༄༅།
།རིན་ཆེན་གླིང་པ།
|
༄༅། །རིན་ཆེན་གླིང་པ།
དཔལ་ས་སྐྱའི་རིང་ལུགས་འཛིན་པའི་ཆོས་སྡེ་ཆེན་པོ་རིན་ཆེན་གླིང་པ་ནི།
སྔོན་བོད་ཆོལ་ཁ་གསུམ་གྱི་ཆོས་སྲིད་ལུགས་ཟུང་གི་བདག་པོ་ཆེན་པོ། འགྲོ་
མགོན་འཕགས་པ་བློ་གྲོས་རྒྱལ་མཚན་ཞེས་མཚན་གྱི་མེ་ཏོག་ཡོངས་སུ་བཞད་པ་དེས་ཕྱག་བཏབ་ཅིང་།
དེ་ཡང་འཕགས་པ་རིན་པོ་ཆེ་དགུང་ལོ་བཅུ་
པ་ཤིང་འབྲུག་ལོར་( ༡༢༤༤)འཇམ་མགོན་ས་པཎ་དང་མཉམ་དུ་རྒྱ་ནག་ཏུ་ཕེབས་ཤིང་།
སྐུ་ཚེ་དེར་ཡར་བོད་ཡུལ་དུ་ལན་གཉིས་ཕེབས་པའི་ཐོག་
དང་པོའི་སྐབས་སུ་འདན་སྟོད་ཀྱི་ཁྲ་བོ་ལ་བརྒལ་རྗེས་ས་དཔྱད་ཁྱད་འཕགས་ཀྱི་གནས་འདིར་དགོན་རིན་ཆེན་གླིང་པ་བཏབ་པ་ཡུལ་གྱི་རྒན་རབས་
དག་གི་ངག་རྒྱུན་ལ་གྲགས།
དེ་ལྟར་ན་ཆོས་འཕགས་བོད་དུ་ལན་དང་པོ་ཕེབས་པའི་དུས་ནི་རབ་བྱུང་བཞི་པའི་ཤིང་མོ་གླང་གི་ལོ་(
༡༢༦༥)ལ་ཡིན་སྟབས་དགོན་པ་འདིའང་
སྐབས་དེ་ཤེད་ན་བཏབ་བམ་སྙམ།
སྐབས་དེར་ཆོས་འཕགས་ཀྱི་ཉེ་གནས་ལ་རང་གི་དབོན་པོ་རྒྱལ་མཚན་བྱ་བ་ཞིག་བཞུགས་པ་དེ་ཉིད་གདན་སའི་བླ་
བསྐོས་ལ་ཉིད་ཀྱི་སྐུ་ཚབ་ཏུ་བཞག་པས།
ཕྱིས་སུ་དབོན་པོའི་སྐུ་ཕྲེང་རིམ་བྱོན་ལ་གདན་ཚབ་སྤྲུལ་སྐུ་ཞེས་མཚན་གྱི་ཅོན་པན་བཞད།
དབོན་པོ་རྒྱལ་
མཚན་གྱིས་རང་གི་བཞུགས་གནས་སུ་ཕོ་བྲང་ཞིག་བཞེངས་ཏེ་གཞིས་ཆགས་པ་ནས་བཟུང་གདན་ཚབ་བླ་བྲང་ཞེས་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་
གནས་སུ་གྱུར།
དེ་ནས་བྱོན་པའི་སྐུ་ཕྲེང་ནི། འཇམ་དབྱངས་བྱམས་པ་བསྟན་འཛིན།
འཇམ་དབྱངས་ཕྲིན་ལས་ལྷུན་གྲུབ། འཇམ་དབྱངས་བསྟན་པའི་རྒྱལ་མཚན།
ངག་དབང་ཆོས་ཀྱི་འབྱུང་གནས། སྐལ་བཟང་བསྟན་པའི་རྒྱལ་མཚན།
ངག་དབང་གཞན་ཕན་རབ་རྒྱས། ངག་དབང་སངས་རྒྱས་རྒྱ་མཚོ། འཇམ་
དབྱངས་ཀུན་དགའ་ཉི་མ་བཅས་དང་།
སྐུ་ཕྲེང་དགུ་པ་འཇམ་དབྱངས་ཡོན་ཏན་འཇིགས་མེད་ནི།
རབ་བྱུང་བཅུ་དྲུག་པའི་ཤིང་ཡོས་( ༡༩༧༥)ལོར་
ཡབ་ཀརྨ་ཚེ་དབང་དང་ཡུམ་བློ་བཟང་སྒྲོལ་མའི་སྲས་སུ་དཔལ་ཐང་ཡུལ་ཚོའི་གའུ་ཁོག་ཏུ་འཁྲུངས།
དགུང་ལོ་དྲུག་པའི་སྟེང་ཁུ་བོ་ཀར་ཚོགས་དང་
དགེ་སློང་འཇམ་དབྱངས་བསོད་ནམས་སོགས་ལས་འབྲི་ཀློག་དང་ཆོས་སྤྱོད་ཀྱི་རིམ་པ་བསླབས་པས་ཆོ་ག་ཕྱག་ལེན་ཀུན་ལེགས་པར་མཁྱེན།
དགུང་ལོ་
བཅུ་དགུའི་ཐོག་ངོར་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་ཆོས་འདུལ་བའི་བསླབ་པ་ལ་དེ་ནས་བཟུང་
དཔྲལ་བའི་མིག་ལྟར་གཅེས་སྲུང་མཛད།
དགུང་ལོ་ཉེར་གཅིག་སྟེང་རང་ཁུལ་གྱི་ལྔ་རིག་ནང་བསྟན་སློབ་གླིང་དུ་ཕེབས་ནས་ཡོན་ཏན་གྱི་གཞི་མ་སུམ་
རྟགས་དག་གསུམ་དང་གཞུང་ལུགས་ཆེ་ཕྲ་དུ་མར་གསན་སྦྱངས་ནན་ཏན་དུ་མཛད་པས་དབྱར་མཚོ་ཇི་བཞིན་རྣམ་དཔྱོད་ཀྱི་རྩལ་ཀློང་དུ་རྡོལ།
དེང་
སྐབས་སྔོན་ལྟར་མཁས་པའི་མདུན་ནས་ཐོས་བསམ་དང་དགོན་པའི་ནང་དུ་ཕྲིན་ལས་ཀྱི་ཉི་ཟེར་བཀྱེ་བཞིན་བཞུགས་པར་སྐུ་ཚེ་ཞབས་པད་ཡུན་དུ་
བརྟན་པའི་ངང་ལུང་རྟོགས་ཀྱི་བྱ་བར་ཕྱག་རྗེས་ཕོན་པོ་ཆེ་རྣམས་འཇོག་ཏུ་ངེས་སོ།
།
ལྕགས་ར་སྤྲུལ་སྐུ་ནི། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་(
༡༣༡༢ནས་༡༣༧༥)གྱི་དངོས་སློབ་དྲུང་ཆོས་སྐུ་འོད་ཟེར་ཞེས་བྱ་བ་རླུང་སེམས་ལ་
རང་དབང་ཐོབ་པ། ནམ་མཁའ་ལ་བྱ་ལྟར་ལྡིང་ཞིང་ཆུ་ལ་ཉ་ལྟར་འཛུལ་བ།
སྲ་མཁྲེགས་ཀྱི་བྲག་ལ་ཕྱག་རྗེས་ཅི་དགར་བཏོད་པ་སོགས་གྲུབ་པའི་གོ་
འཕང་མཐོན་པོ་གཤེགས་པ་དེ་གདན་ས་འདིར་ཕེབས་ནས་བཞུགས་གདན་འཇགས་པ་དང་།
ལྕགས་ར་མཁར་བ་དཀར་པོ་ཞེས་བླ་བྲང་གསར་
བཞེངས་མཛད་པ་ནས་བཟུང་ལྕགས་ར་བླ་བྲང་ཞེས་གྲགས་པ་ཆེན་པོ་བྱུང་།
གྲུབ་ཆེན་དེའི་སྤྲུལ་སྐུ་རིམ་བྱོན་ནི། ཁམས་སྤྲུལ་ཉི་མ་རྒྱལ་མཚན། ངག་
དབང་ཐེག་མཆོག་བསྟན་པའི་རྒྱལ་མཚན། འཇམ་དབྱངས་བསྟན་པའི་རྒྱལ་མཚན།
འཇམ་དབྱངས་བསྟན་པའི་སྙིང་པོ། འཇམ་དཔལ་བདེ་ལེགས་རྒྱ་
མཚོ། ངག་དབང་སྐལ་བཟང་རབ་རྒྱས། སྐལ་བཟང་ཆོས་ཀྱི་ཉི་མ་བཅས་སོ། །
དགོན་པ་འདིའི་ས་སྐྱའི་བླ་བྲང་ནི་ཁམས་སྤྲུལ་ཉི་མ་རྒྱལ་མཚན་གྱི་དུས་ན་ལྕགས་ར་བླ་བྲང་གི་ཆོས་སྲིད་དཔལ་འབྱོར་ཐམས་ཅད་ས་སྐྱ་བདག་
ཆེན་ལ་ཕུལ་ནས་སྤྲུལ་སྐུ་རང་ཉིད་གྲྭ་རྐྱང་དཀྱུས་མའི་ཚུལ་དུ་བཞུགས་པས།
ས་སྐྱ་གོང་ནས་ལྕགས་ར་བླ་བྲང་གི་བདག་པོ་ལ་བླ་མ་བསྐོ་བཞག་མཛད་
ནས་བཟུང་དམངས་ཁྲོད་དུ་ས་སྐྱའི་བླ་བྲང་ཞེས་གྲགས།
དགོན་པའི་ནང་རྟེན་གཙོ་བོ་ནི།
རིན་པོ་ཆེ་ཛྷཻ་ཁྱིམ་ལས་གྲུབ་པའི་ཐུབ་པ་བཀྲ་ཤིས་འོད་འབར་གངས་ཅན་མཚོ་རྒྱལ།
ས་སྐྱ་གོང་མས་གདན་དྲངས་
པའི་རྡོ་རྗེ་འཇིགས་བྱེད་རང་བྱོན། རིན་ཆེན་ལས་གྲུབ་པའི་གུར་མགོན་རང་བྱོན།
སྨན་འདག་ལས་གྲུབ་པའི་གུར་མགོན། ཙནྡན་དཀར་པོ་ལས་གྲུབ་
པའི་མགོན་པོའི་ཞལ་འབག
ཙནྡན་དམར་པོའི་རྡོ་རྗེ་འཇིགས་བྱེད་ཀྱི་ཞལ་འབག་སོགས་སྐུའི་རྟེན་དང་།
གསུང་གི་རྟེན་ལ། གསེར་བྲིས་ཀྱི་མདོ་བརྒྱད་
སྟོང་པ། གསེར་བྲིས་དང་དངུལ་བྲིས་ཀྱི་འབུམ་ཆ་གཅིག བཀའ་འགྱུར་ཚར་གཉིས།
མཚལ་དཔར་གྱི་བཀའ་དང་བསྟན་འགྱུར་ཚར་རེ། རྒྱུད་སྡེ་ཀུན་
བཏུས་དང་སྒྲུབ་ཐབས་ཀུན་བཏུས། ས་སྐྱའི་བཀའ་འབུམ་དང་ངོར་ཆེན་བཀའ་འབུམ།
ལམ་འབྲས་སོགས་གླེགས་བམ་བགྲང་གིས་མི་ལང་བ་དང་།
གཞན་ཚོགས་དུང་དཀར་མོ་རྒྱང་གྲགས་དང་། གསེར་གྱི་བུམ་པ་ཆ་བདུན།
སིལ་སྙན་ཆ་སུམ་ཅུ། བ་སོ་དང་ཙནྡན་དམར་པོ་ལས་གྲུབ་པའི་ཐམ་ཀ གོས་
ཆེན་ལ་གསེར་གྱིས་བྲིས་པའི་རྒྱ་ཡིག་གི་བཀའ་ཤོག་སོགས་ཁྱད་འཕགས་ཀྱི་དངོས་རྫས་རྣམས་བགྲང་བར་མི་ལོང་ངོ་།
།
གྲྭ་པ་རྣམས་ཀྱི་ཡོང་ཁུངས་ནི། གྲའུ། བུ་ཆེན། ར་རྡ།
ཆོས་འཁོར་བཅས་དཔོན་ཁག་བཞིའི་མངའ་འོག་ཏུ་གཏོགས་པའི་ཡུལ་སྡེ་ཁག་ནས་ཡིན་ལ།
དགོན་པའི་སྤྱི་ཞིང་ཡོད་ས་ནི། གློ་ཡུལ་ནས་མན་འགྲེ་དང་གུ་རུ།
ཁྲ་ལེགས་ནས་སྡེ་ཁག་ལྔ། གཤམ་འགུལ་ནས་གླང་རུ་དང་ཁ་སར་བཅས་མདོར་ན་
མཆོད་སྡེ་གང་ཡོད་དུ་སྤྱི་ཞིང་མཆིས་སོ། །
དགོན་པ་འདིའི་ས་ཕོ་ཁྱི་( ༡༩༥༨)ཡན་གྱི་གནས་ཚུལ་རགས་ཙམ་ནི་དེ་ལྟར་ཡིན་མོད།
འོན་ཏེ་ད་དུང་ཡུལ་མི་རྒན་པོ་ཚུན་གྱི་ངག་སྒྲོས་བསགས་
ནས་ཅུང་ཙམ་ཕྲ་ཞིབ་ཏུ་བརྗོད་ན།
བྱམས་ཁང་སོགས་ལྷ་ཁང་འདྲ་མིན་དྲུག་ཡོད་པར་ཀ་བ་༢༢
དབྱར་གནས་ལྷ་ཁང་ཞིག་ལོགས་སུ་ཡོད་པར་ཀ་བ་
༡༢ གྲྭ་མང་ཚོགས་སའི་འདུ་ཁང་ལ་ཀ་བ་༤༠
གྲྭ་ཤག་༡༠༠ལས་ལྷག་ཙམ་དང་བླ་གྲྭ་བསྡོམས་པས་༣༥༠ཡས་མས་བཞུགས།
གཞན་གོས་ཆེན་སོགས་
ལས་དྲུབ་པའི་འཆམ་གོས་འདྲ་མིན་ལ་༡༤༨དང་། ཞལ་འབག་སྣ་ཚོགས་༡༤༠ལྷག་ཙམ།
སྐུ་འདྲ་ཆེ་ཆུང་ཐམས་ཅད་བསྡོམས་ན་༡༤༩༠ལྷག་དང་།
གསེར་དངུལ་སོགས་ཀྱིས་བྲིས་པའི་ཞལ་ཐང་འདྲ་མིན་ལ་༣༡༥
རོལ་མོ་དང་རྒྱ་གླིང་སོགས་མཆོད་ཆས་རིགས་༤༣༡༥ཙམ་ཡོད་དོ། །
ཆུ་ཕོ་སྟག་གི་ལོ་(
༡༩༦༢)ལ་རྒྱལ་ཁབ་དང་སྲིད་གཞུང་གི་ཐུགས་ཁུར་འོག་ནས་དགོན་པ་འདིར་ཆོས་སྒོ་འབྱེད་ཆོག་པའི་གནང་བ་ཐོབ་ཅིང་།
ཁྲིམས་གཙང་སྡོམ་གཙང་གི་དགེ་སློང་ཉེར་གཅིག་ཙམ་མཆིས་པ་སླར་ཡང་དགོན་དུ་ཚོགས།
སྐབས་དེར་གྲྭ་ཤག་ཐམས་ཅད་གྱང་ཧྲུལ་དུ་གྱུར་པས་
གསར་དུ་གྲྭ་ཤག་བཅུ་གྲངས་སྐོར་ཞིག་བཞེངས།
རྟེན་གསུང་མཆོད་ཆ་རྣམས་གྲྭ་བ་རྒན་པ་དང་ཡུལ་མི་ལྷག་བསམ་ཅན་གྱིས་ཉར་ཚགས་མཛད་པ་
ཡང་བསྐྱར་དགོན་དུ་དྲངས་པས་སྐུ་འདྲ་༡༣༠ཙམ་ཞིག་བྱུང་།
ཆོས་གཞུང་གླེགས་བམ་ལ་པུ་ཏི་༡༠༠སྐོར་དང་ཞལ་ཐང་རིགས་ལ་༨༠ལྷག་ཙམ། མཆོད་
ཆའི་སྐོར་༣༥༤ཙམ་བྱུང་ངོ་། །
འོན་ཏེ་རིག་གསར་གྱི་རླུང་འཚུབ་འོག་ནས་དེ་དག་ཐམས་ཅད་འབྱུང་བཞིའི་རང་ཞལ་དུ་ཐིམ་ནས་ཕྲིན་ལས་ཀྱི་མཇུག་བསྡུས་པ་ནི་ཆེས་ཤིན་ཏུ་
ཕངས་པའི་གནས་སོ།
།དེ་ལྟར་མོད་ཀྱི་ཇུས་བཟང་ཉི་མ་གཞོན་ནུ་སླར་ཡང་གཡོན་ཅན་སྤྲིན་པའི་རྒྱ་ལས་ཐར་ཏེ་ཆོས་ལུགས་དད་མོས་ཀྱི་རང་དབང་
ཐོབ་ནས་གྱ་གཉིས་ལོའི་མཆུ་ཟླ་བའི་དམར་ཕྱོགས་བཟང་བ་དང་པོའི་སྐབས།
སྒ་ངག་དབང་ལེགས་པའི་སློབ་མའི་རྩེར་སོན་གྲུབ་པའི་ས་ལ་གཤེགས་
ཤིང་ཆོས་བརྒྱད་རླུང་ལ་བསྐུར་བའི་རྟོགས་ལྡན་ཨ་འཇམ་བཟང་པོའི་དབུ་ཁྲིད་དང་བཀའ་དྲིན་འོག་ནས་ཆོས་སྒོ་རྟེན་འབྲེལ་ལེགས་པར་ཕྱེས་ཏེ།
སྲིད་གཞུང་གིས་གཏན་ཚད་ཀྱི་གྲྭ་པ་༣༠ཆོག་མཆན་བསྩལ་བས།
ཡུལ་དགོན་གཉིས་ཀས་འབད་འབུངས་ལྷོད་མེད་གནང་ནས་འདུ་ཁང་ཆེན་མོའི་
ཉམས་གསོ་དང་། གྲྭ་ཤག་ཀྱང་ལྟ་ན་སྡུག་པ་མང་ཙམ་བཞེངས།
ཁྱད་པར་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྣམ་འཕྲུལ་དུ་གྲགས་པའི་གདན་ཚབ་སྤྲུལ་
པའི་སྐུ་ཡོན་ཏན་འཇིགས་མེད་མཆོག་གིས་རང་གི་སྐུ་སྲོག་ལའང་མ་འཛེམས་པར་སྔར་གྱི་མགོན་ཁང་ཉམས་གསོ་མཛད་པར་གུར་ལྕམ་དྲལ་གསུམ་ལ་
ཁང་རྩེག་གཉིས་ཀྱི་ཚད་ཅན་དང་།
ལྷ་ཁང་ལ་ཀ་བ་བཅུ་དྲུག་གི་ཁྱོན་ཅན་ལེགས་པར་གྲུབ།
གཞན་རིག་གསར་སྐབས་སུ་བོར་བརླག་ཤོར་བའི་སྐུ་འདྲ་
རྙིང་མ་རྣམས་རྩད་གཅོད་ཞུས་ཀྱང་ཕལ་ཆེར་ནི་མི་ནུས་དབྱིངས་སུ་ཡལ་ཞིང་།
འགའ་ཞིག་ནི་ཆོམ་པོའི་ལག་ཏུ་ཕོག་ནས་ད་ལྟ་དགོན་གཞུང་ན་
བཞུགས་པ་གསར་རྙིང་འདྲེས་མའི་སྐུ་འདྲ་༢༣ཙམ་མོ།
།བཀའ་བསྟན་སོགས་གླེགས་བམ་གསར་དུ་བླུས་པ་ནི་པོ་ཏི་༥༦༢ ཞལ་ཐང་གསར་དུ་བཞེངས་
པ་༡༥༠ གཞན་མཆོད་ཆས་འདྲ་མིན་ལ་༤༥ཙམ་དང་།
དད་ཅན་གྱིས་ཕུལ་བའི་ནོར་༤༠ཙམ་བཅས་མཆིས་སོ། །
|
|