กก

༄༅། །རིགས་གསུམ་དགོན།

༄༅། །རིགས་གསུམ་དགོན་པ།
དགོན་འདི་ཡི་བྱུང་རིམ་ནི། སྔོན་འབྲུག་ཡུལ་ནས་བྱོན་པའི་བོད་པ་བླ་མའམ་འགའ་རེས་ཕྲིན་ལས་ཟེར་བ་ཞིག་རབ་བྱུང་བཅོ་ལྔ་པའི་མེ་ལུག་
( ༡༩༠༧)ལ་འདིར་ཕེབས་ཏེ་རི་ཁྲོད་མཛད། དམ་པ་འདི་ཉིད་ཀྱི་ཐུགས་བསྐྱེད་དང་སྨོན་ལམ་ལ་བརྟེན་ཏེ། བླ་མ་ཨ་ཆོས་ཀྱིས་དགོན་འདི་ཕྱག་བཏབ།
ཁོང་ནི་རིགས་གསུམ་གཞུང་( ཁ་ཤར་ཁུག་ཀྱང་ཟེར་)དུ་ཡབ་རབ་ཤིས་བློ་ལྡན་དང་ཡུམ་སེ་བཟའ་ག་སྒོང་གི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་མོ་ཕག་
གི་( ༡༨༨༧)ལོར་སྐུའི་མཚན་དཔེ་གསར་དུ་བཞད། ཡབ་ཡུམ་གཉིས་ལ་སྲས་གཉིས་མངའ་བའི་ཐ་ཆུང་འདི་ཉིད་ཡིན་ལ་གཅེན་པོ་ནི་ཟུར་མང་བསྟན་
དགའི་ཡང་སྲིད་ཡིན་པས་བསྟན་དགའ་ཞེས་གྲགས། གཅུང་ཨ་ཆོས་ནི་དང་པོ་ནས་ཐུགས་རིག་བཀྲ་ཞིང་ངང་རྒྱུད་བཟང་བ་དང་དམ་པའི་རྣམ་ཐར་
རང་ཆས་སུ་བརྡོལ་བས་མཆོག་དམན་ཡོངས་དད་པའི་སྤུ་ལོང་དབང་མེད་དུ་གཡོ་བ་ཞིག་བཞུགས་ལ། ཀླུང་ཤོད་དགོན་པའི་ཚོགས་སུ་ཞུགས་ཏེ་ཆོས་
སྤྱོད་སོགས་ཐུགས་འཛིན་གནང་། ཕྱིས་སུ་ཕུ་བོའི་ཕྱི་བཞིན་ཟུར་དགོན་དུ་ཕེབས་ཏེ་བཤད་གྲྭར་ཞུགས། ཟུར་མང་མཁན་པོ་པད་རྣམ་དང་པད་དགའི་
མདུན་ནས་བཅུ་ཕྲག་རིག་གཞུང་ལ་ཐོས་བསམ་མཛད། ལྷག་པར་དུ་གསོ་རིག་རྒྱུད་བཞི་ཐུགས་འཛིན་གནང་ཞིང་མན་ངག་དམར་ཁྲིད་དང་བཅས་པ་
ལ་མཁས་པ་གཟུ་བོར་གནས་པའི་མཁྱེན་སྤྱན་ལྡན་པ་རྣམས་མཐུན་པར་གླེང་། སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་མདུན་ནས་རབ་ཏུ་བྱུང་བས་མཚན་
ཀརྨ་བཤད་སྒྲུབ་ཆོས་ཀྱི་སེངྒེ་ངེས་དོན་བསྟན་པའི་རྒྱལ་མཚན་ཞེས་གསོལ། སྐབས་ཤིག་ཁོང་སྐུ་མཆེད་རྣམ་གཉིས་དབུས་ཕྱོགས་མཚུར་ཕུར་བསྐྱོད་དེ་
ཀརྨ་པ་རིག་པའི་རྡོ་རྗེའི་ཞབས་པད་སྤྱི་གཙུག་རྒྱན་དུ་བསྟེན་ཏེ་འབར་བའི་རྡོ་རྗེའི་གཏེར་ཕྱག་གི་དབང་མན་ངག་དང་བཅས་ལེགས་པར་མནོས་
ཤིང་། ( སྐབས་དེར་ཕུ་བོ་བསྟན་དགའ་གཤེགས།) ཐ་ན་ཡིག་རིགས་འབྲི་སྦྱོང་། འདོན་རྟ་དབྱངས། ཐིག་རྡུལ་ཚོན། རོལ་མོ་འབུད་རྡུང་། གར་འཆམ་གྱི་
ཕྱག་ལེན་ཕྲན་བུ་ཙམ་ལ་ཡང་སྦྱོང་པ་ནན་ཏན་མཛད་པས་ཤེས་བྱའི་ཁོ་ལག་ཡོངས་སུ་རྫོགས་པའི་ལྗོན་པ་ཆེན་པོར་གྱུར། རྒྱལ་དབང་མཆོག་གིས་
བསྔགས་བརྗོད་ཀྱི་མེ་ཏོག་ཐོར་ཞིང་བླ་བསྐོས་ཀྱི་ཆོ་ལོ་གནང་སྟེ། ༈ མདོ་ཁམས་སྟོད་སྨད་ཀྱི་བླ་དཔོན་ཁྱིམ་བདག་མཆོག་དམན་ཀུན་གྱིས་ངེས་རྒྱུར།
ཟུར་མང་རྣམ་རྒྱལ་རྩེ་འདི་ཀར་དགོན་ཆེ་ཤོས་ཡིན་པས། སླར་ཡང་བཤད་སྒྲུབ་བསྟན་པའི་གསོས་སུ། ངོས་ནས་བླ་བསྐོས་བླ་མ་ཨ་ཆོས་ཆེད་བཏང་
འདི་བཞིན་ལ། དད་ལྡན་ཀུན་ནས། སེར་སྣ་མེད་པའི་བསྙེན་བཀུར་མཆོད་འབུལ་ཅི་དྲག་བྱས་ན། དངོས་པོ་ཚོགས་བསགས་ཀྱི་རྒྱུ་དང་། བཤད་སྒྲུབ་
བསྟན་པའི་གསོས་སྨན་དུ་འགྱུར་ངེས་ལ། ངོས་ནས་ཀྱང་། འདི་ཕྱི་དགེ་བའི་སྐྱབས་འཇུག་དང་། འཁོར་གསུམ་ཡང་དག་གི་བསྔོ་སྨོན་ཟབ་མོས་རྒྱས་
འདེབས་པ་ཡིན་པས་དེ་བཞིན་ཡིད་ངེས་དང་། གལ་སྲིད་འདི་ལ་ལོག་པའི་བསམ་སྦྱོར་གྱིས་གནོད་འཚེ་རྩོམ་མཁན་བྱུང་ན། ཆོས་སྲུང་དྲག་པོར་བཅོལ་
གཏན་གྱི་གཉེར་གཏད་པ་ཡིན་པས། ཁེ་ཉེས་ཀྱི་གདམ་ཁ་མ་ནོར་བ་གྱིས། ཁྱུ་མཆོག་ཅེས་པ་ལྕགས་མོ་སྦྲུལ་གྱི་ལོར། དཔལ་ཀརྨ་པ་རང་བྱུང་ཁྱབ་བདག་
རིག་པའི་རྡོ་རྗེས་སྤེལ་བ་དགེ ( ཐེལ) ཞེས་དང་། བཀའ་ཤོག་དེའི་མར་གཤམ་དུ། ༈ སྐྱབས་མགོན་ཐམས་ཅད་མཁྱེན་གཟིགས་ཆེན་པོས་བཀའ་
དགོངས་བཞིན་སྤང་བླང་འགལ་མེད་གལ་ཆེ་བས་དེ་རྩིས་ཐུགས་ངེས་འཚལ། རྒྱལ་སྲས་འཇམ་མགོན་སྤྲུལ་མིང་པས་དགེ ( ཐེལ) ཞེས་དང་། ཡང་།
གོང་གསལ་ལྟར། ༈ མཆོག་དམན་ཀུན་ནས་ལྷག་བློ་ཡར་ལྡན་མཛད་ན། ངོས་ནས་ཀྱང་སྐྱབས་འཇུག་སྤེལ། མཁྱེན་སྤྲུལ་བདེ་ཆེན་རྡོ་རྗེས་དགེ ( ཐེལ)
དེ་ལྟར་སྐྱེས་ཆེན་དམ་པ་དེ་རྣམས་ཀྱིས་བཀའ་ཤོག་གནང་བའི་ཚུལ་འདི་ཉིད་བློ་ནང་དུ་ཕྱོགས་ཏེ་འདང་ཞིག་བརྒྱབ་ན་དམ་པ་འདི་ག་འདྲ་ཞིག་
ཡིན་པ་སྨོས་ཅི་དགོས། དེ་སྐབས་ཁོང་གིས་ཀརྨ་པ་རིག་པའི་རྡོ་རྗེ་ལ་དགོན་འདི་འདེབས་རྒྱུའི་དོན་དུ་བླ་མ་ཞིག་དགོས་ཚུལ་སོགས་ཡར་ཞུས་པར་
ཁོང་གིས་རྡོ་ཤུལ་མཁྱེན་སྤྲུལ་རིན་པོ་ཆེ་གནང་སྟེ་དགོན་འདིའི་བདག་པོ་མཛད་རྒྱུ་བྱས། རབ་བྱུང་བཅུ་དྲུག་པའི་མེ་ཁྱི་( ༡༩༤༦)ལོར་གསེར་ཁྲི་ལ་
ཞབས་ཀྱི་པདྨོ་མངོན་པར་བཀོད། དེ་ནས་བླ་མ་ཨ་ཆོས་དང་མཁྱེན་སྤྲུལ་རྣམ་གཉིས་ཐུགས་ནང་འོ་མའི་རྒྱ་མཚོ་གཅིག་འདྲེས་ཀྱི་ཚུལ་དུ་མཛད་དེ།
གཙུག་ལག་ཁང་རྟེན་དང་བརྟེན་པ་གསར་བཞེངས་མཛད། གྲྭ་པ་ཡང་བཅུ་ཕྲག་ཁ་ཤས་བྱུང་། རྟེན་གྱི་གཙོ་བོ་ཡང་གསེར་ཟངས་ལས་གྲུབ་པའི་ཐུབ་
པ་མི་ཚད་མ། དེ་མཚུངས་ཀྱི་བྱམས་མགོན་སྐུ་བརྙན། བསྟན་འགྱུར་ཚར་གཅིག་གིས་ཐོག་དྲངས་པའི་གསུང་རྟེན་གྱི་སྐོར་གྲངས་མང་གདན་དྲངས་ཏེ་
འདུ་ཁང་ཀ་བ་བཞི་ཅན་དུ་བཞུགས་སུ་གསོལ། ཡུལ་ཚོ་འདིའི་སྐྱ་སེར་དྲག་ཞན་མཐོ་དམན་ཀུན་གྱི་སྐྱབས་གནས་གཅིག་པུར་གྱུར། དམ་པ་འདི་ཉིད་
རབ་བྱུང་བཅུ་དྲུག་པའི་ཤིང་པོ་འབྲུག་( ༡༩༦༤)ལོར་རྟག་འཛིན་གྱི་ཨ་འཐས་པ་བདག་ཅག་ཆོས་ལ་བསྐུལ་བའི་ཕྱིར་གཟུགས་སྐུའི་བཀོད་པ་རེ་ཞིག་
བསྡུ་བའི་ཚུལ་བསྟན་ཏོ། །
རིག་གནས་གསར་བརྗེ་ཞེས་པ་ལོ་བཅུའི་རྙོག་ཟིང་ནང་དགོན་འདི་ས་ཕུང་ཞིག་ཏུ་བསྒྱུར་ན་ཡང་། རབ་བྱུང་བཅུ་བདུན་པའི་ས་འབྲུག་ཕྱི་ལོ་
༡༩༨༨ལོའི་ཟླ་གསུམ་པའི་ཚེས་བརྒྱད་ལ་གོང་རིམ་ནས་ཆོག་མཆན་ཐོབ། ལྷ་རྒན་གསང་སྔགས་ཀྱིས་དབུ་ཁྲིད་མཛད་དེ། ད་ལྟ་གཙུག་ལག་ཁང་ཕྱི་
དབྱིབས་ལེགས་པར་གྲུབ་ཅིང་། ནང་རྟེན་ལ་བཀའ་འགྱུར་ཚར་གཅིག གཞན་ད་དུང་རྟེན་གསུམ་མི་ཉུང་བ་ཞིག་བཞུགས། གྲྭ་ཤག་ཀྱང་བཅུ་ཕྲག་ལ་ཉེ་
བ་སོ་སོས་བརྒྱབ་ཅིང་། སྤྲུལ་སྐུ་ཨ་ཆོས་ཀྱི་ཡང་སྲིད་དེ་བསྟན་འགྲོ་ལ་ཕན་པ་ཅན་ཞིག་བཞུགས་ན་ངོས་འཛིན་གནང་རོགས་ཞེས་གསང་སྔགས་ཀྱིས་
སི་ཏུ་རིན་པོ་ཆེ་ལ་ནན་ཞུས་མཛད་པས། བསྟན་དང་འགྲོ་ལ་ཕན་པ་རྒྱ་ཆེར་འབྱུང་ཞེས་ལུང་གིས་བསྔགས་ཤིང་བཀའ་ཤོག་སོགས་གནང་། ད་ལྟ་ནང་
ཆེན་འབྲོག་ཤོག་ཏུ་ཡབ་ཀརྨ་ཚུལ་ཁྲིམས་དང་ཡུམ་ཀྱེ་ཀྱེའམ་དངོས་གྲུབ་དཔལ་མོའི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཤིང་བྱི་( ༡༩༨༤)ལོར་མཛེས་སྐུ་
བལྟམས་པ་རིགས་གསུམ་དགོན་དུ་སློབ་གཉེར་ལ་བརྩོན་བཞིན་ཡོད།
མཁྱེན་སྤྲུལ་རིན་པོ་ཆེ་ནི་ཆོས་ལུགས་དད་མོས་ཀྱི་སྲིད་ཇུས་གཏན་ལ་ཕབ་པའི་ཚུན་དགོན་འདིར་ཐེངས་འགའ་ཕེབས་ཀྱང་རྐྱེན་སྣ་ཚོགས་པས་ད་
ལྟ་བོད་ལྗོངས་རི་བོ་ཆེ་རུ་བཞུགས་ཡོད། དགོན་འདིར་ཆོས་འཆད་ཉན་ཡོད་པ་ལྟ་ཞོག་ཆོ་ག་སྒྲུབ་མཆོད་དང་ཚོགས་འདུ་སྒོ་ཙམ་ཡང་རང་རྐྱ་ཐུབ་པ་
ཆེས་དཀའ་བའི་གནས་སུ་གྱུར་འདུག