|
༄༅། །འཛོམ་ཉག་བསམ་འགྲུབ་སྡེ་ཆེན་གླིང་།
བསམ་འགྲུབ་བདེ་ཆེན་གླིང་ངམ་ལྷུན་གྲུབ་བདེ་ཆེན་གླིང་ཡང་ཞུ།
མདོ་དབུས་ཁམས་གསུམ་གྱི་ཁམས་ཁུལ། ཁམས་ལ་སྟོད་སྨད་བར་གསུམ་དུ་
ཕྱེས་པའི་ཁམས་སྟོད་དམ་ལྡན་སྟོད་སྒའི་ལྷ་སྒྲ།
ཆུ་ཀླུང་གསེར་ལྡན་འབབ་པའི་གཡས་ཟུར་དུ་བཞུགས།
དེ་ཡང་ལྷ་ཁང་གཡུང་དྲུང་མདོ་ལ་ཐོག་
མར་རིག་འཛིན་འོད་གསལ་དགོན་ཞེས་པའི་བོན་དགོན་ཞིག་བཞུགས་པ་རིམ་བཞིན་གྲུབ་མཐའ་འགྱུར་བ་ལ་གཞིར་བཅས་ཀྱང་།
དགོན་པའི་
དཀར་ཆག་ཆེན་མོ་དུས་ཟིང་གི་སྐབས་སུ་བརླགས་པས་ནམ་བཏབ་ཀྱི་ལོ་དང་འདེབས་མཁན་གྱི་མཚན་ཙམ་ཡང་ད་ལྟ་ཞུ་མི་སྤོབས།
འོན་ཀྱང་
རྫོང་རོང་རྒན་མདའ་དང་བདེ་ཆེན་དགོན་དུ་ཡོད་པའི་བོན་གྱི་དགོན་ཤུལ།བོན་སྟོན་པ་གཤེན་རབས་ཀྱི་སྐུ་དང་གཤང་སོགས་རྩ་ཆེན་དུ་བྱེད་
ནས་ད་ལྟའང་བཞུགས་པས་བཤད་སྒྲོས་དང་ངག་རྒྱུན་ཙམ་ལ་བཏགས་པ་ནི་མིན།
ད་དུང་སྦལ་གུར་རྫོང་བདག་དགོན་གྱི་ཤུལ་དང་དེ་ནས་
གདན་དྲངས་པའི་རོལ་མོ་མཁར་པ་བཅས་ད་ལྟ་མཇལ་དུ་ཡོད་ཀྱང་བཏབ་པའི་དུས་དང་།
འདེབས་མཁན། ཐ་ན་གྲུབ་མཐའ་ཙམ་ཡང་ཞུ་ཚོད་
མ་མཆིས་སོ། །
དེའི་འཕྲོར་མཆོད་རྟེན་དཔལ་གྱི་ལྷུན་པོ་ཡིན་སྟེ།
བཞེངས་པ་པོ་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པའི་
པཎྜི་ཏ་ཆེན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི་སྟེ་བོད་སྐད་དུ་དྲན་པ་ཡེ་ཤེས་གྲགས་པའམ་མཚན་གཞན་སྒྲའི་ཚེར་མ་ཞེས་ཞུ་བ་ཁོང་།
བོད་ཀྱི་རབ་བྱུང་མ་
ཚུགས་གོང་སྟེ།
ཕྱི་ལོའི་དུས་རབས་བཅུ་པའི་སྨད་ཙམ་ལ་རྒྱ་གར་དབུས་ཕྱོགས་གྲོང་ཁྱེར་ཞིག་ཏུ་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཅེས་པའི་སྲས་སུ་
འཁྲུངས། ཆུང་ངུ་ནས་རྒྱལ་སྲིད་ལ་མ་ཆགས་པར་རབ་ཏུ་བྱུང་།
ཤཱནྟི་པ་དང་པཎ་ཆེན་ནཱ་རོ་ཏ་པ་སོགས་མཁས་གྲུབ་ཀྱི་བླ་མ་དུ་མར་བསྟེན་ནས་
ཕྱི་ནང་གི་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པས་མཚན་སྙན་ཡོངས་སུ་གྲགས་ཤིང་སློབ་མ་གདུགས་ཐོགས་པ་ཤ་སྟག་ལྔ་བརྒྱ་ཙམ་བྱུང་།
རྒྱ་གར་
གྱི་མཁས་པ་གཞན་སུས་ཀྱང་མ་ཐུབ་པ་རྩོད་པའི་ཁྱུ་མཆོག་ཏུ་གྲགས་པའི་མུ་སྟེགས་པ་ཞིག་ཡང་དག་རིགས་པའི་རལ་གྲིས་ཚར་བཅད་པ་སོགས་
ཀྱིས་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད།
དེ་སྐབས་བོད་རྒྱལ་འུ་དུམ་བཙན་པོའི་སྤྱན་སྔར་བློན་པོ་ཚོས་རང་ཤེད་ཀྱི་ཟློས་གར་བསྒྱུར་པས་
རྒྱལ་སྲིད་ཀྱི་ཕྱིར་ཆོས་བསྣུབས།
བློན་པོ་ཆོས་ལ་ཕྱོགས་པ་རྣམས་མ་འདོད་པའི་ཁར་ལྷ་ལུང་དཔལ་གྱི་རྡོ་རྗེས་ཆོས་ཀྱི་ཆེད་དུ་བཙན་པོ་བཀྲོངས་
པས་སྟོབས་འབྱོར་མངའ་ཐང་རྒྱས་པའི་བསིལ་ལྗོངས་བོད་ཀྱི་རྒྱལ་ས་དེ་བློན་པོ་དང་བཙུན་མོ་ཚོའི་འཐེན་ཁྱེར་དབང་དུ་སོང་བས་སིལ་བུར་
ཐོར་ཏེ་རིང་ཞིག་ལོན་ནས།
རྒྱལ་ཁམས་ཟང་ཟིང་དུ་ཆགས་པ་དང་ཆོས་ལོག་སྤྱོད་པ་མང་དུ་བྱུང་བས་ལྷག་པར་གནོད་ཚབས་ཆེ་བ་ལ།
མངའ་
རིས་ཕྱོགས་ཀྱི་ཆོས་རྒྱལ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱལ་ཁམས་བདེ་འཇགས་སོགས་ཀྱི་ཆེད་དུ་ཆོས་རྣམ་དག་ཅིག་སྤེལ་བར་དགོངས་ཏེ་གཞོན་
ནུ་བློ་གསལ་མང་པོ་རྒྱ་གར་ལ་ཆོས་སློབ་ཏུ་བཏང་།
ལོ་ཆེན་རིན་ཆེན་བཟང་པོ་དང་ལོ་ཆུང་ལེགས་པའི་ཤེས་རབ་གཉིས་ཀྱིས་ཆོས་ཀྱི་ཟབ་དོན་
ཅི་རིགས་ཤིག་ཐོབ་ཀྱང་ཐུགས་དགོངས་མ་ཚིམ།
བལ་པོའི་ལོ་ཙཱ་བ་རྨ་རུ་རྩེ་ཞེས་ཆོས་ལ་ཅུང་མཁས་པ་ཞིག་བྱུང་བར་ཆོས་ཞུས་པས།
ངས་ཆོས་
མཁས་པ་མི་ཤེས།
རྒྱ་གར་ན་མཁས་པ་ཡོད་པས་སྤྱན་འདྲེན་ནམ་ཟེར་བ་ལ་ཞུ་རྟེན་གསེར་སོགས་བསྐུར་ནས་བཏང་།
སྐབས་དེར་རྒྱ་གར་ཤར་
ནུབ་གཉིས་སུ་པཎ་ཆེན་སྨྲྀ་ཏིའི་སྙན་པ་དབྱར་སྐྱེས་རྔ་གསང་ལས་ཀྱང་གསལ་བས།
ལོ་ཙཱ་བས་ཁོང་དང་པཎྜི་ཏ་ཕྲ་ལ་རིང་བ་གཉིས་བོད་དུ་
ཕེབས་ཏེ་རྒྱལ་བསྟན་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་དགོས་པའི་ཞུ་བ་ནན་ཆེར་ཕུལ།
པཎྜི་ཏ་གཉིས་ཀྱིས་གངས་ཅན་པའི་གདུལ་བྱར་
དགོངས་ཏེ་ཞལ་བཞེས་གནང་ནས་བལ་པོར་བསླེབས་དུས་ལོ་ཙཱ་བས་ལ་ཕུག་ཟོས་ཏེ་ཕོ་ལོག་གིས་གྲོངས།
མངའ་རིས་སུ་གྲོངས་ཟེར་བའང་ཡོད།
པཎྜི་ཏ་གཉིས་ཀྱིས་ལོ་ཙཱ་བ་ལ་ཞལ་བཞེས་གནང་ཟིན་པ་ལྟར་མུ་མཐུད་བྱོན་ཀྱང་བོད་སྐད་མི་མཁྱེན་པས་བོད་སུས་ཀྱང་ངོས་མ་ཟིན་ལ།
ལྷ་བླ་
མས་ཀྱང་པཎྜི་ཏ་གཉིས་ཕེབས་པ་མ་ཤེས་པར་དཔལ་ལྡན་ཨ་ཏི་ཤ་གདན་འདྲེན་པའི་ཕྱིར་གསེར་བསྒྲུབ་ཏུ་ཕེབས་པས་གར་ལོག་གི་བཙོན་དུ་
ཚུད།
ལྷ་བཙུན་བྱང་ཆུབ་འོད་ལ་གར་ལོག་རྒྱལ་པོས་ལྷ་བླ་མའི་སྐུ་ཚད་དང་མཉམ་པའི་གསེར་དགོས།
དེ་མིན་ན་མི་གཏོང་ཟེར་བས་གསེར་
བསྒྲུབས་ཏེ་ལྷ་བླ་མ་བླུ་བརྩིས་ལ། ཁོང་གིས་ང་ལོ་ཆེ་བས་བླུ་མི་དགོས།
གསེར་དེས་དཔལ་ལྡན་ཨ་ཏི་ཤ་སྤྱན་དྲོངས་གསུངས་ཏེ་གཤེགས། སྨྲྀ་ཏིས་
གཙང་རྟ་ནག་ཏུ་དུད་ཚང་ཞིག་གི་ཕྱུགས་རྫི་མཛད་ནས་ཡུན་རིང་ཙམ་བཞུགས།
དེའི་རིང་ལ་འུར་ཐག་དང་འུར་རྡོ་ཕྱག་ཏུ་བཟུང་། དབུ་སྐྲ་
འབྲེག་མཁན་མེད་པས་སྤྱི་བོར་བཅིངས།
རབ་བྱུང་གི་ཆས་ཀྱང་མ་རྙེད་པར་སྣམ་བུ་དཀར་པོའི་ལྭ་བ་གྱོན།
འཚོ་བ་བཀྲེན་པ་སོགས་དཀའ་སྡུག་
ཚད་མེད་མྱངས་པས་ངུ་བྲོ་བ་གསུམ་དང་དགོད་བྲོ་བ་གསུམ་སོགས་ཀྱི་ལོ་རྒྱུས་བྱུང་སྟེ།
དཀར་ཆག་གླུ་སྙན་ལས། ལྡན་ཀློང་ཐང་ངམ། ལ་སྟོད་
བཤད་ཚུལ་གཉིས་སྣང་ཡང་། གང་ལྟར་དེ་རུ་འབྲས་བྲེ་གསུམ་གྱི་བུ་ལོན་གསོབ་སླད།
ཁྱིམ་བདག་ནོར་ལྡན་དེ་ཉིད་དགོས་དཔོན་དུ་བསྟེན་ཚུལ་
མཛད། གྲོང་པ་རྣམས་ཀྱི་ར་ལུག་གི་རྫི་བོ་མཛད་སྐབས།
རྡེའུ་བཀྲམ་པས་ཕྱུགས་མ་རྣམས་བཟས་ལ་འགྲོ་ཞིང་། དགོང་མོར་ཕྱོགས་གཅིག་ཏུ་
སྤུངས་པས་རང་རང་གི་ཁྱིམ་དུ་འགྲོ་བའི་རྫུ་འཕྲུལ་དང་ཆོས་གསུངས།
ཁྱིམ་དེར་མཚན་མོར་རང་འཐག་གི་ཡུ་བ་ཆག་པ་སྐུའི་བྲང་ལ་ཕོག་པས་
ཁྱིམ་བདག་མོས་འཐབ་པར།བྲང་ལས་ཤིང་རྒོག་དམར་བ་ལ་དགོངས་ཏེ་བཤུམས་པ་དང་།
ཁྱིམ་བདག་མོ་དེས་ར་བར་བཞོན་བཞོ་བའི་ཚེ་སྐབས་
ཤིག་རླན་དང་ལྗན་ལྗིན་ནང་དུ་འཕོངས་གདན་དུ་བཞུགས་དགོས་བྱུང་བས།
ང་རྒྱལ་པོའི་སྲས་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་རབ་བྱུང་སྡེ་སྣོད་
གསུམ་པ་ཞིག་བུད་མེད་བཞོན་སྟེགས་བྱ་དགོས་པ་ཀྱི་ཧུད་དགོངས་ཏེ་བཤུམས།
ཡང་བྱ་ཞིག་བྱ་མང་པོས་གཙེས་པ་གཟིགས་པས། བྱ་ཁྱོད་ཀྱང་
མཐའ་ཡི་བྱ། མི་ང་ཡང་མཐའ་ཡི་མི་གསུངས་ནས་བཤུམས་པ་ནི་ངུ་བྲོ་བ་གསུམ་དང་།
ནུབ་མོ་དངོས་གཞི་བཞུགས་གནས་ཁྱིམ་དེའི་སྒོ་རྩར་
ཕུག་པ་ཞིག་ཡོད་པ་དེར་བཞུགས་པའི་ཚེ།
དེ་དང་ཉེ་བར་ཆུ་མིག་ཏུ་ཀླུ་ཞིག་གིས་ནང་རེ་བཞིན་འོ་མ་ཞལ་བུ་རེ་འདྲེན་པ་ལས།
ནང་གཅིག་བོ་
ཤོར་བས། ངོ་སྐྱེངས་ནས་བྲོས་སོང་བས་བཞད་པ་དང་།
ཉིན་མོ་ཕྱུགས་མ་རྣམས་འཚོ་སྐྱོང་ཚུལ་གྱིས་དེ་རྣམས་དང་རི་དྭགས་གཅན་གཟན་མང་
དུ་འདུས་པ་ལ་ཆོ་ག་གསུངས་ཤིང་ཞུགས་མེ་གཏོང་བའི་མཐའ་སྐོར་དུ་དུད་འགྲོ་རྣམས་ཆོས་མཉན་ཅིང་སྒོར་མོར་སྡད་(བསྡད་)པ་ལས།
རི་
བོང་ཞིག་རྣལ་དུ་སོང་བས་ཁ་སྤུ་མེས་ཚིག་པར་ཧར་ལངས་སྤྲུག་སིལ་བྱས་པར་བཞད་མོ་ཤོར།
ཡང་ཉིན་གཅིག་མཐའ་འཁོབ་འདིར་འཁྱམས་
དགོས་བྱུང་བར་མ་ཟད་འགྲོ་དོན་ཆེར་མ་བྱུང་བར་སྔོན་གྱི་ཡོན་ཏན་རྣམས་ཀྱང་བརྗེད་ལས་ཆེ་དགོངས་པར།
ཡོན་ཏན་རྣམས་སྔར་ལས་ཀྱང་
ཁྱད་པར་འཕགས་པ་འདུག་པས་བཞད་མོ་མཛད་པ་ནི་དགོད་བྲོ་བ་གསུམ་མོ། །ཞེས་གསུངས།
ཁོང་གི་སྐུ་བརྙན་རྣམས་དབུ་སྐྲ་སྤྱི་བོར་བཅིངས་
ཤིང་ན་བཟའ་དཀར་པོ་གསོལ་བ།
ཕྱག་ཏུ་འུར་ཐག་དང་ནོར་བུ་འཛིན་པ་ཞིག་ཡོད་པའང་རྫི་བོར་བཞུགས་སྐབས་ཀྱི་སྐུ་བྱད་ཡིན།
སྦྱིན་བདག་དེ་ཚང་གི་སྒོའི་ཡ་ཐེམ་ལ། ༈ རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན།
།མཚན་མོ་མཁའ་ལ་རྒྱུ་བ་རྣམ་སྤངས་ནས། །དྭངས་པའི་ཆུ་ནང་
འདི་ན་ཟླ་བ་ཞེས། །དབྱིབས་ལ་མཚན་མར་འཛིན་པ་བྱིས་པའི་བློ། །ཞེས་བྲིས་པ་དེ།
སྔར་ཁོང་རྒྱ་གར་དུ་བཞུགས་སྐབས་ཀྱི་དངོས་སློབ་དཔྱལ་ལོ་
ཙཱ་བ་བསོད་ནམས་རྒྱལ་མཚན་གྱིས་མཇལ་བས་རང་གི་བླ་མའི་ཕྱག་བྲིས་ཡིན་པ་ངོ་མཁྱེན་ནས་ཁྱིམ་ཚང་དེ་ལ།
ཡི་གེ་འདི་སུས་བྲིས། འབྲི་
མཁན་ད་ལྟ་གང་ན་བཞུགས་དྲིས་པས། ཁྱིམ་ཚང་དེས།
འདི་ངེད་ཀྱི་གཡོག་པོ་སྐད་མི་གོ་བ་ཞིག་གིས་བྲིས། ད་ལྟ་རྫི་བོར་སོང་ཟེར།
ལོ་ཙཱ་བས་
པཎ་ཆེན་མཇལ་མ་ཐག་ཞབས་སྤྱི་བོར་བླངས་ཏེ་གུས་པས་བཏུད།
རྒྱ་གར་ཤར་ནུབ་གཉིས་ན་པཎྜི་ཏ་ཁོང་ལས་ལྷག་པ་གཞན་མེད་པ་ཀུན་ལ་
བསྒྲགས། ཁྱིམ་ཚང་དེ་ལ་གསེར་བྱིན་ནས་ཁམས་སུ་གདན་དྲངས།
དཔྱལ་ལོ་ཙཱ་བས་སྨན་ལུང་བཏབ་ཅིང་ཁོང་གིས་དཔལ་ཧེ་རུ་ཀའི་མན་ངག་
རང་བྱིན་གྱིས་བརླབ་པའི་རིམ་པ་ཞེས་བྱ་བ་དང་།
དགྱེས་པ་རྡོ་རྗེའི་ལག་ཏུ་བླང་བའི་རིམ་པ་ཞེས་བྱ་བ།
བདག་མེད་མའི་མན་ངག་ཅེས་བྱ་བ།
མཁའ་འགྲོ་མ་རྡོ་རྗེ་གུར་གྱི་མཁའ་འགྲོ་རྣམ་པ་ལྔའི་སྒྲུབ་པའི་ཐབས་ཞེས་བྱ་བ།
གཤིན་རྗེ་གཤེད་ནག་པོའི་རྒྱུད་ཀྱི་དཀའ་འགྲེལ་རིན་པོ་ཆེའི་
ཕྲེང་བ་ཞེས་བྱ་བ། ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པའི་མན་ངག་ཅེས་བྱ་བ།
སེམས་དཔའ་གསུམ་གྱི་ཏིང་ངེ་འཛིན་ལ་མཉམ་པར་གཞག་
པ་ཞེས་བྱ་བ།
མཚན་ཡང་དག་པར་བརྗོད་པ་ཉེ་བར་བསྡུས་པའི་རྣམ་པར་རྟོག་གེ་ཞེས་བྱ་བའི་འགྱུར་མཛད་པ་རྣམས་བསྟན་འགྱུར་དུ་བཞུགས།
པཎ་ཆེན་སྨྲྀ་ཏི་བོད་དུ་བཞུགས་ཡུན་ཅུང་རིང་བ་དང་།
རྒྱ་གར་གྱི་ཤེས་རིག་ཐམས་ཅད་ཐུགས་སུ་ཆུད་པའི་རྨང་གཞི་བཟང་བ། སྐྱེས་ཐོབ་ཀྱི་
ཐུགས་རིག་ཤིན་ཏུ་བཀྲ་བ་བཅས་ཀྱིས་བོད་ཀྱི་སྐད་ཡིག་ལ་མཁས་པར་གྱུར་པས།
གླིང་རྗེ་གེ་སར་རྒྱལ་པོའི་སློབ་དཔོན་མཛད་པ་དང་། འབྲོམ་
སྟོན་པ་རྒྱལ་བའི་འབྱུང་གནས་སོགས་ལ་སྒྲ་དང་ལེགས་སྦྱར་གྱི་སྐད་བསླབས་པའི་དུས་ནི།
འབྲོམ་སྟོན་དགུང་ལོ་བཅུ་དགུ་པའི་ཆུ་ཁྱི་ཕྱི་ལོ་
༡༠༢༢ལ་ཚོང་པ་དང་འགྲོགས་ནས་ཁམས་ལྡན་སྟོད་དུ་བྱོན།
སེ་བཙུན་གྱི་སྒྲུབ་ཕུག་དེ་བྱང་རྫ་རྒྱལ་རྡོ་རྗེ་འཕེན་ཕྱུག་གི་འགྲམ་དུ་ཡོད་དྲུང་ནས་
ཉིན་མོར་ནང་གཡོག ཕྱུགས་འཚོ་བ་དང་ཕྱེ་འཐག་པ་ཡན་ཆད། མཚན་མོར་རྟ་བཟང་ལ་ཞོན།
འཁོར་གསུམ་བཏགས་ཏེ་རྐུན་ཟོན་ལེགས་པར་
མཛད། དབུ་མ་དང་། མངོན་པ།
སྔགས་རྙིང་མ་སོགས་རང་འཐག་གི་ཁར་དཔེ་ཆ་བཞག་སྟེ་གཟིགས་པ་བཅས་བརྩོན་འགྲུས་བསྐྱེད་པས་མཁས་
པར་གྱུར།
དགུང་ལོ་སོ་དྲུག་པའི་ས་ཡོས་ཕྱི་ལོ་༡༠༣༩ལ་གྲྭ་པ་རྣམས་ཆོས་ཀྱི་བགྲོ་གླེང་མཛད་པ་འབྲོམ་སྟོན་ཐུབ་མཁན་མ་བྱུང་བས་རྟ་རྫི་ཡོས་
འཐག་བྱེད་པ་ལས་བཏོན་ཅིང་མཁས་པའི་གྲགས་པས་ཁྱབ།
ཡུལ་དེ་དང་ཉེ་བར་པཎ་ཆེན་སྨྲྀ་ཏི་བཞུགས་པ་ལས་སྒྲ་རིག་པ་དང་ལེགས་སྦྱར་གྱི་
སྐད་བསླབས་ཤིང་ཕྲིན་ལས་ཅུང་རྒྱས་པས་འབྲོམ་བུ་དགོན་བཏབ།
ཁོང་གིས་ད་ལྟ་རྒྱ་གར་ན་སུ་ཆེ་ཞུས་པས། སྨྲྀ་ཏིས་ངེད་རྒྱ་གར་ན་ཡོད་དུས་
ནཱ་རོ་པ་ཆེ།
རྒྱལ་རིགས་ལས་བྱུང་བའི་དགེ་སློང་དཱི་པཾ་ཀ་ར་བྱ་བ་ཡོད་པས་དེ་ད་ལྟ་བཞུགས་ན་ཁོང་ཆེ་བ་འོངས་གསུངས།
འབྲོམ་སྟོན་གྱིས་ཇོ་
བོའི་མཚན་ཐོས་པ་ཙམ་གྱིས་དད་པ་ཚད་མེད་འཁྲུངས།
དགུང་ལོ་སོ་དགུ་པའི་ཆུ་རྟ་ཙམ་ལ་འགྲུལ་པའི་ངག་ལས་ཇོ་བོ་མངའ་རིས་སུ་ཕེབས་པ་
གསན་པས་སེ་བཙུན་ལ་ཇོ་བོ་མཇལ་དུ་འགྲོ་བར་ཞུས་ནས་གནང་བ་ཐོབ་པ་བཞིན་ཆུ་ལུག་ཕྱི་ལོ་༡༠༤༣ལ་བྱང་ལམ་བརྒྱུད་ནས་དབུས་སུ་
ཕེབས།
དེ་ཕྱིར་ལྕགས་འབྲུག་ནས་ཆུ་རྟའི་བར་ཕྱི་ལོ་༡༠༤༠ནས༡༠༤༢བར་གྱི་ལོ་འདི་སྐོར་ལ་སྨྲྀ་ཏི་ཁམས་སྟོད་དུ་བཞུགས་ངེས་ཤིང་གླིང་གེ་
སར་རྒྱལ་པོའི་སློབ་དཔོན་མཛད་པའི་དུས་ཀྱང་འདིའི་སྐབས་སུ་ཡིན་པ་གསལ།
ཁོང་གིས་རབ་བྱུང་དང་པོའི་བཅུ་སྐོར་དང་པོ་སྟེ་ཕྱི་ལོ་
༡༠༣༠ཙམ་ལ་མ་འོངས་གདུལ་བྱ་རྣམས་ཀྱི་རྟེན་སྐལ་དུ་དགོངས་ནས།
འབྲི་ཀླུང་གསེར་ལྡན་འབབ་པའི་གཡས་འགྲམ། ནོར་བུ་རྒྱན་ལམ་དུང་
དཀར་གཡས་འཁྱིལ་གྱི་དབྱིབས་དང་། ཤེར་འགག་རྒྱལ་མཚན།
ཐེ་ཁོད་པད་དཀར་བཀྲ་ཤིས་རྟགས་བརྒྱད་དང་ཨ་མྱེ་གྲོགས་འཛོམ་ནོར་བུའི་
དབྱིབས་རྒྱལ་སྲིད་སྣ་བདུན་གྱི་མཚན་ཉིད་ཚང་བའི་ས་དཔྱད་རྟེན་འབྲེལ་ཕུན་སུམ་ཚོགས་པའི་གནས།
སྒ་འཛོམ་ཉག་ས་ཡི་ཐིག་ལེར་མ་དྲོས་ཀླུ་
ཡི་ཡུལ་ནས་འཕགས་པའི་བྱེ་མ་ཨ་ཀྲོང་མི་ཚད་གསུམ་ཙམ་ལ་གཞི་མཛད་ནས་རྣམ་པར་རྒྱལ་མའི་མཆོད་རྟེན་དཔལ་གྱི་ལྷུན་པོ་བཞེངས།
དེའང་ཉིན་མོར་མི་དང་མཚན་མོར་ལྷ་འདྲེ་རྣམས་ལ་བཞེངས་སུ་བཅུག་ཅིང་།
ནང་རྟེན་དུ་མཁའ་འགྲོ་སྡེ་ལྔས་སངས་རྒྱས་རབས་བདུན་གྱི་
རིང་བསྲེལ་སྙིང་པོར་བཞུགས་པའི་ཤེལ་གྱི་མཆོད་རྟེན་ཁྲུ་གང་ཕུལ།
དེ་ཉིད་གདན་འདྲེན་སྐབས་འོད་ཟེར་བྲག་ལ་ཕོག་ནས་རང་བྱོན་བྱུང་བར་
གྲགས་པའི་མཆོད་རྟེན་དེ་ནི། མཆོད་རྟེན་དཔལ་གྱི་ལྷུན་པོའི་མདུན་ངོས།
འབྲི་ཆུའི་གཡོན་འགྲམ་དུ་ཨེ་ཀྱེ་རག་པ་ཞེས་པའི་བྲག་རི་ཞིག་གི་ངོས་
སུ་མཇལ་རྒྱུ་ཡོད། མཆོད་རྟེན་དཔལ་གྱི་ལྷུན་པོའི་བྲེ་མན་ཆད་གྲུབ་རྗེས།
བྲེ་ཡན་ཆད་མ་འོངས་པ་ན་ང་ཡི་སྐྱེ་བ་ཞིག་གིས་བཞེངས་ཞེས་ལུང་
བསྟན་དང་སྨོན་ལམ་རབ་གནས་ལེགས་པར་མཛད།
རྟེན་འདི་ཕྱག་མཆོད་བསྐོར་བ་བྱས་པའི་ཕན་ཡོན་ནི།
མཆོད་རྟེན་དཔལ་གྱི་ལྷུན་པོ་འདི་
ཉིད་ཀྱི་མདུན་དུ་བཞུགས་པའི་རྡོ་བརྐོས་དཀར་ཆག་ལས།
དཔལ་གྱི་ལྷུན་པོ་འདི་ཉིད་རྒྱང་རིང་མོ་ནས་མིག་གིས་མཐོང་བ་དང་འདི་དག་གི་
གྲིབ་མ་ལུལ་ལ་ཕོག་པ་ཙམ་གྱིས་ཚེ་རབ་(རབས)ཐོག་མ་མེད་པའི་སྡིག་པ་འདག་གོ
དེ་ལ་ཕྱག་གུས་པ་གཅིག་འཚལ་ན་ལུས་ཇི་སྙེད་ནོན་པའི་
ཐད་དབང་ཆེན་གསེར་གྱི་ས་གཞི་ལ་ཐུགས་(ཐུག)གི་བར་དུ་ས་ཡི་རྡུལ་ཕྲན་ཇི་སྙེད་ཡོད་པ་དང་མཉམ་པའི་འཁོར་ལོའི་བསྒྱུར་(ལོས་སྒྱུར)བའི་
རྒྱལ་པོ་ཐོག་(ཐོབ)པ་མདོ་ལས་བཤད།
བསྐོར་བ་དངོས་ཀྱི་ཚེ་སེམས་མ་ཡེངས་པར་ངག་ཐ་མལ་གྱི་གཏན་(གཏམ)མི་སྨྲ་བ་བྱས་ན་ད་ལྟའི་ལུས་
རྟེན་འདི་ལ་མཚམས་མེད་པ་ལྔ་ལྷག་མེད་དུ་བཅོམ་མོ།
།རྟེན་འདི་ལ་ཞིག་གསོས་རབ་གནས་རྟེན་བཞེངས་བྱས་ན་མགོ་འདྲེན་མཐུན་རྐྱེན་
མཛད་མི་འབྱོར་ལྡན་རྣམས་ད་ལྟའི་ལུས་རྟེན་འདི་ལ་ནད་ཞི་བ་དང་ཚེ་བསོད་དཔལ་འབྱོར་རབ་ཏུ་རྒྱས་ཤིང་ཕྱི་མ་ངན་འགྲོའི་སྒོ་འགོགས་པ་
སོགས་རྒྱལ་བའི་བཀའ་དང་གྲུབ་ཐོབ་ཚད་མའི་ལུང་གི་གྲུབ་པ་ཐེ་ཙམ་(ཙོམ)མི་འཚལ་ཞིང་།
སངས་རྒྱས་ཀྱི་བཀས་བསླུ་བ་མི་སྲིད་པས་ཐེ་ཚམ་
(ཚོམ)སྤངས་ནས་དད་གུས་ཡིད་ཆེས་སྤྲོ་ཤུགས་དང་བཅས་ཏེ་དགེ་རྩ་སེམས་ཅན་གྱི་དོན་དུ་བསྔོ་བ་སྨོན་ལམ་(གང)ཤེས་ཀྱི་མཐའ་རྒྱན་པ་གལ་
ཆེའོ། །ཞེས་དང་། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གིས་མཛད་པའི་དཀར་ཆག་ལས།
ཚེགས་ལ་མ་ལྟོས་པའི་ཐབས་ཀྱི་ཁྱད་པར་གྱིས་འབྲས་བུ་
འབྱིན་པ་གསང་སྔགས་ཟབ་མོའི་ཆེ་བར་གསུངས་ལ།
ཁྱད་པར་ཡི་གེ་དྲུག་མའི་ཕན་ཡོན་དཔག་ཏུ་མེད་པ་མདོ་སྡེ་ཟ་མ་ཏོག་བཀོད་པ་ངེས་པར་
བལྟ་དགོས་སོ།
།རྒྱུ་མཚན་དེ་དག་གི་ཕྱིར་གནས་འདི་ཉིད་ལ་བསྐོར་བ་ཟླ་གཅིག་ལྷག་ཙམ་དང་།
བསྐོར་གྲངས་བརྒྱ་ཚོ་སུམ་བཅུ་སོ་བདུན་བྱས་
ན། མ་ཎི་དུང་ཕྱུར་གཅིག་རང་གི་ཁ་ནས་འཐོན་པ་དང་མཉམ་པར་འགྱུར་ལ།
གཞན་གནས་རི་བསྐོར་བ་ལ་ཕན་ཡོན་བརྗོད་པའི་རྩིས་བཏང་ན་
དེ་ལས་ཀྱང་ཆེས་ལྷག་པར་ཡང་མངོན་ནོ། །འབར་བའི་རྡོ་རྗེས་མཛད་པའི་དཀར་ཆག་ལས།
འདི་ལ་ཕྱག་མཆོད་བསྐུར་བསྟི་སུས་བྱས་པ། །བསོད་
ནམས་ཡེ་ཤེས་ཚོགས་གཉིས་རྫོགས་པར་འགྱུར། །བསྐོར་བ་རེ་ལ་རྣམ་རྒྱལ་འབུམ་ཐེར་རེ།
།ཡོད་པར་ལུང་རིགས་གྲུབ་པ་ངས་ཁས་ལེན། །དེ་ཕྱིར་
ཕྱག་སྐོར་མཆོད་པ་ཅི་ནས་མཛོད། །དེ་སྐད་བརྩོན་འགྲུས་མཐར་ཕྱིན་ཐུགས་བཞེད་ལྟར།
།ལྷ་དང་མཁའ་འགྲོའི་བྱིན་རླབས་ཁྲག་འཐུང་
མིང་། །བདེ་ཆེན་འབར་བའི་རྡོ་རྗེ་རྩལ་གྱིས་བྲིས། །ཞེས་དང་།
རོང་ཐ་བློ་བཟང་ཆོས་འབྱོར་ལྷུན་གྲུབ་ཀྱིས་མཛད་པའི་དཀར་ཆག་ལས། ¡དམ་
པ་དེ་དག་གི་གསུང་ལས་གསར་སྤྲོས་མི་དགོས་སོ།
འོན་ཀྱང་མི་ཕྱེད་པའི་དང་བ་དང་ལྡན་པ། དགེ་བའི་ཕན་ཡོན་ལ་ཐེ་ཚོམ་གཏན་མེད་པའི་
དབང་པོ་ཡང་རབ་དང་། ཡང་བློ་ཆུང་བ་དག་སྐོར་ཚད་གྲངས་མང་བ་ལ་འཇིགས་པའམ།
ལོ་རྒན་པ་དང་། ནད་ཀྱིས་མནར་བ་རྣམས་ལ་སྟབས་
བདེ་བར་འགྱུར་བས་དགོས་དང་ལྡན་ལ། སྐོར་ཚད་ཀྱང་གྲངས་ཉུང་ན།
སྐོར་ཚད་དུ་མ་འགྲུབ་བློ་སྐྱེ་བར་མ་ཟད་ཕན་ཡོན་ལྷག་པར་ཆེ་བར་ཤེས་
པ་དང་།
བསྐོར་བ་བྱ་བ་ལ་སྤྲོ་བ་འཕེལ་ཏེ་མང་དུ་བསྐོར་བ་བྱེད་པའི་རྒྱུར་འགྱུར་ཞིང་།
ཕྱིས་སཱཙྪ་མ་ཎི་སྐུ་སོགས་སྔར་ལས་འབུམ་ཕྲག་དུ་མ་
དང་བརྒྱ་ཚོ་སྟོང་ཚོ་མང་པོར་བཞུགས་པའི་ཕྱིར་ན།
སྔོན་བྱོན་དམ་པ་རྣམས་ཀྱི་གསུང་རབ་དང་། སྐོར་བའི་ཕན་ཡོན་མདོ་སོགས་ནས་བཀའ་
སྩལ་བ་ལ་བརྟགས་དཔྱད་ནན་ཏན་བགྱིས་ཤིང་།
དམ་པ་དང་མཁས་པ་ཆེན་པོ་ལའང་ལུང་རིགས་ཀྱིས་དཔྱད་པ་བཀའ་འདྲི་ཞུས་པ་བཅས་
ཕྱོགས་གཅིག་ཏུ་གཏན་ལ་ཕབ་པའི་གྲུབ་དོན་སྐོར་བ་བརྒྱ་ཚོ་བཅུ་གཅིག་ལ་དུང་ཆེན་དང་།
བརྒྱ་ཚོ་བདུན་ལ་དུང་ཆུང་ལྷག་ཡོད་ངེས་ལ་ཐེ་
ཚོམ་མི་དགོས་ཏེ།
དཔེར་ན་སཱཙྪ་མཆོད་བརྒྱ་ཁྲི་ཚོ་བཅོ་བརྒྱད་ལ་བསྐོར་བ་གཅིག་བྱས་ན།
མཆོད་རྟེན་བྱེ་བ་གཅིག་དང་ས་ཡ་བརྒྱད་ལ་བསྐོར་
བའི་ཕན་ཡོན་རྩིས་དང་ལུང་གི་གྲུབ་པའི་ཕྱིར་ན།
འདིར་ན་སཙྪ་ཁོ་ནའང་འབུམ་ཕྲག་དུ་མར་མ་ཟད་སྐུ་གསུང་ཐུགས་རྟེན་ཤིན་ཏུ་མང་བར་
བཞུགས་ཤིང་།
བསམ་གྱིས་མི་ཁྱབ་པའི་མཆོད་རྟེན་ཁྱད་འཕགས་བཞུགས་ཕྱིར་ཐེ་ཚོམ་གྱི་གནས་མེད་དོ།
།ཞེས་སོགས་དམ་པ་དུ་མས་ཞལ་གྱིས་
བཞེས་པ་དཀར་ཆག་དེ་དག་ཏུ་གསལ་བ་ལྟར་ལ།
བད་ཀན་དང་རྩ་དཀར་སོགས་བཅོས་རྡུགས་ནད་ཀྱི་གདུང་བ་ལས་གྲོལ་བ་ནི་མངོན་སུམ་དུ་
མཐོང་བཞིན་པའོ། །
པཎ་ཆེན་སྨྲྀ་ཏི་ནི་སྤྱིར་ཤེས་བྱ་མཐའ་དག་དང་ཁྱད་པར་བཟོ་རིག་ཕུལ་དུ་སོན་པས་གནས་དེའི་དད་ལྡན་བུ་སློབ་རྣམས་ལ་རྟེན་དང་གཙུག་
ལག་ཁང་གི་བཟོ་བཀོད། ལྷ་རིས་དང་ལྡེབས་རིས། བརྐོས་རིས། འཇིམ་བཟོ།
རྫ་བཟོ་སོགས་ལེགས་པར་བསླབས་པས་ད་ལྟའང་སྒ་འཛོམ་ཉག་ལྷ་
རིས་སྒྱུ་རྩལ་ཞེས་སྙན་པའི་གྲགས་པ་ཕྱོགས་སུ་འབར་བའི་ཕྱག་རྒྱུན་མ་ཉམས་པ་མཆིས།
ཁོང་གིས་རྡོ་ནག་པོའི་སྟེང་དུ་ཨ་དཀར་གྱིས་བཞེངས་
པའི་སྐུ་བརྙན་ལ་ཕྱིས་རང་བྱོན་དུ་འབོད་ཅིང་།
རྡོ་ནག་སྲན་རིལ་ཙམ་གྱི་ནང་དུ་བདེ་གཤེགས་མཆོད་རྟེན་བརྒྱད་ཀྱི་འབུར་གཟུགས་གསལ་པོར་
བཞེངས་པའི་སཱཙྪའི་བརྐོས་ཕོར་ལྟ་བུ་ནི་སྔོན་བྱུང་གི་ལོ་རྒྱུས་སུ་གསལ་བ་ད་ལྟའང་དངོས་སུ་མཇལ་རྒྱུ་ཡོད་ལ།
གནས་གཞན་དུའང་ཁོང་གི་
ཕྱག་བཟོ་བཞུགས་ཏེ། མྱང་ཆོས་འབྱུང་ལས།
ཆུ་མིག་ནི་རྩ་བོ་ནང་འདྲེ་ཡུལ་གྱི་བྱང་ན་ཡོད།
འདིའི་ནུབ་ལུང་ཆུ་གླིང་བུ་ན་པཎྜི་ཏ་སྨྲྀ་ཏིའི་ཕྱག་
བཟོ་མ་ཁམ་པ་ལས་གྲུབ་པའི་དཔལ་ཆེན་གྱི་སྐུ་ར་མས་རྙེད་པ།
སྨྲྀ་ཏིས་ལུག་རྫི་མཛད་ནས་ང་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་ཡིན་
པས།
ལྷ་བཟོ་བརྗོད་(བརྗེད་)དམ་མ་བརྗོད་(བརྗེད་)གཟིགས་ནས་ཕྱག་དལ་དུ་སྒྲུབ་པ་འཇིམ་ཁུང་དུ་སྦས།
ཕྱིས་ར་མས་རྙེད་པ་དེ་བཞུགས།
ཞེས་དང་། སྨྲྀ་ཏིའི་ཕྱག་བཟོ་དཔལ་ཆེན་པོའམ་ཡང་དག་བྱིན་རླབས་ཅན་ཡོད་དོ།
།རྡོ་གཞི་མ་ནག་པོ་ལ་རྡོ་དཀར་པོས། རུ་ལུ་རུ་ལུ་རང་བྱོན་དུ་
གྱུར་པ་ཁྱད་པར་ཅན་བཞུགས། ཞེས་གསུངས། འདི་ཕྱོགས་སུ་གྲགས་པ་ལྟར།
ཁམས་སྟོད་སྒ་འཛོམ་ཉག་ལྷ་རིས་སྒྱུ་རྩལ་དེ་པཎ་ཆེན་སྨྲྀ་ཏི་དང་།
མདོ་སྨད་རེབ་གོང་ལྷ་རིས་སྒྱུ་རྩལ་དེ་པཎྜི་ཏ་ཕྲ་ལ་རིང་བ་ལས་མཆེད་པར་འདོད་ལ།
ཁ་ཅིག་གིས་གཉིས་ཀ་སྨྲྀ་ཏིའི་ཕྱག་རྒྱུན་མ་ཉམས་པ་ཡིན་
ཀྱང་ཟེར། སྒྱུ་རྩལ་གྱི་ཆ་ནས་བལྟས་ན་ཐིག་རྩ་དང་། མཛེས་ཉམས། རི་མོའི་འགྲོས།
འབུར་གཟུགས་ཀྱི་དབྱིབས། ཚོན་གྱི་མདངས་སོགས་ཀུན་ནས་
མཚུངས་པས་རྒྱུས་ཡོད་ཀྱིས་ཞིབ་པར་མ་དཔྱད་ན་འཛོམ་ཉག་དང་རེབ་གོང་གཉིས་ཀྱི་ཡུལ་གང་ནས་བཟོས་པ་ཤེས་དཀའ་བ་དངོས་མཐོང་
ལྟར་ལགས།
ཁོང་གི་བླ་མ་ནོར་བཟང་གྲགས་པ་ལས་གསན་པ་ལྟར་སློབ་མ་གཞོན་ནུ་གྲགས་པའི་དོན་དུ།
སྒྲ་དང་སུམ་རྟགས་དག་གསུམ་གང་
ལའང་མཁོ་གལ་ཤིན་ཏུ་ཆེ་བའི་དག་ཡིག་སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བ་དང་དེའི་རང་འགྲེལ་སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བའི་
འགྲེལ་པ་གཉིས་ལི་ཆུ་གསེར་ཁབ་ཏུ་བརྩམས་པ་བསྟན་འགྱུར་གྱི་སྒྲ་མདོ་ཤེ་པར་བཞུགས།
པེ་ཅིང་ནས་མི་རིགས་དཔེ་སྐྲུན་ཁང་གིས་ལྕགས་པར་
དུའང་བསྐྲུན།
གཞན་ཡང་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་ཅེས་བྱ་བའི་རྒྱུད་ཕྱི་མ་བརྟག་པ་
བདུན་པ་དང་།
དཔལ་གདན་བཞི་པའི་རྣམ་པར་བཤད་པའི་རྒྱུད་ཀྱི་རྒྱལ་པོ་རྣལ་འབྱོར་མ་ཐམས་ཅད་གསང་བ་ཞེས་བྱ་བ།
ལྷ་མོ་བཞིས་ཡོངས་
སུ་ཞུས་པ།
དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣལ་འབྱོར་ཆེན་པོ་རྣམ་པར་རྒྱལ་བ།
འཕགས་པ་གདན་བཞིའི་རྣམ་པར་བཤད་
པ། ཡེ་ཤེས་དབང་ཕྱུག་མའི་སྒྲུབ་ཐབས། དེ་ཁོ་ན་ཉིད་དྲུག་རྣམ་པར་བཞག་པ།
དཔལ་རྡོ་རྗེ་བདུད་རྩིའི་དཀའ་འགྲེལ། རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་
བཤད་པ།
རྟོག་པ་ཐམས་ཅད་འདུས་པ་ཞེས་བྱ་བ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་གི་རྒྱུད་ཕྱི་
མའི་ཕྱི་མ་རྣམ་པར་བཤད་པ།
གསང་བ་ཐམས་ཅད་ཀྱི་སྒྲོན་མའི་རྒྱ་ཆེར་འགྲེལ་པ་གསང་འདུས་རྒྱུད་ཕྱི་མ།
བྱང་ཆུབ་སེམས་ཀྱི་འགྲེལ་པའི་རྣམ་
པར་བཤད་པ། ཡན་ལག་བཞིའི་སྒྲུབ་ཐབས་ཀུན་ཏུ་བཟང་མོ་ཞེས་བྱ་བ།
ཡེ་ཤེས་ཞབས་ཀྱི་རྗེས་སུ་འབྲང་བའི་དཔལ་མི་བསྐྱོད་རྡོ་རྗེའི་སྒྲུབ་པའི་
ཐབས།
སྦྱོར་བ་ཡན་ལག་དྲུག་པ་ཞེས་བྱ་བའི་འགྲེལ་པ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ལུགས།
རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་
པའི་འགྲེལ་པ་རྩ་བའི་རྒྱུད་དང་རྒྱུད་ཕྱི་མ་གཉིས་བླ་མའི་མན་ངག་ལས་བྲིས་པ་ཞེས་བྱ་བ།
འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་
འགྲེལ་པ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ་ཞེས་བྱ་བ།
འཇམ་དཔལ་མཚན་རྒྱུད་ཀྱི་བཤད་འབུམ། འཕགས་པ་འཇམ་དཔལ་གྱི་
མཚན་ཡང་དག་པར་བརྗོད་པའི་གསང་བ་དང་ལྡན་པའི་སྒྲུབ་པའི་ཐབས།
མཚན་ཡང་དག་པར་བརྗོད་པ་བཀླག་པའི་སྒོམ་ཁོག འཕགས་པ་
འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་སྦྱིན་སྲེག་གི་རིམ་པ།
འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་གྱི་ཆོ་ག་ཡོན་ཏན་
འབྱུང་གནས་ཞེས་བྱ་བ།
འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་གསང་བ་དང་ལྡན་པའི་སྒྲུབ་པའི་ཐབས་ཀྱི་འགྲེལ་པ་ཡེ་
ཤེས་གསལ་བ་ཞེས་བྱ་བ་དང་། སྒྲུབ་ཐབས་གསང་བ་ལྡན་པའི་ཐིག་གི་ཆོ་ག
སྤྱན་དབྱེ་བའི་ཆོ་ག་རབ་གནས་བཅས་པ། འཕགས་པ་འཇམ་དཔལ་
རིན་པོ་ཆེའི་ཆོ་ག གསང་ལྡན་གྱི་ཐོ་ཡིག་དོན་བསྡུས་སུ་མཛད་པ།
འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་
གྱི་ཆོ་ག ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ཆེན་པོའི་སྒྲུབ་ཐབས།
རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་འགྲེལ་
པ་དང་། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་མན་ངག
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་དང་ཉི་ཁྲི་ལྔ་སྟོང་པ་དང་ཁྲི་
བརྒྱད་སྟོང་པ་གསུམ་དོན་མཐུན་པ་སོགས་འགྱུར་དང་ཕྱག་རྩོམ་མང་པོ་མཛད་པ་བཀའ་འགྱུར་དང་བསྟན་འགྱུར་དུ་བཞུགས།
སྐུ་ཚེའི་སྨད་དུ་ལྡན་ཁྲ་བོ་ལ་བརྒལ་ནས་ཕེབས།
ལྡན་ཀློང་ཐང་དུ་མངོན་པ་མཛོད་ཀྱི་བཤད་པ་རྒྱ་ཆེར་མཛད་པ་དང་དྲན་ཐང་ཕྱག་བཏབ་ནས་
གཤེགས་པས་གདུང་འབུམ་བདུད་ལས་རྣམ་རྒྱལ་ཡང་དེར་བཞེངས།
རབ་རྒྱལ་ས་ཁྱིའི་དུས་ངན་གྱི་རྗེས་སུ་ཉིད་ཀྱི་འདྲ་སྐུ་སྟ་རེས་གཏོར་བ་ལ་
དབུ་དེ་དད་ལྡན་ཞིག་གིས་ཉར་ཚགས་ཞུས་པ་དཔལ་ཡུལ་པདྨ་ཚེ་རིང་ལགས་ཀྱིས་༡༩༩༠ལོའི་བོད་ལྗོངས་ཞིབ་འཇུག་དེབ་གཉིས་པར་གསུངས་
ཤིང་།
འདིར་བཞུགས་པའི་པཎ་ཆེན་སྨྲྀ་ཏི་ཉིད་ཀྱིས་ཕྱག་ནས་མཛད་པའི་སྨན་སྐུ་དེ་ཡང་གཏོར་བ་ལ།
སྙིང་རྗེ་ཞེས་པའི་རྒན་པོ་ཞིག་གིས་དབུ་
དེ་ཉར་ཚགས་ཞུས་པས་ཁག་གཉིས་ཀ་ལ་དབུ་རེ་བཞུགས་པ་ནི་ཡ་མཚན་ནོ། །
བསྟན་པ་ཕྱི་དར་གྱི་དབུ་ཁོང་ནས་ཚུགས་པ་མཁས་དབང་དུ་མས་བཞེད་ལ་གསང་སྔགས་གསར་རྙིང་གི་མཚམས་ཁོང་གི་དུས་ནས་དབྱེ་བ་
གཅིག་མཐུན་དུ་གསུངས།
གང་ལྟར་བསྟན་པ་ཕྱི་དར་སྐབས་རྒྱ་གར་གྱི་པཎྜི་ཏ་བོད་དུ་བྱོན་པ་ཆེས་སྔ་བ་ཡིན་ལ་ལོ་ཙཱ་བ་སྔ་ཤོས་ཤིག་ཀྱང་ཡིན།
དྲན་ཐང་དུ་སྐུ་གཤེགས་པའི་དུས་ནི། འབྲོམ་སྟོན་གྱིས།
ད་ལྟ་རྒྱ་གར་ན་སུ་ཆེ་ཞུས་པས། སྨྲྀ་ཏིས། ངེད་རྒྱ་གར་ན་ཡོད་དུས་ནཱ་རོ་པ་ཆེ།
རྒྱལ་
རིགས་ལས་རབ་ཏུ་བྱུང་བའི་དགེ་སློང་དཱི་པཾ་ཀ་ར་བྱ་བ་ཡོད་པས་དེ་ད་ལྟ་བཞུགས་ན་ཁོང་ཆེ་བ་འོངས་གསུངས་པ་དང་།
ཇོ་བོ་རྗེ་བོད་དུ་
ཕེབས་རྗེས་བོད་སྟོན་རྣམས་ཀྱིས་སྨྲྀ་ཏི་བོད་ཀྱིས་མ་ཤེས་པར་རྫི་བོ་མཛད་ཚུལ་གྱི་རྒྱུ་མཚན་རྣམས་ཞུས་པས།
ཇོ་བོས། ཨ་ཙ་མ། བོད་བསོད་
ནམས་ཆུང་། ངེད་རྒྱ་གར་ཤར་ནུབ་གཉིས་ན་པཎྜི་ཏ་སྨྲྀ་ཏི་ལས་ལྷག་པ་མེད།
བོད་བསོད་ནམས་ཆུང་གསུངས་ནས་སྤྱན་ཆབ་བསིལ་བའི་ལོ་རྒྱུས་
བཅས་ལ་དཔགས་ན་ཁོང་ཇོ་བོ་རྗེ་ལས་བགྲེས་ཤིང་།
ཇོ་བོ་རྗེ་བོད་དུ་ཕེབས་ནས་ཕྲིན་ལས་རྒྱས་པའི་སྐབས་ཏེ་རབ་བྱུང་དང་པོའི་སྐོར་གསུམ་པ་
ཕྱི་ལོ་༡༠༥༠ཙམ་ནས་གཤེགས་ཟིན་པ་ཡིན་ནམ་སྙམ།
དཔའ་རིས་བསྟན་པའི་རྒྱལ་མཚན་གྱིས་གཤེགས་པའི་དུས་ཕྱི་ལོ་༡༠༣༣ཡིན་པ་མཚོ་སྔོན་
སློབ་གསོའི་དུས་དེབ་ཏུ་གསུངས་ཤིང་ལུང་རིགས་གང་ལ་བརྟེན་པ་མི་གསལ།
གཞན་ཡང་རྫུ་འཕྲུལ་དུ་མའི་སྒོ་ནས་སེམས་ཅན་གྱི་དོན་མཛད་
ཚུལ་ནི་དེབ་དམར་སྔོན་དང་། མཁས་པའི་དགའ་སྟོན། བུ་སྟོན་ཆོས་འབྱུང་།
འཛོམ་ཉག་མཆོད་རྟེན་གྱི་དཀར་ཆག་གླུ་སྙན་སོགས་བོད་སྤྱིའི་ལོ་
རྒྱུས་སུ་པཎ་ཆེན་སྨྲྀ་ཏིའི་རྣམ་ཐར་མ་བཀོད་པ་ཕལ་ཆེར་མེད་ཅིང་།
ཁོང་མུ་སྟེགས་པའི་ངན་སྔགས་ཀྱིས་རྒྱ་གར་ནས་བསྐྲད་པ་དང་ཡུམ་གྱི་
སྒྲིབ་པ་སྦྱོང་བའི་ཆེད་དུ་ཕེབས་པའི་ལོ་རྒྱུས་ཀྱང་ཡོད་དེ།
དཔེར་ན་མྱང་ཆོས་འབྱུང་ལས། པཎྜི་ཏ་སྨྲྀ་ཏི་ནི་ཤཱན་ཏི་པ་དང་ནཱ་རོ་པའི་སློབ་མ་
ཡིན།
རྒྱ་གར་ཤར་ནུབ་གུང་གསུམ་ན་མཁས་པ་རྩོད་བྲལ་དཔྱལ་ལོའི་གསུང་ལས་འདི་ཤིན་ཏུ་མཁས་པས་མུ་སྟེགས་ཚོགས་ཀྱིས་རྩོད་པར་མི་ནུས།
མུ་སྟེགས་ཀྱི་བསྟན་པ་སྣུབས་དགོས་པས་ན།
མུ་སྟེགས་པ་ངན་སྔགས་བསྐྲད་འཁོར་གྱི་སྐྱོན་གྱིས་པཎྜི་ཏ་གཉིས་འཁྱམས་དགོས་པ་བྱུང་དུས།
ཡང་
ཡུམ་གྱི་དོན་དུ་རྟ་ནག་ཏུ་ཕྱུགས་རྫི་མཛད་སྐབས་སུ་གཙུག་ལག་ཁང་བཞེངས།
རི་ཁུད་ཀྱི་རྔ་བོ་ཆེ་སོགས་ཤངས་ཕུ་ལྷ་བུའི་ས་ཕྱོགས་ཤངས་སྐྱོར་
མོ་ལུང་དུ་ཡུམ་ཁྱི་མོར་འཁྲུངས་པ།
ཁྱི་མོ་དེ་ཚ་ངར་རྩུབ་འགྱུར་ཆེ་ཞིང་སེམས་རྒྱུད་མ་རུང་ཞིང་མི་སྡུག་པ་དང་ལྡན་པས་ན་ཡུམ་ཁྱི་མོ་ལ་བརྩེ་
དུང་ཆེ་བས་ཁྱི་མོ' |