กก

༄༅། །རུ་འདྲེན་དགེ་དགོན།

༄༅། །རུ་འདྲེན་དགེ་དགོན།
རུ་འདྲེན་དགེ་དགོན་གྱི་བྱུང་བ་མདོར་ཙམ་བརྗོད་ན། དགོན་འདི་ནི་ཡུལ་ཤུལ་རྫོང་གི་ཁོངས་གཏོགས་རབ་སྨད་ཡུལ་ཚོའི་མངའ་ཁོངས། སུ་རུག་གྲོང་
སྡེའི་སྐྱིལ་ཀྲུང་ཁ་ཞེས་རྡོ་རྗེ་ཕག་མོའི་ལྟེ་བ་འདྲ་བའི་གནས་མཆོག་འདི་ནི། སྤྱིར་བཏང་འཇིག་རྟེན་པའི་ལྷ་རིགས་འདུ་བའི་གནས་མིན་པར་དཔལ་རྡོ་
རྗེ་ཕག་མོའི་ཕོ་བྲང་སྟེ་མཁའ་འགྲོ་འདུས་པའི་གནས་རི་ཡིན་པས། ལྷག་པར་རྣལ་འབྱོར་མའི་སྒྲུབ་པ་ཉམས་ལེན་བྱེད་པའི་གནས་སུ་ངོས་འཛིན་བྱེད་
ཅིང་། མདུན་རི་ལ་བཀྲ་ཤིས་རྟགས་བརྒྱད་དང་ཐད་ལ་དུང་དཀར་གཡས་འཁྱིལ་གྱི་མཚན་མ་མངོན་གསལ་དོད་ཅིང་ཡ་མཚན་དང་ལྡན། འདུ་ཁང་
གི་མདུན་རྒྱབ་གཡས་གཡོན་ཀུན་ཏུ་སྔོ་ལྗང་རྩྭ་ལོ་སྟུག་པོ་རྒྱས་པར་རི་སྐྱེས་རྐང་འཐུང་སྣ་ཚོགས་ཚང་ཚིང་དུ་འཁྲིགས་ཤིང་དྲི་ཞིམ་བར་མེད་ལྡང་བ།
དྲི་འཛིན་ཁང་ནས་སྡོམ་བཙུན་ངུར་སྨྲིག་འཆང་བའི་བཙུན་མ་རྣམས་ཀྱིས་ཆགས་མེད་བདེ་སྨོན་དབྱངས་རྟ་མཐོན་པོར་གྱེར་བས་སྙན་ཞིང་འཇེབས་
པས་རྣ་དབང་འཕྲོག་པ། ཕྱི་རོལ་ཏུ་དྲི་ལྡན་མེ་ཏོག་གསར་པར་ཆགས་པའི་བུང་བའི་ཚོགས་ཀྱིས་འཕུར་ལྡིང་གཡོ་ཞིང་དབྱངས་སྙན་དར་དིར་སྒྲོག་པ།
ལྗོན་ཤིང་ཡལ་གར་དཔྱིད་ཀྱི་རྒྱལ་མོ་དང་འཇོལ་མོ་སོགས་བྱ་བྱེའུ་ཚོགས་དགའ་ཞིང་འཕྱོ་ལ་ལྡིང་ཞིང་སྐད་སྙན་འབྱིན་པའི་སྒྲས་ནོར་འཛིན་གྱི་གཞི་
འདིར་ཡོངས་སུ་གང་བ་ལས། དོན་མེད་ཀྱི་མི་ཚོགས་འདུ་བ་དང་། ཚེ་འདི་སྣང་གི་འདི་འཛི་དང་ཅ་ཅོ་དབེན་ཞིང་འགྲིམ་འགྲུལ་ཉུང་བ། ཆོས་བསྒྲུབ་
པ་ལ་མི་དང་མི་མ་ཡིན་གྱི་འགལ་རྐྱེན་བར་ཆད་འབྱུང་དཀའ་བ། སྒྲུབ་པ་ཉམས་སུ་བླངས་ན་ཚེ་འདིར་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་འཐོབ་
པར་བྱེད་པ་དེ་ལྟར་རང་བཞིན་གྱིས་དབེན་གནས་ཕུན་སུམ་ཚོགས་པའི་དགའ་ཚལ་དུ་ཐོག་མར་དགེ་དགོན་ཕྱག་ཇི་ལྟར་བཏབ་བམ་སྙམ་ན། དེ་ནི་
སྔོན་གྲུབ་པའི་དབང་ཕྱུག་ཆེན་པོ་དཔལ་ཨོ་རྒྱན་ཚངས་དབྱངས་རྒྱ་མཚོའམ་རིག་འཛིན་བདུད་འདུལ་རྡོ་རྗེ། ཡང་ན་ཁྲག་འཐུང་རྔམ་བརྗིད་དཔའ་བོ་
ཞེས་ས་གསུམ་ན་འགྲན་ཟླ་དང་བྲལ་བ་དེ་ཉིད་ཀྱིས་ཕྱག་བཏབ། ཁོང་ནི་རབ་བྱུང་བཅུ་བཞི་པ་མེ་ཕོ་རྟའི་( ༡༨༤༦)ལོར་ལྕི་ཆུ་ཡུལ་ཚོའི་གེ་བཅགས་
ཚང་ལ་འཁྲུངས་པར་གྲགས། སྐུ་ན་ཆེས་ཕྲ་བའི་དུས་ནས་ཐུགས་རིག་ཤིན་ཏུ་བཀྲ་བས་འབྲི་ཀློག་སོགས་ཚེགས་མེད་མཁྱེན་ཅིང་། འཁོར་བ་ནི་སྡུག་
བསྔལ་གྱི་རྒྱ་མཚོར་གཟིགས་ཏེ་ངེས་འབྱུང་དང་བྱང་ཆུབ་སེམས་ཀྱིས་རྒྱུད་བསྐུལ་ཏེ་རབ་ཏུ་འབྱུང་བར་འདོད་ཀྱང་ཁྱིམ་གྱིས་མ་གནང་། དགུང་ལོ་
ཉེར་ལྔའི་ཐོག་ནང་ཆེན་ཚེས་བཅུ་དགོན་དུ་ཕེབས་ཏེ་བླ་མ་གྲུབ་དབང་ཚོགས་གཉིས་ལ་བསྟེན་ནས་དབང་དང་གདམས་ངག་མང་དུ་ཞུས་པས་ཐུགས་
རྒྱུད་ཡོངས་སུ་གཏམས་པར་གྱུར། དགུང་ལོ་ཞེ་བདུན་སྟེང་ཁྱིམ་གཞི་སྟོངས་ནས་གནས་དེར་དགེ་དགོན་གྱི་རྩ་བར་གྱུར་པའི་གདན་ས་ཞིག་འདེབས་
པར་དགོངས་ཏེ་རྒྱུ་ནོར་ཡོད་དོ་ཅོག་གཙུག་ལག་ཁང་བཞེངས་པའི་མཐུན་རྐྱེན་སྦྱར( ད་ལྟ་ནང་ཆེན་གེ་བཅགས་ཞེས་པ་དེའོ།) ཕྱིས་སློབ་མ་བཀྲ་ཤིས་
རྒྱ་མཚོ་དང་མཉམ་དུ་དགོན་ས་རྒྱག་བཞིན་པའི་སྐབས་( དགེ་དགོན་ཉི་ཤུ་ཙམ་བཏབ་པར་གྲགས)། ཁོང་དཔོན་སློབ་ཀྱིས་གནས་འདིར་ས་དཔྱད་
སོགས་གཟིགས་པས་ལེགས་པར་དགོངས་ཏེ་རབ་བྱུང་བཅོ་ལྔ་པ་ས་ཁྱིའི་( ༡༨༩༨)ལོར་ཆོས་རྒྱུད་རྙིང་མར་གཏོགས་པའི་དགེ་དགོན་འདི་བཏབ།
གཙུག་ལག་ཁང་ཀ་བ་བཞི་ཅན་ཞིག་བཞེངས། དགོན་དེ་ལ་བཀྲ་ཤིས་མཐོང་སྨོན་གླིང་ཞེས་མཚན་གསོལ་གནང་། ཕྱིས་རིམ་བཞིན་སུ་རུག་དགོན་
པའམ་རུ་འདྲེན་དགེ་དགོན་ཞེས་པའི་མིང་ཆགས། དེ་སྐབས་བཙུན་མ་བཅུ་ཕྲག་ཁ་ཤས་ཡོད་ལ་དེ་ནས་རིམ་བཞིན་ཇེ་འཕེལ་སོང་བས་མཐར་བརྒྱ་
ཕྲག་ལྷག་ཙམ་བཞུགས། སྒྲུབ་ཁང་ཞིག་བཞེངས་པར་མ་ཟད། དགེ་ཤག་ཀྱང་༨༠ཙམ་ཞིག་བཞེངས་གྲུབ། རྟེན་གསུམ་གཙོ་བོ་ནི། སུ་རུག་ཚང་གིས་
གནང་བའི་ཤོག་ནག་གསེར་འབུམ་( གསེར་ལིང་དུ་གོག་རྒྱུ་ཡོད་པ་ཞིག་བཞུགས)གཙོས་རྟེན་གསུམ་དང་མཆོད་ཡོ་མཁོ་དགུ་ཆ་ཚང་བཞུགས། དགོན་
པའི་སྒྲིག་སྲོལ་དང་ཉམས་ལེན་སྐོར་ནི། ལུང་རྟོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་མཐའ་དག་སྐྱེ་བའི་རྟེན་ཚུལ་ཁྲིམས་བསླབ་པ་ཁོ་ནར་ཤེས་པ་
དང་། དེ་ཡང་སྡོམ་པ་མ་ཐོབ་པ་འཐོབ་པར་བྱེད་པ་ལ་ཐོག་མར་གེ་བཅགས་བླ་མའི་མདུན་ནས་དགེ་བསྙེན་མའི་སྡོམ་པ་བཞེས། དེ་ནས་སྔོན་འགྲོ་
འབུམ་བཞི་བསགས་ཏེ་ཚོགས་སུ་ཞུགས་ཆོག་པ་དང་དགེ་ཚུལ་མའི་རྟེན་དུ་ཡང་བསྒྲུབ། སྒྲུབ་གྲྭ་དེར་བཞུགས་སྐབས་བཙུན་མ་བརྒྱད་དང་བཅུ་གསུམ་
བཅུ་བདུན་བཅས་གང་རུང་འཛོམ་དགོས་ལ། དེ་ཡང་ཐོག་མར་དགེ་འདུན་ཚོགས་པའི་གྲལ་མཐའ་ནས་སྟོང་ཕྱག་འཚལ་བ་དང་། དཀར་མེ་སྙན་དང་
མང་ཇ་སོགས་ཀྱིས་བསྙེན་བཀུར་བྱས་ཏེ། ད་གཟོད་སྒྲུབ་གྲྭར་ཞུགས་ཆོག་པ་དང་ལོ་གསུམ་ཟླ་གསུམ་ཞག་གསུམ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་དགོས།
དགོན་འདི་ལ་དགེ་བསྐོས་གཉིས་དང་དབུ་མཛད་གཉིས་སྤྱི་གཉེར་གཉིས་བཅས་བཞུགས་པ་ལ། དབུ་མཛད་ནི་ལོ་གསུམ་ལ་བཞུགས་དགོས་ཤིང་།
དགེ་བསྐོས་དང་སྤྱི་གཉེར་གཉིས་ལོ་གཉིས་ནས་བརྗེ་སྲོལ་ཡོད། ཟླ་རེའི་ནང་དུས་མཆོད་ཉིན་གསུམ་རེ་ཚོགས་པའི་ཐེབས་རྩ་ཡོད།
འོན་ཀྱང་རབ་བྱུང་བཅུ་དྲུག་པ་ས་ཁྱིའི་( ༡༩༥༨)ལོར་དྲག་པོའི་ཟིང་འཁྲུག་སྐབས་མི་རིགས་སོ་སོའི་ཆོས་ལུགས་དང་རིག་གནས་ཡུལ་སྲོལ་གོམས་
འདྲིས་སོགས་ཉམ་དམས་སུ་གྱུར་སྟབས་དགོན་འདི་ཡི་རྟེན་དང་བརྟེན་པའང་བ་མོ་ལ་ཉི་ཟེར་བཞིན་དུ་གྱུར་རུང་། རབ་བྱུང་བཅུ་བདུན་པ་ས་འབྲུག་
ལོའི་( ༡༩༨༨)ཟླ་༣པའི་ཚེས་༨ཉིན་ཡང་དག་སྲིད་ཇུས་འོག་རིམ་བཞིན་དགོན་འདི་ཡང་ཆོས་ལུགས་ཀྱི་མཛད་སྒོ་སྤེལ་ཆོག་པའི་ཆོག་མཆན་ཐོབ་པར་
བརྟེན། ཇོ་བགྲེས་གཞོན་དང་ཆོས་དད་པ་ཁ་ཤས་ཀྱིས་མཁར་ལས་ཀྱི་ངལ་རྩོལ་ལ་ཞུགས་པས་ད་ལྟ་རྟེན་གཙོ་རྣམས་སླར་མི་མཇལ་བ་མ་གཏོགས།
གཙུག་ལག་ཁང་དང་སྒྲུབ་ཁང་རྣམས་ཕལ་ཆེར་སྔོན་དང་མཚུངས་པ་ཞིག་བཞེངས་གྲུབ་ལ་ཁད་དུ་ཡོད་དོ། །