག་རྒྱལ་པོས་གནང་བར་གྲགས་པའི་ཞལ་ཐང་ཞིག་ཡོད།
རྟེན་སྐྱུ་རའི་
རྟེན་གཙོ་རྣམ་གསུམ།
རྫོགས་པའི་སངས་རྒྱས་ཀྱི་རིང་བསྲེལ་བཞུགས་པའི་དུས་གསུམ་སངས་རྒྱས་ལ་འཁོར་གནས་བརྟན་བཅུ་དྲུག་དང་ཕྱག་ཆེན་
བརྒྱུད་པའི་ལྷ་ཚོགས་དང་བཀའ་བསྟན་བཅས་བཞུགས།
ཙུང་ངུ་གྲོང་དང་དགོན་སྡེ་བཅས་ནས་རྣམ་སྣང་གངས་ཅན་མཚོ་རྒྱལ་ཞལ་ངོ་མཇལ་བ་དེར་ཆར་ཁེབས་ཤིག་བཞེངས།
རབ་བྱུང་བཅུ་བཞི་པའི་སྨད་ཙམ་ལ་ཁྲ་འགུ་བན་རྒན་ཀརྨ་ས་བཅུ་ཞེས་པ་དེ་ཉིད་ཀྱིས་རྣམ་སྣང་གངས་ཅན་མཚོ་རྒྱལ་ཉེ་སྲས་བརྒྱད་དང་བཅས་
པ་སྔར་ས་འོག་ཏུ་ཤོར་བ་ས་རྡོ་རྣམས་བསལ་ཏེ་དགོན་སྡེ་ཡོངས་ནས་སྐབས་འདིར་ལྷ་ཁང་ཞིག་བཞེངས་མོད།
འོན་ཀྱང་ཆུ་སྐྱོན་ཆེ་བའི་སྟབས་ཀྱིས་
ལོ་རེ་གཉིས་མཚམས་ནས་ཉམས་གསོ་བྱེད་དགོས་ཡོད།
ཁྲ་འགུ་དགོན་པ་འདིར་བླ་ཁག་བཞི་སྟེ།
ཁྲ་ལེགས་སྐྱབས་མགོན་སྐུ་ཕྲེང་དང་པོ་ཉི་མ་བཀྲ་ཤིས།
གཉིས་པ་ཉི་མ་འགྱུར་མེད། གསུམ་པ་ཉི་མ་གསལ་
བྱེད། བཞི་པ་ཆོས་རྒྱལ་ཉི་མ། ལྔ་པ་ཕྲིན་ལས་ཉི་མ།
དྲུག་པ་ཡེ་ཤེས་ཉི་མ་ནི་ར་རྡ་དཔོན་གྱི་སྤུན་མཆེད་ཡིན་པས་ར་རྡ་དཔོན་ཚང་ལ་འཁྲུངས་པ་འདྲ།
བདུན་པ་ཀུན་ཁྱབ་ཉི་མ་ནི་རྩལ་སྨད་བེ་ཁྲ་ཆེ་ཚང་ལ་འཁྲུངས།
དུས་ཕྱིས་རབ་བྱུང་བཅུ་དྲུག་པའི་ལྕགས་ལུག་(
༡༩༣༡)ལོར་ཁྲ་ལེགས་སྐྱབས་མགོན་སྐུ་ཕྲེང་བརྒྱད་པ་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མ་སྡེ་དགེ་དྲན་
ཁོའི་ཕྱོགས་སུ་སྐུ་བལྟམས།
ཁོང་གིས་ཕྱིའི་ལྷ་ཁང་དང་ནང་གི་སྣང་མཛད་ཉེར་སྲས་བརྒྱད་དང་བཅས་པར་ཉམས་གསོ་མཛད་དེ་སྐུ་ལུས་ཀྱི་འདག་
ཞལ་རྙིང་པ་མཐའ་དག་གསར་དུ་བརྗེ་སྐབས་སྔོན་རྔོན་པས་སྟ་རེ་བསྣུན་ཏེ་སྣང་མཛད་ཀྱི་ཤངས་བཀོག་ཚར་བར་ས་འདག་གིས་ཤངས་ཀྱི་ཚུགས་
བཟོས་པ་སོགས་ཉམས་གསོ་ལེགས་པར་མཛད།
སྐུ་ཕྲེང་དགུ་པ་ཀརྨ་བསྟན་པ་རབ་རྒྱས་ཕྲིན་ལས་ཉི་མ་ནི།
ཡབ་འཇིགས་མེད་ཕུན་ཚོགས་དང་ཡུམ་པད་དཀར་གྱི་སྲས་སུ་བལྟམས། ད་ལྟ་
ཨོསིཐྲིརེལིཡ( Australia)ལ་བཞུགས་པ་འདིའོ། །
ཁྲ་འགུ་སྤྲུལ་སྐུ་སྐུ་ཕྲེང་དང་པོ་ཁྲ་མགོ་བླ་མ་ཤེས་རབ་བསྟན་པའི་རྒྱལ་མཚན་ནི།
ཀརྨ་པ་ཆོས་གྲགས་རྒྱ་མཚོ་གནས་འདིར་ཕེབས་ཏེ་འདི་པ་བསྟན་
བདག་ཏུ་བསྐོས་ཤིང་མཛད་ཕྲིན་རྒྱ་ཆེའོ། །
སྐུ་ཕྲེང་གཉིས་པ་སོགས་ཀྱི་མཚན་དང་མཛད་ཕྲིན་རེ་ཞིག་མི་གསལ།
སྐུ་ཕྲེང་བཅུ་གཅིག་པ་ཀརྨ་བསྟན་འཛིན་ཕྲིན་ལས་རབ་རྒྱས་ནི།
རོང་པོ་ཅོ་རྒྱུད་ཚང་དུ་འཁྲུངས། འདི་པ་བསྐྱེད་རྫོགས་ལ་བརྟན་པ་ཐོབ་ནས་ལྷ་
འདྲེ་བཏུལ་བའི་ལོ་རྒྱུས་མང་ངོ་། །
སྐུ་ཕྲེང་བཅུ་གཉིས་པ་ཀརྨ་བློ་གྲོས་ཆོས་དཔལ་བཟང་པོ་ཕྲིན་ལས་ཀུན་ཁྱབ་ནི།
ད་ལྟ་འཕགས་ཡུལ་དུ་བཤད་སྒྲུབ་གཉིས་ཀྱི་བསྟན་པ་རིན་པོ་ཆེ་
འཛིན་སྐྱོང་སྤེལ་གསུམ་མཛད་བཞིན་པ་འདིའོ། །
ཟུར་རུ་སྤྲུལ་སྐུ་སྐུ་ཕྲེང་དང་པོ་མཚུར་ཕུའི་བླ་མ་ཡིན་པ་ད་ལྟའང་མཚུར་ཕུ་ལ་ཟུར་རུའི་གྲྭ་ཚང་ཡོད།
སྐུ་ཕྲེང་ལྔ་པ་ཀརྨ་མདོ་སྔགས་ཆོས་ཀྱི་སེངྒེ་ནི།
སྐྱེ་རྒུ་ལ་འཁྲུངས།
ཕུར་བསྙེན་དུང་ཕྱུར་བཅུ་གསུམ་ལྗགས་བསྙེན་མཛད་ནས་ཞི་བར་གཤེགས།
སྐུ་ཕྲེང་དྲུག་པ་ད་ལྟ་འབྲུག་ལ་བཞུགས་པ་འདིའོ།
།
བློ་གྲོས་ཉི་མ་སྐུ་ཕྲེང་ཐོག་མ་ནི།
ཟུར་མང་དྲུང་པ་ཀུན་དགའ་རྣམ་རྒྱལ་གྱི་ཞལ་སློབ་དང་ཆེ་ཚང་བསོད་ནམས་འགྱུར་མེད་ཀྱི་རིགས་བདག་ཏུ་གྱུར།
སྐུ་ཕྲེང་གཉིས་པ་དང་། གསུམ་པ།
བཞི་པ་རྣམས་ནི་ཀརྨ་བཀའ་བརྒྱུད་ཀྱི་ནང་ཚན་ཟུར་མང་བཀའ་བརྒྱུད་ནས་བརྒྱུད་པའི་ཟུར་ལུགས་གཅོད་ཀྱི་
ཚོགས་ལས་ཡོན་ཏན་ཀུན་འབྱུང་དང་།
ཀར་གླིང་ཞི་ཁྲོའི་བླ་བརྒྱུད་ནང་དུ་གསལ་བས་སྐུ་ཕྲེང་བཞི་བར་ཟུར་མང་དུ་བཞུགས་པ་འདྲ།
དེ་རྗེས་ཁྲ་
ལེགས་ཡེ་ཤེས་ཉི་མས་དགོས་པ་དང་རྒྱུ་མཚན་མང་པོར་གཟིགས་ཏེ་བློ་གྲོས་ཉི་མ་སྐུ་ཕྲེང་ལྔ་པ་ཁྲ་འགུ་དགོན་དུ་གདན་དྲངས་ནས་དེ་ཕྱིན་སྐུ་ཕྲེང་
རིམ་བྱོན་ཁྲ་འགུ་དགོན་དུ་བཞུགས།
སྐུ་ཕྲེང་དྲུག་པ་མི་འགྱུར་བཞད་པ་རྩལ་ནི།
མཁས་གྲུབ་གཉིས་ལྡན་གྱི་བླ་མ་ཞིག་བཞུགས།
འདི་པས་སྒྲུབ་སྡེ་གོང་མ་ལ་པདྨ་སཾ་བྷའི་སྐུ་བརྙན་གསར་
དུ་བཞེངས་ནས་རབ་གནས་མཛད་དེ་སྙན་དར་འབུལ་སྐབས་སྙན་ཤལ་ཕྱག་གིས་འཕུར་བས་ཡར་སྣེ་དར་དང་མར་སྣེ་ཤེལ་དུ་གྱུར།
སྐུ་དེ་ལན་གཅིག་
མཇལ་ན་ལོ་གཅིག་གི་བར་ཆད་མཐའ་དག་བཟློག་ནུས་ཞེས་གྲགས་པ་དེ་དུས་ཕྱིས་ཀྱི་བར་དུ་མཇལ་རྒྱུ་ཡོད།
གཞན་ཡང་རྡོ་ཏིའི་གསོལ་ཀ་གསར་རྩོམ་
གནང་བ་ད་ལྟའི་བར་དུ་བླ་གྲྭ་རྣམས་ཀྱིས་རྟག་པར་ཞལ་འདོན་མཛད་པའོ། །
སྐུ་ཕྲེང་བརྒྱད་པ་མཆོག་ནི་ཀརྨ་པ་མཁའ་ཁྱབ་རྡོ་རྗེས་ངོས་འཛིན་མཛད།
ས་ཁྱི་ལོའི་སྔར་འདིར་མཆིས་པའི་འདུ་ཁང་ཀ་བ་༨༠ཅན།
བཤད་གྲྭའི་ལྷ་ཁང་ཀ་བ་༢༠ཅན་ཤར་ལ་ཟབ་ལམ་ནཱ་རོའི་ཆོས་དྲུག་གི་སྒྲུབ་གནས།
ལྷོ་
ལ་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་སྒྲུབ་གནས།
ནུབ་ལ་དཔལ་ལྡན་སྲས་མཆོག་ནག་པོའི་སྒྲུབ་གནས།
བྱང་ལ་འཁོར་ལོ་བདེ་མཆོག་གི་ཕོ་བྲང་
ངན་སོང་སྦྱོང་བའི་སྒྲུབ་གནས་ཏེ་སྒྲུབ་སྡེ་ཁག་༤
དགོན་གཞུང་གི་ཇ་ཁང་ལ་ཐབ་ཆས་ཆ་ཚང་དང་མཛོད་ཁང་བཅས་ཁང་ཁག་༡༤ལ་ཀ་བ་༤༨
དགོན་པའི་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༢༡༢༠༠
དེ་ལྟ་བུའི་འདུ་ཁང་དང་སྒྲུབ་ཁང་ལ་བདོག་པའི་རྟེན་གསུམ་སོགས་ཀྱི་སྐོར་ལ།
སངས་
རྒྱས་རབ་བདུན་གྱི་རིང་བསྲེལ་བཞུགས་པའི་སྨན་འདག་ལས་བཞེངས་པའི་ལྷ་ཆེན་དུས་གསུམ་སངས་རྒྱས་དང་།
མཆོག་ཟུང་གཉིས། གནས་བརྟན་
བཅུ་དྲུག གཞན་ཡང་ཐུབ་སྐུ་གཟི་འོད་འབར་བ། ཐུབ་པ་རྡོར་གདན་མ།
ཐུབ་སྐུ་བྱེའུ་དྲོད་མ། ཐུབ་སྐུ་ཆུ་ལོན་མ།
རྒྱ་ནག་རྒྱལ་པོའི་ཐུགས་དམ་གྱི་རྟེན་
དུ་གྲགས་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བྱམས་པའི་སྐུ་བརྙན་རྒྱལ་པོ་རང་གི་མིང་བྱང་དང་ལྡན་པ་ཁ་ཤས་དང་།
སྐྱོབ་པ་ང་འདྲ་མ། དུས་
མཁྱེན་ལི་སྐུ་ཞལ་གྲགས་ཤིན་ཏུ་བྱིན་ལྡན་དུ་གྲགས་པ།
རྡོ་རྗེ་འཆང་དང་ཏཻ་ལོ། ནཱ་རོ། ཕག་མོ།
ཀརྨ་པ་སྐུ་ཕྲེང་བརྒྱད་ཀྱི་བར་དུ་སྐུ་བརྙན་ལི་མ་ཤ་སྟག
བྱུ་རུའི་ཚེ་དཔག་མེད་ཀྱི་སྐུ།
དུར་ཁྲོད་བསིལ་བ་ཚལ་གྱི་རྡོ་ནག་ལས་གྲུབ་པའི་མགོན་པོ་རང་བྱོན་དང་།
གཞན་ཡང་རྒྱ་གར་གྱི་ལི་ལས་གྲུབ་པའི་སྟོན་
པའི་སྐུ་བརྙན། སྨན་འདག་ལས་བཞེངས་པའི་མར་མི་དྭགས་གསུམ་གྱི་འདྲ་སྐུ།
ཙནྡན་གོ་ཤིརྵ་ལས་བསྐྲུན་པའི་སྤྱན་རས་གཟིགས་ཞལ་བཅུ་གཅིག་པ།
རྣམ་སྣང་ལྷ་དགུ། མ་མགོན་མགར་གསུམ་གྱི་འཁོར་ལྔ་ཡོངས་རྫོགས་དང་།
ལི་ལས་བསྐྲུན་པའི་དམག་ཟོར་རྒྱལ་མོའི་སྐུ་བརྙན། ལི་ལས་གྲུབ་པའི་ཕག་
མོའི་སྐུ། པདྨ་སམ་བྷ་ཝའི་སྐུ་བརྙན་དང་།
ཟངས་གསེར་ལས་བཞེངས་པའི་སངས་རྒྱས་སྟོང་སྐུ། སྒྲོལ་མ་ཉེར་གཅིག
བཀའ་བརྒྱུད་གསེར་ཕྲེང་། གནམ་
ལྕགས་ཕུར་པ། གནམ་ལྕགས་རྡོ་རྗེ།
བཀའ་གདམས་མཆོད་རྟེན་བཅུ་ཕྲག་བཅས་སྐུ་རྟེན་དང་ཐུགས་རྟེན་ཀྱི་རིགས་ལ་༣༥༨༠ལྷག
སྐྱུ་རའི་དུས་སུ་
བཞེངས་པའི་བཀའ་བསྟན་འགྱུར་གསེར་བྲིས་དངུལ་བྲིས་ཅན་པོ་ཏི་ཁ་ཤས་དང་མི་ལའི་མགུར་འབུམ་གཙོས་པོད་༥༨༠༠
གཞན་བཀའ་བརྒྱུད་
མགུར་མཚོ་དང་ཆོས་སྤྱོད་རབ་གསལ་སྤྱོད་འཇུག་འགྲེལ་ཆེན་སོགས་ཀྱི་ཤིང་པར་བཞུགས།
ཞལ་ཐང་༡༢༠༠ལྷག རོལ་སིལ་དུང་དཀར་དམར་རྒྱ་གླིང་
བཅས་མཆོད་ཆའི་རིགས་ཉེར་མཁོ་༤༠༠༠ལྷག སྒེར་སོ་སོའི་གྲྭ་ཤག་༣༠༠ལྷག
གྲྭ་པ་༣༥༨ བླ་ཁག་བཞི་སྟེ་ཁྲ་ལེགས་སྐྱབས་མགོན་དང་། ཁྲ་འགུ་སྤྲུལ་
སྐུ། ཟུར་རུ་སྤྲུལ་སྐུ། བློ་གྲོས་ཉི་མ།
སྐབས་འདིར་ལོ་གཅིག་གི་རིང་ལ་ཚོགས་པ་གཏན་ཆགས་ཚེ་སྒྲུབ་གཙོས་ཉིན་གྲངས་༢༡༩ཡོད།
ཞིང་ཁལ་༢༠༠༠ལྷག
རྟ་དྲེལ་༣༨༠ལྷག ནོར་༡༠༠༠ལྷག
དེས་ན་རྟེན་དང་བརྟེན་པར་བཅས་ས་ཁྱི་ལོའི་ཟིང་འཁྲུག་སྐབས་སུ་ཤུལ་དུ་ཅུང་ཟད་ལྷག་པ་མ་གཏོགས་ཕལ་ཆེར་
ཉམས་འགྲིབ་ཏུ་གྱུར་རུང་།
ཕྱི་ལོ་༡༩༦༢ལོའི་སྟོད་ཟླའི་གཟའ་སྐར་བཟང་བའི་ཚེས་ལ་གོང་ནས་ཆོག་མཆན་བཀོད་དེ་ཐེངས་གཅིག་ཆོས་སྒོ་ཕྱེས།
དེའི་
སྐབས་སྔོན་གྱི་ཤུལ་དུ་ལུས་པའི་རྟེན་གསུམ་སོགས་ཀྱི་སྐོར་ལ།
འདུ་ཁང་ཆེ་ཆུང་ལྔ་ལ་ཀ་བ་༡༤༤ དགོན་གཞུང་གི་སྤྱི་ཁང་བཅུ་གཉིས་ལ་ཀ་བ་༤༦
གོང་རིམ་ནས་གྲྭ་པ་གཏན་འཁེལ་༡༡ གྲྭ་ཤག་༡༤
ཚེ་སྒྲུབ་གཙོས་ཚོགས་པ་འགའ་ཞིག་ཚོགས་རྒྱུ་ཡོད།
དགོན་པའི་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་
མ་༡༠༨༠༠
དུས་གསུམ་སངས་རྒྱས་དང་གནས་བརྟན་བཅུ་དྲུག་སོགས་ཟངས་གསེར་ལས་བསྐྲུན་པའི་སྐུ་བརྙན་༡༦༠ལྷག
བཀའ་བསྟན་གཙོས་གསུང་
པོད་བདུན་བརྒྱ་ལྷག ཞལ་ཐང་རིགས་༥༠ལྷག རོལ་སིལ་གཙོས་མཆོད་ཆའི་རིགས་༡༥༠ལྷག
ཞིང་ཁལ་༡༥ རྟ་༢ ནོར་བཅུ་༡༦བཅས་ཡོད། དེ་ནས་མི་
རིང་བར་རིག་གསར་གྱི་མེ་ལྕེ་དྲག་ཏུ་མཆེད་དེ་རྟེན་དང་བརྟེན་པ་བཅས་པར་ལྷག་མ་ཅུང་ཙམ་མ་གཏོགས་བསྲེགས་ཏེ་ཕྲིན་ལས་འཇུག་བསྡུས་མོད།
སྐབས་བཅུ་གཅིག་པ་ཐེངས་གསུམ་པའི་གྲོས་ཚོགས་སྐབས་ཆོས་ལུགས་དད་མོས་སྲིད་ཇུས་གཏན་ལ་ཕབ་པས་རབ་རྒྱན་ཤིང་བྱི་ལོའི་(
༡༩༨༤)རྒྱལ་
ཟླའི་ཚེས་བཅུ་ལ་གོང་རིམ་ནས་ཆོག་མཆན་གནང་སྟེ་ཆོས་ལ་ཡིད་ཕྱོགས་པའི་སྡེ་མི་སེར་སྤྱི་དང་།
ཁྱད་པར་དུ་ཀརྨ་མཐུ་སྟོབས་དང་ཀར་རིན་ཆེན་
རྣམ་གཉིས་ཀྱིས་དབུ་ཁྲིད་མཛད་དེ་རྟེན་དང་བརྟེན་པ་བཅས་པར་གསར་དུ་བཞེངས་པའི་སྐོར་ལ།
འདུ་ཁང་༢ འདུ་ཁང་ཆེ་བ་ཀ་༨༤ ཆུང་བ་ཀ་བ་
༢༠ མགོན་ཁང་སོགས་མཆོད་ཁང་བཞི་ལ་ཀ་བ་༨
དགོན་གཞུང་གི་སྤྱི་ཁང་བདུན་ལ་ཀ་བ་༡༢ གྲྭ་ཤག་༨༤ གྲྭ་པ་གོང་ནས་གཏན་ཁེལ་༣༠
དགོན་
པའི་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༦༧༣༠
ལོ་གཅིག་གི་རིང་ལ་ཚོགས་པ་གཏན་ཆགས་ཚེ་སྒྲུབ་དང་རྡོར་སེམས་སྒྲུབ་པ་གཙོས་ཉིན་གྲངས་
༡༡༩ རྟེན་སྐྱུ་རའི་རྟེན་གཙོ་རྣམ་གསུམ་དུ་གྲགས་པ།
འབིས་ཀྱི་རྣམ་པར་སྣང་མཛད། སྐྱུ་རའི་མཆོད་རྟེན་དཀར་ཆུང་།
དམར་ཆུང་བཅས་དང་། གཞན་
ཡང་ཐུབ་པ་གཟི་འོད་འབར་བ། ལི་ལས་གྲུབ་པའི་རྡོ་རྗེ་ཕག་མོའི་སྐུ།
དམག་ཟོར་རྒྱལ་མོ་སྐུ། ཁྲ་སྤྲུལ་གྱིས་རྒྱ་གར་ནས་གདན་དྲངས་པའི་སངས་རྒྱས་
སྟོང་སྐུ། མིའི་ཚད་ཙམ་གྱི་སངས་རྒྱས་རབས་བདུན།
བལ་ལི་ལས་གྲུབ་པའི་མི་ཚད་ཙམ་གྱི་སྟོན་པའི་སྐུ་བརྙན།
ཡང་བལ་ལི་ལས་གྲུབ་པའི་ཁྲུ་གང་ཙམ་
གྱི་སྟོན་པའི་སྐུ། ལི་རྙིང་ལས་གྲུབ་པའི་སྟོན་པའི་སྐུ།
སྨན་འདག་ལས་བསྐྲུན་པའི་དུས་གསུམ་སངས་རྒྱས་དང་པད་འབྱུང་གི་སྐུ་བརྙན།
མར་མི་དྭགས་
གསུམ་གྱི་སྐུ་བརྙན། ཀརྨ་པ་རིག་པའི་རྡོ་རྗེའི་སྐུ་བརྙན།
གནམ་ལྕགས་རྡོ་རྗེ་གནམ་ལྕགས་ཕུར་པ་གཙོས་སྐུ་རྟེན་དང་ཐུགས་རྟེན་༡༣༠༠ལྷག
གསུང་
རྟེན་བཀའ་བསྟན་གཙོས་པོ་ཏི་༡༥༠༠ལྷག ཞལ་ཐང་༡༤༠ལྷག
རོལ་སིལ་གཙོས་མཆོད་ཆའི་རིགས་༢༨༠༠ལྷག ནོར་༦༠ལྷག རླངས་འཁོར་༡བཅས་
ཡོད་པ་ལགས་སོ། །