༄༅།
།གཤམ་འགུལ་དགོན།
|
༄༅། །གཤམ་འགུལ་བཀྲ་ཤིས་ཆོས་འཁོར་གླིང་།
དགོན་སྡེ་འདི་ནི་ཡུལ་འདན་( ལྡན)མ་སྟོད་ཀྱི་ཆར།
སྔར་བོད་སྡེ་པ་གཞུང་གི་མངའ་ཁོངས་ཀྱི་ནང་ཚན་དཔལ་ས་སྐྱའི་མཆོད་གཞིས་གཡག་འདམ་
ཐོག་བླ་དཔོན་གཉིས་ཀྱིས་སྐྱོང་ལ།
རྫོང་དམར་སྡེ་དགོན་བདུན་ཞེས་འབྲི་ཆུའི་ཤར་ནུབ་ཏུ་ཆགས་ཡོད་པའི་ནང་གི་དགོན་པ་གཅིག་ཡིན་ཀྱང་ཕྱིས་
དུས་འགྱུར་རྗེས་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་བཅད་པས་ད་ལྟ་ཡུལ་ཤུལ་རྫོང་དཔལ་ཐང་ཡུལ་ཚོའི་ཁོངས་གཏོགས་ཡིན།
ཐོག་མར་ཕྱག་འདེབས་པ་པོ་རྗེ་རྒྱལ་དབང་ཀརྨ་པ་རང་བྱུང་རྡོ་རྗེའི་དངོས་སློབ་རྒྱལ་བསྟན་བྱ་བྲལ་བས་རྒྱལ་བའི་དབང་པོའི་བཀའ་ལུང་བཞིན་
ཕྱག་བཏབ། དེའི་དུས་ཚོད་ཕལ་ཆེར་རབ་བྱུང་ལྔ་པའི་སྨད་ཙམ་ལ་ཡིན་པར་གྲགས།
རྒྱལ་བསྟན་གྱིས་ཐོག་མར་ས་གཟིགས་དུས་ཞབས་རྗེས་དང་སྐུའི་
རྗེས་གསལ་པོ་ཡོད་ཀྱང་དེ་དག་ནི་གཏོར་སྐྱོན་འོག་ཏུ་ཤོར།
རྒྱལ་དབང་ཀརྨ་པ་སྐུ་ཕྲེང་མང་ཙམ་ཞིག་དགོན་འདིར་ཕེབས་ནས་གཟིགས་སྐྱོང་རྒྱ་ཆེར་མཛད།
རྗེ་བདུན་པ་ཉིད་ཀྱི་ཕྱག་བཟོ་ཡེ་ཤེས་པ་དངོས་སུ་
བཞུགས་པའི་བེར་ཅན་གྱི་འཇིམ་སྐུ་ཐོག་རྩེག་གཅིག་ཙམ་དང་གཞན་ལྷ་མོ་འཁོར་ལྔ་བཅས་བཞུགས་པའི་མགོན་ཁང་ཆེན་མོ་ཕྱིས་བར་མཆིས།
དེ་
འབྲེལ་རྒྱལ་དབང་ན་རིམ་གྱིས་གནང་བའི་བཅའ་ཡིག་སོགས་གཞི་རས་སེར་པོ་སོགས་ཀྱི་སྟེང་ལ་ཡི་གེ་བཀོད་ཡོད་པ་མང་དུ་བཞུགས།
རྒྱལ་དབང་ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་སྐབས་སུ་དགོན་འདི་སོག་པོའི་དམག་གིས་གཏོར་བཤིག་ཚབས་ཆེན་བྱས་ནས་བར་དེར་དགོན་པ་མིང་མ་
སྟོང་ཙམ་དུ་གྱུར།
སྒང་ཁང་པ་ཞེས་སྔོན་དགེ་ལུགས་དགོན་པ་ཞིག་ཆགས་མོད་དེ་ཡང་ཕྱིས་མེ་སྐྱོན་གྱིས་ཉམས་ཞིག་སོང་སྐད།
དགོན་དེའི་རྟེན་དུ་
གྲགས་པའི་རྗེ་བློ་བཟང་གྲགས་པ་དང་རྒྱལ་ཚབ་རྗེའི་སྐུ་བརྙན་མི་ཚད་ལྷག་ཙམ་ཕྱིས་བར་བཞུགས།
རྒྱལ་དབང་ཀརྨ་པ་བཅུ་གསུམ་པའི་སྐབས་དེར་འདིར་ཡོད་བླ་གྲྭ་རྣམས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་གྱི་སྒོ་ནས་ཉམས་པ་སོར་ཆུད་བྱས་པ་མ་
ཟད་མི་ཉམས་གོང་འཕེལ་ཕྱིར་དུ་སྒྲུབ་གནས་ཚུགས་པ་སོགས་རིམ་བཞིན་བརྟས་པར་བྱས།
དགོན་འདིར་སྤྲུལ་སྐུ་གསུམ་བཞུགས་པ་ལས། ཞམ་པ་སྤྲུལ་སྐུ་ནི།
སྔོན་ཞམ་པ་ཚང་ཞེས་པའི་དུད་ཚང་ཞིག་ལ་བླ་མ་གསུམ་འཚར་ལོངས་བྱུང་བ་ནི།
ཞམ་པ་ཀུན་ཁྱབ། ཞམ་པ་སྙན་གྲགས།
ཞམ་པ་བསམ་གཏན་གསུམ་བྱུང་བའི་ཞམ་པ་བསམ་གཏན་སྐུ་གཤེགས།
དེའི་ཡང་སྲིད་སྐུ་ཕྲེང་གཉིས་པ་དགུང་
ལོ་ཉེར་ལྔ་བཞུགས་ཏེ་སྐུ་གཤེགས།
སྐུ་ཕྲེང་གསུམ་པ་ཀརྨ་ངེས་དོན་མདོ་སྔགས་བསྟན་འཛིན་ནི།
རབ་བྱུང་བཅོ་ལྔ་པའི་ཤིང་སྦྲུལ་ཕྱི་ལོ་( ༡༩༠༥)ལོར་འཁྲུངས།
སྐུ་ན་ཕྲ་བའི་དུས་སུ་
འབྲི་ཀློག་དང་ཆོ་ག་ཆོས་སྤྱོད་ཐུགས་འཛིན་མཛད།
དེ་རྗེས་མཁན་ཆེན་བཀྲ་ཤིས་འོད་ཟེར་དང་མཁན་གཞན་དགའ་རིན་པོ་ཆེ། སི་ཏུ་པདྨ་དབང་
མཆོག་རྒྱལ་པོ། དིལ་ཆུང་བླ་མ་བཀྲ་ཤིས་ཚེ་རིང་།
དིལ་མགོ་མཁྱེན་བརྩེ་རྣམས་བསྟེན་ཏེ་གསར་རྙིང་གི་ཆོས་བཀའ་མང་དུ་གསན།
དཔལ་སྤུངས་སྒྲུབ་
གྲྭར་ལོ་གསུམ་བཞུགས།
རྒྱུན་དུ་ཐུགས་དམ་གྱིས་དུས་འདའ་བར་མཛད་ཅིང་ཁྱད་པར་གཞི་གསུམ་གྱི་ཕྱག་རྒྱུན་གཏན་འཛུགས་དང་བསྟན་པ་ལ་དག་
ཐེར་སོགས་མཛད།
སྐྱེས་རབས་དང་གསེར་ཕྲེང་སོགས་སྒར་བྲིས་ཀྱི་ཞལ་ཐང་གསར་བཞེངས་མཛད་དེ་མཐར་ས་གླང་ལོར་དགོངས་པ་ཆོས་དབྱིངས་
སུ་གཤེགས།
སྐུ་ཕྲེང་བཞི་པ་ཀརྨ་བློ་གྲོས་སྒྲ་དབྱངས་ནི། རབ་རྒྱལ་ལྕགས་ཡོས་(
༡༩༥༡)ལོར་འཁྲུངས། བྱམས་མགོན་པདྨ་དབང་མཆོག་རྒྱལ་པོས་ངོས་འཛིན་
མཛད་དེ་མཚན་ཀརྨ་བློ་གྲོས་སྒྲ་དབྱངས་གསོལ།
དགུང་གྲངས་ལྔ་བཞེས་སྐབས་ཁྲིར་མངའ་གསོལ།
དེ་ནས་ལོ་གསུམ་གྱི་རིང་ལ་དགོན་དུ་སློབ་གཉེར་
མཛད་མུར་དུས་འགྱུར་བྱུང་། སྐབས་དེར་མི་དམངས་ཁྲོད་དུ་ངལ་རྩོལ་ལ་ཞུགས།
ཕྱིས་ཕྱི་ལོ་༡༩༨༣ལོར་དགོན་པ་ཉམས་གསོའི་ཤིང་ཆ་འདྲེན་སྐབས་
རླངས་འཁོར་རྦབ་ཏུ་འགྲིལ་ཏེ་གཤེགས།
གཅོད་པ་སྤྲུལ་སྐུ་སྐུ་ཕྲེང་དགུ་པས་བསྟན་དགོན་ལ་མཛད་རྗེས་བླ་ན་མེད་པ་ཞིག་བཞག་སྟེ་དགོངས་པ་ཆོས་དབྱིངས་སུ་ཐིམ།
སྐུ་ཕྲེང་བཅུ་པ་མཆོག་ནི་རབ་རྒྱལ་ཆུ་འབྲུག་(
༡༩༥༢)ལོར་ལ་དྭགས་ལ་ཕེབས་ཤིང་ཕྱིས་ཕྱི་ལོ་༡༩༩༤ལོར་སྐུ་གཤེགས།
ཨ་གྲོ་སྤྲུལ་སྐུ་ད་བར་སྐུ་ཕྲེང་བཅོ་ལྔ་བྱོན་ལ་སྐུ་ཕྲེང་དང་པོ་དང་གཉིས་པ་སོགས་ནི་སྔོན་རབས་ལོ་རྒྱུས་ཀྱི་ཡིག་ཆ་དང་རྒན་རབས་ཀྱི་ངག་རྒྱུན་
གང་ཡང་མེད་སྟབས་རེ་ཞིག་མཛད་རྣམ་མ་འཚལ།
སྐུ་ཕྲེང་བཅུ་བཞི་པ་ཀརྨ་ལེགས་བཤད་སྒྲ་དབྱངས་ནི།
ཀརྨའི་མཁན་ཆེན་རིན་ཆེན་དར་རྒྱས། འབྲོང་པ་བླ་རྒན་བསྟན་འཛིན་ཆོས་རྒྱལ།
དྲུང་ཆོས་ཀྱི་
ཉིན་བྱེད་རྣམས་བསྙེན་ཏེ་མདོ་སྔགས་ཀྱི་ཆོས་རྣམས་གསན་བཞེས་མཛད།
ཡོངས་དགེ་གྲོ་ལོད་མགོ་ཟླ་བའི་ཚེས་ནས་རྒྱུན་ཚོགས་དང་ཁྱད་པར་ཚེས་
བཅུ་ཆེན་མོ་གར་འཆམ་གྱི་དུས་སྟོན་གསར་འཛུགས།
བླ་བྲང་ཉམས་གསོ་སོགས་མཛད་དེ་ཕྱི་ལོ་༡༩༣༩ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།
སྐུ་ཕྲེང་བཅོ་ལྔ་པ་ཀརྨ་སྒྲུབ་བརྒྱུད་ངེས་དོན་བསྟན་འཕེལ་ནི།
གཡག་འདམ་ཐོག་གི་དཔོན་ཚང་ལ་འཁྲུངས། དགུང་ལོ་བཞིར་སོན་སྐབས་བྱམས་
མགོན་པདྨ་དབང་མཆོག་རྒྱལ་པོས་ངོས་འཛིན་མཛད་དེ་མཚན་ཀརྨ་སྒྲུབ་བརྒྱུད་ངེས་དོན་བསྟན་འཕེལ་ཞེས་བསྩལ་ནས་ཁྲིར་མངའ་གསོལ།
དགུང་
ལོ་དྲུག་བཞེས་སྐབས་འབྲི་ཀློག་བསླབས།
དེ་ནས་བན་ཆེན་མཁན་པོ་ཀརྨ་བཟོད་པ་མཐར་ཕྱིན་དང་།
ཀོང་སྤྲུལ་དཔལ་ལྡན་མཁྱེན་བརྩེ་འོད་ཟེར།
གཉན་པ་སྐུ་ཕྲེང་དགུ་པ།
ཁྱད་པར་བཀའ་དྲིན་སུམ་ལྡན་རྒྱལ་དབང་རིག་པའི་རྡོ་རྗེ་དང་དིལ་མཁྱེན་རྡོ་རྗེ་འཆང་རྣམས་ཀྱིས་བརྩེ་བས་རྗེས་སུ་འཛིན་
པའི་བཀའ་དྲིན་ཁོ་ནས་གསོན་དུ་འཚོ་བ་དང་ཕྱིས་རྒྱལ་བསྟན་གསལ་བའི་ཉི་གཞོན་དབུ་བརྙེས་པའི་སྐབས་དེར་རང་དགོན་ཉམས་གསོ་ལེགས་པར་
བགྱིས་ཏེ་ད་གཟོད་ཉིན་མཚན་ཐང་ལྷོད་མེད་པར་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་བཞིན་ཆོས་སྡེ་ཆེན་པོ་གཤམ་འགུལ་བཀྲ་ཤིས་ཆོས་
གླིང་དུ་བཞུགས་པའོ། །
དེས་ན་འདིར་རྟེན་དང་བརྟེན་པའི་སྐོར་ལ། འདུ་ཁང་གཉིས་ལ་ཀ་བ་༤༣
མགོན་ཁང་དང་སྒྲུབ་ཁང་སོགས་ཁང་ཁག་བཅུ་གཉིས་ལ་ཀ་བ་༣༦
གཞན་ཇ་ཁང་སོགས་ཁང་ཁག་གསུམ་ལ་ཀ་བ་༥༠
སྒེར་སོ་སོའི་གྲྭ་ཤག་༧༠བཅས་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༥༣༨༠
གྲྭ་པ་༢༢༥ ལོ་གཅིག་
གི་རིང་ལ་ཚོགས་པ་གཏན་ཆགས་དགུ་ཆེན་གཙོས་ཉིན་གྲངས་༡༩༤ཚོགས།
གཉན་པ་སྐུ་ཕྲེང་དགུ་པས་དགོན་པ་འདི་མཚུར་ཕུའི་དགོན་ལག་རེད་ཅེས་གསུངས་མྱོང་།
གཞི་གསུམ་གྱི་ཕྱག་རྒྱུན་དང་གཞན་སྒྲུབ་མཆོད་གང་
ཡིན་ཐམས་ཅད་མཚུར་ཕུའི་མཐོང་བ་བརྒྱུད་པའི་ལུགས་ལྟར་ཡིན་ཞེས་བཤད་སྲོལ་འདུག
འདིར་མཆིས་པའི་སྨན་འདག་ལས་བསྐྲུན་པའི་ཇོ་བོའི་སྐུ་བརྙན་དང་ཨོ་རྒྱན་རིན་པོ་ཆེ།
རྡོ་རྗེ་སེམས་དཔའ་བཅས་ཀྱི་སྐུ་བརྙན་ཐོག་རྩེག་ཉིས་ཚད་
དང་། མར་མི་དྭགས་གསུམ་གྱི་སྐུ་བརྙན་མིའི་ཚད་ལྷག
སྟོན་པའི་སྐུ་བརྙན་ཐོག་རྩེག་གཅིག་ཙམ་ཅན།
མར་མེ་མཛད་དང་རྒྱལ་བ་བྱམས་པའི་སྐུ་ཐོག་
རྩེག་ཕྱེད་དང་། གཞན་ཡང་ཐུགས་ཀར་བྱེའུ་དྲོད་མ་དང་།
སྒྲོལ་མའི་སྐུ་རྙིང་ཁྱད་འཕགས་ཅན།
ཚེས་བཅུའི་སྒྲུབ་མཆོད་རྟེན་གཙོ་གུ་རུའི་སྐུ་རྙིང་མ་
བྱིན་ལྡན་གཙོས་སྐུ་རྙིང་བརྒྱ་ཕྲག་ལྷག་དང་།
མདའ་ཚད་ཙམ་གྱི་གདུང་རྟེན་ཁ་ཤས་དང་བཀའ་གདམས་མཆོད་རྟེན།
ཕྱི་ཡི་རྟེན་རྒྱ་བཟའ་ཀོང་ཇོས་
བཞེངས་པར་གྲགས་པའི་མཆོད་རྟེན་ད་ལྟའང་བཞུགས་པ་བཅས་སྐུ་རྟེན་དང་ཐུགས་རྟེན་༡༥༠༠ལྷག
གསུང་རྟེན་རྒྱལ་བའི་བཀའ་འགྱུར་ཚར་ཁ་ཤས་
དང་བསྟན་འགྱུར། གསེར་གྱིས་བྲིས་པའི་འབུམ་རྒྱས་འབྲིང་བསྡུས་གསུམ་ཚར་གཉིས།
གཞན་མཛོད་ཆེན་རྣམ་ལྔ་དང་འདོན་ཆའི་སྐོར་སོགས་པོད་
༤༠༠༠ལྷག་དང་མ་ཎིའི་དུང་འཁོར་མང་ཙམ་བཅས་བཞུགས།
ཞལ་ཐང་གི་རིགས་ལ་ཐུབ་པའི་སྐྱེས་རབས་ཆ་ཚང་དང་གནས་བརྟན་བཅུ་དྲུག གུ་
རུའི་སྐྱེས་རབས་ཤེལ་བྲག་མ་བཅས་བྲིས་རྒྱུན་ཁྱད་འཕགས་ཅན་དང་།
སྒ་བྲིས་ཀྱི་སྐྱེས་རབས། བཀའ་བརྒྱུད་གསེར་ཕྲེང་། སྨན་བླའི་ཞིང་བཀོད་བཅས་
ཀྱིས་མཚོན་པའི་ཞལ་ཐང་གྲངས་༡༠༠༠ལྷག
རོལ་སིལ་དང་དུང་དཀར་དམར་གཙོས་མཆོད་ཆས་གྲངས་༥༠༠༠ལྷག ཞིང་ཁལ་༦༠༠ རྟ་དྲེལ་༣༠
ནོར་
༤༠༠བཅས་མཆིས།
ཕངས་པ་ཞིག་ལ་དེ་ནས་ས་ཕོ་ཁྱིའི་ལོར་ཟིང་འཁྲུག་སྐབས་དང་ཕྱིས་རིག་གསར་གྱི་རླབས་རྒྱུན་དྲག་པོས་ཐམས་ཅད་མི་མངོན་དབྱིངས་སུ་གཤེགས་
མོད།
འོན་ཀྱང་རབ་རྒྱལ་ཤིང་གླང་ཕྱི་ལོ་༡༩༨༥ལོའི་ས་ག་ཟླ་བའི་དཀར་ཕྱོགས་དགའ་བ་གསུམ་པའི་ཉིན་གོང་ནས་ཆོས་སྒོ་འབྱེད་ཆོག་པའི་བཀའ་
དྲིན་གནང་སྟེ་ཉམས་གསོའི་གོ་སྐབས་ཐོབ་པས་དད་ལྡན་ཡུལ་གྱི་མང་ཚོགས་སྤྱི་དང་ཁྱད་པར་དུ་ཨ་གྲོ་སྤྲུལ་སྐུ་དང་ཞམ་པ་སྤྲུལ་སྐུ་(
ད་ལྟ་གཤེགས་
ཟིན)རྣམ་གཉིས་ཀྱིས་གཙོ་འགན་བཞེས་ཏེ་གསར་དུ་བཞེངས་པའི་རྟེན་དང་བརྟེན་པའི་སྐོར་ལ།
གཙུག་ལག་ཁང་ཐོག་རྩེག་གསུམ་ཅན་འོག་ཁང་ཀ་
བ་༡༦ བར་ཁང་ཀ་བ་༤སྟེ་ཁང་མིག་གཅིག མགོན་ཁང་བཞི་ལ་ཁྱོན་ཀ་བ་༡༦
གཞན་སྤྱི་ཁང་བཞི་ལ་ཁྱོན་ཀ་བ་༡༠༠ སྒེར་སོ་སོའི་གྲྭ་ཤག་༡༤བཅས་
འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༢༨༢༠ གྲྭ་པ་གཏན་ཁེལ་༣༠
འདུལ་ཁྲིམས་མ་ཉམས་པ་གཙོར་བཟུང་གི་ཐོག་དཔལ་འོག་མིན་མཚུར་མདོ་བོ་
ལུང་གི་མཐོང་བ་བརྒྱུད་པའི་ལུགས་ལྟར་བགྲང་བྱ་གཅིག་གི་རིང་ལ་ཚེས་བཅུའི་དུས་མཆོད་དང་དགུ་ཆེན་གཙོས་ཉིན་གྲངས་༣༥ཡོད།
སྐུ་རྟེན་གསར་
རྙིང་༤༥ གསུང་རྟེན་པོད་༢༥༠༠ ཞལ་ཐང་གྲངས་༦༠ གཞན་མཆོད་ཆའི་སྐོར་༡༠༠༠ལྷག
ནོར་༧༠ ཚོང་ཁང་༡ སྨན་ཁང་༡བཅས་མཆིས་སོ། །
|
|