กก

༄༅། །རྭ་ཉག་དགོན།

༄༅། །དཔལ་ལྡན་རྭ་ཉག་ཕུན་ཚོགས་ཐེག་ཆེན་གླིང་།
རི་བོ་དགེ་ལུགས་པའི་རིང་ལུགས་འཛིན་པའི་ཆོས་སྡེ་ཆེན་པོ་འདི་མདོ་ཁམས་སྒ་ཡི་དེ་ཤོད་ལུང་པར་བཞུགས། དེ་ཡང་དགོན་ས་ཐོག་མ་ཐར་ལམ་ཕུ་
རུ་རབ་བྱུང་གསུམ་པའི་ནང་བཏབ་པར་གྲགས་ཤིང་། ཕྱིས་རྒྱལ་བ་བསོད་ནམས་རྒྱ་མཚོས་བཀའ་ལུང་གནང་བ་ལྟར་ནང་སོ་ཆོས་སྐྱོང་རྣམ་རྒྱལ་གྱིས་
གདན་ས་སྤོས་པ་སྟེ། རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་ནི་རབ་བྱུང་དགུ་པའི་ཆུ་ཡོས་( ༡༥༤༣)ལོར་སྟོད་ལུང་ཁང་གསར་གོང་དུ་
འཁྲུངས། དགུང་ལོ་བཞི་པར་རྒྱལ་དབང་དགེ་འདུན་རྒྱ་མཚོའི་ཡང་སྲིད་དུ་བཀུར། དགུང་ལོ་བཅུ་དྲུག་པའི་ས་རྟ་( ༡༥༥༨)ལ་སེ་རའི་མཁན་པོ་
མཛད། སོ་ལྔ་པའི་མེ་གླང་( ༡༥༧༧)ལ་མདོ་སྨད་དུ་ཕེབས་ཤིང་ཞོར་དུ་སྐུ་འབུམ་དགོན་པ་བཏབ། སོ་བརྒྱད་པའི་ལྕགས་འབྲུག་( ༡༥༨༠)ལ་མདོ་
ཁམས་སུ་ཕེབས་ནས་ལི་ཐང་དགོན་བཏབ། སོག་པོ་ཨལ་ཐན་རྒྱལ་པོས་སོག་ཡུལ་དུ་གདན་དྲངས་ཏེ་ཏཱ་ལའི་བླ་མ་སྟེ་རྒྱ་མཚོའི་བླ་མ་ཞེས་པའི་གོ་མིང་
ཕུལ། དགུང་ལོ་ཞེ་དྲུག་པའི་ས་བྱི་( ༡༥༨༨)ལ་སོག་ཡུལ་ཐུ་མེད་ཅེས་པར་གཤེགས།
སྔོན་རྨ་གཡོ་གཙང་གསུམ་སྐབས། ཁམས་པ་མེ་ཡི་ཨག་ཚོམ་ཅན་སོགས་ནས་བཟུང་མཁས་ཤིང་གྲུབ་པའི་ཁམས་སྐྱོའི་གདུང་རབས་དང་བླ་རབས་
རིམ་པར་བྱོན་པ་ལས། ཁམས་སྐྱོ་བླ་རབས་བརྒྱད་ཅུ་ཞེས་བཤད་སྲོལ་ཡོད་ཀྱང་ད་ལྟ་དངོས་སུ་ཤེས་གསལ་ཡོད་པ་ནི་སྤྲུལ་སྐུ་བརྒྱད་ཙམ་བཞུགས་ལ།
སྐུ་ཐོག་དང་པོ་གྲུབ་ཆེན་མི་འགྱུར་དཔལ་གྱི་རྡོ་རྗེ་དང་། གཉིས་པ་དཔལ་ལྡན་རིན་པོ་ཆེ་རྣམ་གཉིས་ཀྱི་འཁྲུངས་ཡུལ་སོགས་མ་ངེས།
གསུམ་པ་དཔལ་ལྡན་དགེ་ལེགས་རྣམ་རྒྱལ་ལམ་མངའ་བདག་འཕགས་མཆོག་ཆོས་སྐུ་ནི། དང་པོ་ནང་དུ་ཡུམ་སྐལ་བཟང་གི་སྲས་སུ་ངོ་མཚར་བའི་
ལྟས་དང་བཅས་འཁྲུངས། བཅུ་གཉིས་པ་རྒྱལ་བ་ཕྲིན་ལས་རྒྱ་མཚོས་ངོས་འཛིན་མཛད་པའོ། །
བཞི་པ་བློ་བཟང་དོན་གྲུབ་བྱམས་པ་རྣམ་རྒྱལ་ནི། རབ་ཤིས་སུ་འཁྲུངས་ཤིང་རྒྱལ་དབང་ཐུབ་བསྟན་རྒྱ་མཚོས་གོང་མའི་ཡང་སྲིད་དུ་བཀའ་ཡི་རོལ་
མོ་བཀྲོལ། བླ་མ་དགེ་བའི་བཤེས་གཉེན་ཆེན་པོ་པདྨ་རྒྱལ་མཚན་མཆོག་གི་ཞབས་པད་དུ་ཡུན་རིང་བསྟེན། དགུང་གྲངས་ཞེ་དགུ་པ་མེ་འབྲུག་ལོར་རྒྱ་
གར་དུ་གཤེགས།
ལྔ་པ་ངག་དབང་བསྟན་འཛིན་ཕྲིན་ལས་ནི། སྒ་སྐྱེ་མདོ་རུ་ཡབ་ཟླ་བ་ཚེ་རིང་དང་ཡུམ་སྒྲོལ་མ་ཆོས་དཀར་གྱི་སྲས་སུ་སྐུའི་མཚན་དཔེ་གསར་དུ་
བཞད། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཆོས་ཀྱི་ཉི་མས་ངོས་འཛིན་གནང་སྟེ་གསེར་ཁྲི་ལ་མངའ་གསོལ། སྤུག་བླ་རྡོ་རྗེ་འཆང་བློ་བཟང་བསྟན་འཛིན་
ཕྲིན་ལས་ནམ་མཁའ་རྒྱལ་མཚན་སོགས་བླ་མ་མང་དུ་བསྟེན་ཏེ་མདོ་སྔགས་རིག་གནས་ཀུན་ལ་གཞན་དྲིང་མི་འཇོག་པའི་གདེངས་ཐོབ་བོ། །
རོང་ཐ་སྐུ་གཞོན་ཡོན་ཏན་མགོན་པོ་ནི། སྐུའི་སྐྱེ་ཕྲེང་ཐོག་མར་འདི་ནས་ཡིན་ལ། དམ་པ་འདི་ཉིད་ལྡན་ཀློང་ཐང་སྒྲོལ་མ་བཞུགས་པའི་གྲོང་དང་ཉེ་
བར་རོང་ཐའི་རིགས་སུ་འཁྲུངས།
སྐུ་ཕྲེང་གཉིས་པ་བློ་བཟང་མཁས་གྲུབ་ནི། འོ་རྫོང་ཕ་ཞོག་ཚང་ལ་འཁྲུངས། གསང་བདག་བླ་མ་མཐུ་སྟོབས་རིན་པོ་ཆེས་གོང་མའི་ཡང་སྲིད་འཁྲུལ་
མེད་དུ་ངོས་འཛིན་གནང་། འདི་ཉིད་བླ་མར་ཡང་བསྟེན་པར་གྲགས།
སྐུ་ཕྲེང་གསུམ་པ་སྐལ་བཟང་མཁས་བཙུན་དཔལ་ལྡན་ནི། ཨ་ཟད་ཚང་དུ་ཆུ་རྟ་( ༡༨༢༢)ལོར་འཁྲུངས། སྐལ་བཟང་ཕྲིན་ལས་ལྷུན་གྲུབ་ཀྱིས་ངོས་
འཛིན་གནང་།
སྐུ་ཕྲེང་བཞི་པ་བློ་བཟང་བསྟན་པའི་རྒྱལ་མཚན་ནི། བྱུ་གེ་རུ་ཡབ་བསྟན་འཛིན་འགྱུར་མེད་དང་ཡུམ་སྐལ་བཟང་ལྷ་མོའི་སྲས་སུ་འཁྲུངས། གྲུབ་
དབང་བློ་བཟང་ཐུབ་བསྟན་རྒྱ་མཚོས་ངོས་འཛིན་གནང་ཞིང་། དགེ་བའི་བཤེས་གཉེན་ལྷ་དབང་རྒྱ་མཚོ་ཡོངས་འཛིན་དུ་བསྟེན། དགུང་ལོ་དོན་ལྔ་
པའི་མེ་འབྲུག་( ༡༨༥༦)ཟླ་བ་བཅུ་པའི་ཚེས་བདུན་ལ་གཤེགས།
སྐུ་ཕྲེང་ལྔ་པ་བློ་བཟང་ཆོས་འབྱོར་ལྷུན་གྲུབ་ནི། རྒྱལ་བཟང་དུ་ཡབ་བཀྲ་ཤིས་དཔལ་ལྡན་དང་ཡུམ་སྨོན་ལམ་ཚེ་རིང་གི་སྲས་སུ་འཁྲུངས། པཎ་ཆེན་
ཐམས་ཅད་མཁྱེན་པ་བསྟན་པའི་ཉི་མ་དང་ཡོངས་འཛིན་ཕུར་ཅོག་རིན་པོ་ཆེ། བྲག་རི་རྡོ་རྗེ་འཆང་བཅས་ཀྱིས་དབྱངས་གཅིག་གིས་གོང་མའི་ཡང་
སྲིད་དུ་ངོས་འཛིན་གནང་། ཁྱབ་བདག་འཇོག་རི་པ་ཆེན་པོ་ངག་དབང་བློ་བཟང་འབྱོར་ལྡན་སོགས་བཤེས་གཉེན་དུ་བསྟེན། མཐར་དགུང་ལོ་ལྔ་བཅུ་
ཙམ་ནང་གཟུགས་སྐུའི་བཀོད་པ་བསྡུས།
སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་རིན་ཆེན་རྒྱལ་མཚན་ནི། ཡབ་འཛམ་གླིང་གི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ལྕགས་གླང་( ༡༩༠༡)ལོར་ནག་ཡོན་
ནང་དུ་འཁྲུངས། རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་མཆོག་གིས་ངོས་འཛིན་མཛད། རྗེ་བཙུན་བླ་མ་དམ་པ་སྐྱབས་རྗེ་བདེ་ཆེན་སྙིང་པོ་སོགས་སྐྱེས་ཆེན་དུ་
མའི་ཞབས་པད་དྲི་མ་མེད་པའི་ཟེའུ་འབྲུ་ལ་ཡུན་རིང་དུ་སྤྱི་བོས་རེག་སྟེ་གཞུང་ལུགས་རབ་འབྱམས་ལ་ནང་བྱན་ཆུད་པར་གྱུར། དགུང་ལོ་ཉེར་དྲུག་
པ་མེ་སྟག་( ༡༩༢༦)ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་ཞི་བའི་དབྱིངས་སུ་གཤེགས་པའི་ཚུལ་བསྟན་ཏོ། །
སྐུ་ཕྲེང་བདུན་པ་བློ་བཟང་ཐུབ་བསྟན་ཕྲིན་ལས་རྣམ་རྒྱལ་ནི། རྨ་འབེབ་མདོ་ཆེན་དུ། ཡབ་རྒྱལ་མཚན་ཟླ་བ་དང་ཡུམ་པད་དཀར་ལྷ་མཛེས་ཀྱི་སྲས་
སུ་རབ་བྱུང་བཅུ་དྲུག་པའི་མེ་ཡོས་( ༡༩༢༧)ས་ཟླའི་ཚེས་བཅོ་ལྔ་རྒྱལ་ཕུར་འགྲུབ་སྦྱོར་ཉིན་བལྟམས། རྒྱལ་པཎ་རྣམ་གཉིས་དང་སྐྱབས་རྗེ་བདེ་ཆེན་
སྙིང་པོ་སོགས་ཀྱིས་ངོས་འཛིན་མཛད། སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་དང་བྲག་རི་རྡོ་རྗེ་འཆང་རྣམ་གཉིས་ཡོངས་འཛིན་དགེ་བའི་བཤེས་སུ་བསྟེན།
དགུང་གྲངས་དྲུག་ཅུ་པའི་མེ་སྟག་( ༡༩༨༦)སྨིན་ཟླའི་ཚེས་ཉེར་བཞི་ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ།
སྐུ་ཕྲེང་བརྒྱད་པ་ཐུབ་བསྟན་ལུང་རྟོགས་ཕྲིན་ལས་ཀུན་ཁྱབ་ནི། རྒྱ་གར་ལྷོ་ཕྱོགས་བྷེ་ལི་རུ་ཡབ་བསྟན་འཛིན་ཆོས་འཕེལ་དང་ཡུམ་བསྟན་འཛིན་
དབང་མོའི་སྲས་སུ་མེ་ཡོས་( ༡༩༨༧)ལ་འཁྲུངས། ༧གོང་ས་སྐྱབས་མགོན་ཆེན་པོས་གོང་མའི་ཡང་སྲིད་དུ་བཀའ་ལུང་གནང་། ལབ་བསྟན་རྒྱས་རིན་
པོ་ཆེ་སོགས་བཤེས་གཉེན་མང་དུ་བསྟེན་ཏེ་དགུང་གྲངས་བཅུ་གཅིག་ཐོག་ནས་གཤེགས་པར་གྲགས།
རོང་ཐ་སྐུ་བགྲེས་ཀྱི་སྐྱེ་ཕྲེང་དང་པོ་བློ་བཟང་འཇིགས་མེད་བསྟན་པའི་རྒྱལ་མཚན་ནི། བུ་ཆེན་བེ་ཧུའི་མངའ་འབངས་སུ་ཡབ་ལྡན་མ་གུ་རུ་དང་
ཡུམ་དར་མཚོའི་སྲས་སུ་འཁྲུངས། བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་ངོས་འཛིན་མཛད། དགའ་ལྡན་ཁྲི་པ་བྱང་ཆུབ་ཆོས་འཕེལ་སོགས་བཤེས་
གཉེན་དུ་བསྟེན། མཐར་དགུང་ལོ་བཅུ་བདུན་སྟེང་ལྷ་ལྡན་དུ་གཤེགས་སོ། །
སྐུ་ཕྲེང་གཉིས་པ་བློ་བཟང་ཕྲིན་ལས་ནི། ཡབ་བ་པའི་ལྷ་མགོན་ཚང་གི་སྲས་སུ་རོང་སྟོད་དུ་འཁྲུངས། བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་ངོས་
འཛིན་གནང་ཞིང་སློབ་གཉེར་སོགས་ཀྱང་ཕུལ།
སྐུ་ཕྲེང་གསུམ་པ་བློ་བཟང་དམ་ཆོས་རྒྱ་མཚོ་ནི། འགུ་རྫོང་མདའ་ལ་འཁྲུངས་ཤིང་པཎ་ཆེན་བསྟན་པའི་ཉི་མས་ངོས་འཛིན་གནང་། སྤུག་བླ་རྡོ་རྗེ་
འཆང་བློ་བཟང་དཔལ་ལྡན་ཚེ་རིང་རྒྱ་མཚོ་དང་ཆོས་འབྱོར་ལྷུན་གྲུབ་རྣམ་གཉིས་བསྟེན། དགུང་ལོ་བཅུའི་ནང་ཙམ་ནས་གཟུགས་སྐུ་ཆོས་དབྱིངས་སུ་
བསྡུས།
སྐུ་ཕྲེང་བཞི་པ་ཐུབ་བསྟན་འཇིགས་མེད་རྣམ་རྒྱལ་ནི། ཡབ་རིན་ཆེན་རྒྱལ་མཚན་དང་ཡུམ་ཞི་ཆོས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པ་དོན་གྲུབ་ཅེས་པ་
ས་མོ་ལུག་( ༡༩༡༩)ལོར་འགུ་རྫོང་མདའ་རུ་མཛེས་སྐུ་པདྨོ་གསར་དུ་བཞད། ཀུན་གཟིགས་པཎ་ཆེན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དགེ་ལེགས་
རྣམ་རྒྱལ་གྱིས་སྐུ་གོང་མའི་ཡང་སྲིད་དུ་ལུང་བསྟན། སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་དང་བྲག་རི་རྡོ་རྗེ་འཆང་རྣམ་གཉིས་གཙོ་ཆེར་བསྟེན། ད་ལྟ་
འཕགས་ཡུལ་དུ་བཞུགས།
སྒང་པ་ཚུལ་ཁྲིམས་འབུམ་ནི་སྐུ་ཐོག་དང་པོ་ཡིན་ལ། གཉིས་པ་བློ་བཟང་ཆོས་ཀྱི་ཉི་མ། གསུམ་པ་དགེ་འདུན་རྒྱ་མཚོ། བཞི་པ་འཇམ་དབྱངས་བློ་
གྲོས། ལྔ་པ་འཇམ་དབྱངས་བསྟན་འཛིན། དྲུག་པ་དགེ་འདུན་བཤད་སྒྲུབ་རྒྱལ་མཚན། བདུན་པ་བསྟན་འཛིན་འཇམ་དབྱངས་བཅས་སྐུ་ཕྲེང་བདུན་
ཙམ་བྱོན་པར་གྲགས།
རི་ཁྲོད་སྤྲུལ་སྐུའི་སྐུ་ཐོག་དང་པོ་འོ་རྫོང་པཎྜི་ཏ་བློ་བཟང་སྦྱིན་པ་ནི། འོ་རྫོང་མདའི་ནོར་མ་ཚང་ལ་འཁྲུངས་ཤིང་བློ་བཟང་ཆོས་འབྱོར་ཡོངས་
འཛིན་དུ་བསྟེན།
སྐུ་ཕྲེང་གཉིས་པ་བློ་བཟང་འཕགས་མཆོག་མི་ཕམ་ངག་གི་དབང་པོ་ནི། ཡེ་འགུ་མདའ་རུ་ཡབ་དབུ་རྒྱན་ཚང་ལ་མཛེས་སྐུ་པདྨོ་གསར་དུ་བཞད། བློ་
བཟང་ཆོས་འབྱོར་ལྷུན་གྲུབ་ཀྱིས་ངོས་འཛིན་མཛད་ཅིང་སློབ་གཉེར་ཡང་ཕུལ་བར་གྲགས།
སྐུ་ཕྲེང་གསུམ་པ་བློ་བཟང་འཕགས་མཆོག་ཤེས་རབ་མཐར་ཕྱིན་ནི། འོ་རྫོང་མདའ་རུ་ཡབ་རྡོ་ལྷའི་སྲས་སུ་བལྟམས། བློ་བཟང་ཆོས་འབྱོར་ལྷུན་གྲུབ་
ཀྱིས་རྩད་བཅད་ཅིང་། སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་དང་བྲག་རི་རྡོ་རྗེ་འཆང་རྣམ་གཉིས་སོགས་ཡོངས་འཛིན་དགེ་བའི་བཤེས་རྣམས་མཉེས་པ་
གསུམ་གྱི་སྒོ་ནས་ཡུན་རིང་བསྟེན། དགུང་གྲངས་གྱ་གཅིག་པར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས།
བློ་དགའ་བསྟན་འཛིན་ནི་སྐུ་ཐོག་དང་པོ་ཡིན་ལ། གཉིས་པ་བློ་བཟང་བསྟན་འཛིན། གསུམ་པའི་མཚན་སོགས་མི་གསལ། བཞི་པ་བྱམས་པ་ཐུབ་
བསྟན་ཕྲིན་ལས་རིན་ཆེན་བཅས་སྐུ་ཕྲེང་བཞི་ཙམ་བྱོན།
རི་རྒྱལ་རྡོ་རྗེའི་སྐུ་ཕྲེང་དང་པོ་ནི་འཕགས་པ་བློ་བཟང་མཐུ་སྟོབས་ཞུ་ཞིང་། གཉིས་པ་སྤྲུལ་སྐུ་གཞན་ཕན་དབང་པོ། གསུམ་པ་འཇིགས་མེད་མཐུ་
སྟོབས་རྡོ་རྗེ། བཞི་པ་བློ་བཟང་བསྟན་པའི་རྒྱལ་མཚན། ལྔ་པ་བྱམས་པ་ཕྲིན་ལས་བློ་བཟང་བསྟན་འཛིན་བཅས་ཞུ།
སྐུ་གཞོག་ཚང་རིག་འཛིན་མི་འགྱུར་རྡོ་རྗེ་ནི་སྐུ་ཐོག་དང་པོ་ཡིན་ལ། གཉིས་པ་རིག་འཛིན་རྡོ་རྗེ། གསུམ་པ་རིག་འཛིན་བསོད་ནམས་རྒྱ་མཚོ་བཅས་
སྐུ་ཡི་སྐྱེ་ཕྲེང་གསུམ་ཙམ་ཡིན་ལ་ཐམས་ཅད་མཛད་ཕྲིན་ཆེ་བ་ཤ་སྟག་བྱོན་ཅིང་། ཁྱད་པར་ནང་སོའི་བདག་པོ་སྐུ་མདུན་ཆེན་པོ་ཆོས་སྐྱོང་རྣམ་རྒྱལ་
ཞེས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་པ་བསྐྱེད་རིམ་མངོན་དུ་གྱུར་ཏེ། རྫོགས་རིམ་ལ་བརྟན་པ་ཐོབ་པའི་གྲུབ་ཆེན་དེའི་ཐུགས་རྗེ་དང་ཕྲིན་
ལས་ལ་བརྟེན་ནས་གདན་ས་འདི་ཉིད་བྱུང་བ་ཡིན་ལ། སྤྱིར་མདོ་ཁམས་ཀྱི་ཕྱོགས་སུ་ཞྭ་སེར་བསྟན་པ་འཛིན་པའི་དགེ་འདུན་གྱི་སྡེ་ཆེས་མང་ཡང་།
དཔལ་ལྡན་ཆབ་མདོ། སྒ་རྭ་ཉག ལྡན་ཆོས་འཁོར་གསུམ་ནི་ཡོངས་སུ་གྲགས་ཤིང་། དེ་ལྟ་བུའི་ཡ་གྱལ་རྭ་ཉག་དགོན་འདི་ཉིད། ཐོག་མར་༧གོང་ས་ལྷ་
མིའི་རྣམ་འདྲེན་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་གཟིགས་བསོད་ནམས་རྒྱ་མཚོས། ནང་སོ་ཆོས་སྐྱོང་རྣམ་རྒྱལ་ཉིད་སྐུ་རིམ་དུ་
གདན་དྲངས་ཤིང་ཚད་མེད་པའི་བསྔགས་བརྗོད་དང་གཟེངས་བསྟོད་མཛད་དེ། ཁྱེད་ཀྱིས་ཐེ་དང་རྭ་ཞེས་པའི་ཕྱོགས་སུ་དགོན་པ་འདེབས་དགོས་
ཞེས་ལུང་བསྟན་པ་ལྟར། གྲུབ་པའི་དབང་ཕྱུག་དེ་ཉིད་ཀྱིས་རྭ་ཉག་གི་གནས་འདིར་ས་དཔྱད་བརྟག་པ་མཛད་པས། སྟེང་བཻ་ཌཱུརྱའི་རང་མདངས་ལྡན་
པའི་འཁོར་ལོ་རྩིབས་བརྒྱད་ཀྱི་མཚན་མ་བཀྲ་བ། འོག་པདྨ་འདབ་བརྒྱད་ཀྱི་དབྱིབས་དང་ལྡན་པའི་ས་གཞི། ལོགས་སུ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་
མོས་མངོན་པར་མཛེས་པའི་དགེ་ལེགས་ཀྱི་མཚན་མ་ལྷུན་གྱིས་གྲུབ་པའི་གནས་སུ་གཟིགས་ནས་གནས་འདིར་ས་འདུལ་དུ་བྱོན་པའི་ཚེ། སྦྱིན་བདག་
གཅིག་གིས་བཀྲ་ཤིས་པའི་རྫས་ལག་ཏུ་ཐོགས་ཏེ་མཆོད་ཡོན་གཉིས་ཀས་འཇམ་དཔལ་མཚན་བརྗོད་སྒྲོག་བཞིན་ཡོང་བ་ད་ལྟའི་དགོན་གཞི་འདིར་བླ་
མ་དང་ཡོན་བདག་མཉམ་དུ་འཛོམས་པའི་ཚེ། ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་ཞེས་པའི་ཚིག་མཚམས་སུ་མཆོད་ཡོན་གཉིས་ཀ་ཁེལ་བ་སོགས་
རྟེན་འབྲེལ་ཁྱད་པར་ཅན་འགྲིགས་པར་བརྟེན། ཡུལ་ལྷ་གཉན་པོ་གྱེར་ཙམ་ཇོ་བོས་སྐྱོང་བའི་གནས་ཀྱི་བྱེ་བྲག་རྭ་ཉག་ཅེས་པ་འདིར་ཕྱག་བཏབ་པ་
དགོན་པའི་མཚན་དུ་རྭ་ཉག་ཕུན་ཚོགས་ཐེག་ཆེན་གླིང་ཞེས་གྲགས་པའི་གདན་ས། དགེ་འདུན་གྱི་སྡེ་འཕེལ་ཞིང་བཤད་སྒྲུབ་ཆོས་སྤྱོད་ཀྱི་རིམ་པ་ཤིན་
ཏུ་རྒྱས་པས་རིམ་བཞིན་དར་རྒྱས་བྱུང་སྟེ། ལོ་རེའི་རྭ་ཉག་སྨོན་ལམ་ཆེན་མོ་ཚོགས་པའི་སྐབས་སུ། འབུམ་སྟེང་བཀྲ་ཤིས་ཆོས་གླིང་། འབྲོམ་བུ་དར་རྒྱས་
གླིང་། མགར་དགོན་བདེ་ཆེན་གླིང་། དགེ་རྒྱལ་བཀྲ་ཤིས་ལྷ་ཕུག རབ་ཤིས་ཀླུང་ཤོད་དགོན། འགག་ལ་དགོན་བཅས་གདན་ས་འདིར་འདུས་ནས་ཚོགས།
ཁམས་མགྱོགས་དང་། རོང་ཐ་སོགས་བླ་བྲང་ཁག་དྲུག་ལ་སྤྲུལ་སྐུ་དགུ། དགེ་འདུན་པ་༧༠༠( ཡིག་ཚགས་ལྟར) འདུ་ཁང་བཅུ་གསུམ་ལ་ཀ་བ་༡༥༠ ལྷ་
ཁང་གསུམ། ཇ་ཁང་སོགས་ཁང་པ་ཁག་ལྔ་ལ་ཀ་བ་༥༦ གྲྭ་ཤག་༡༧༣བཅས་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༡༠༠༥༠ ནང་རྟེན་དུ་མཉམ་མེད་
ཇོ་བོ་ཆེན་པོ་དང་། སློབ་དཔོན་མཚོ་སྐྱེས་རྡོ་རྗེ། ཐུབ་པ་གཟི་འོད་འབར་བ། ཐུབ་པ་བྱེའུ་དྲོད་མ། ཙནྡན་གྱི་མགོན་པོ་རང་བྱོན་སོགས་སྐུ་འདྲ་
༢༢༤༠ལྷག གསུང་རྟེན་ལ་གསེར་བྲིས་ཀྱི་རྒྱལ་བའི་བཀའ་འགྱུར་ཆེན་མོ་འཛམ་གླིང་གཡས་བཞག་སོགས་གསུང་རབ་པོད་༤༨༠༠ལྷག ཞལ་ཐང་
༧༣༠ལྷག དུང་དཀར་དང་། རྒྱ་གླིང་། སིལ་སྙན། རོལ་མོ། ཏིང་། མཆོད་ཀོང་། རྔ། འཁར་རྔ། རྡོར་དྲིལ་སོགས་མཆོད་ཆས་སྣ་གྲངས་༤༡༥༠ལྷག ཐབ་
ཆས་ཆ་ཚང་། ཞིང་ཁལ་༣༦༠༠ལྷག རྟ་དྲེལ་༨༠༠ལྷག ནོར་༥༧༠༠ལྷག ར་ལུག་༩༠༠ལྷག རྭ་ཉག་སྨོན་ལམ་ཆེན་མོ་སོགས་ལོ་རེར་རྒྱུན་ཚོགས་ཉིན་
༢༣༠བཅས་ས་ཁྱི་ལོའི་དུས་ཟིང་གིས་བསྟན་པ་ཉམ་ཉེས་པའི་ཡར་སྔོན་དུ་བཞུགས་པའོ། །
སྐབས་བཅུ་གཅིག་པ་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ནས་མགོ་བཙུགས་ཏེ་མི་རིགས་ཆོས་ལུགས་དད་མོས་ཀྱི་སྲིད་ཇུས་སོགས་དོན་
འབབ་བྱུང་ཞིང་། ༡༩༨༥ལོའི་ཟླ་༡ཚེས་༢༨ཉིན་ཆོས་སྒོ་འབྱེད་པའི་ཆོག་མཆན་ཐོབ། བ་པའི་དགེ་ལེགས་ཚེ་དབང་དང་རྒན་དངོས་གྲུབ་སོགས་སེར་སྐྱ་
མཆོག་དམན་ཀུན་གྱིས་སྐྱར་བཞེངས་ཞུས་པས། འདུ་ཁང་གསུམ་ལ་ཀ་བ་༢༣ ལྷ་ཁང་གཉིས་ལ་ཀ་བ་༤ ཇ་ཁང་སོགས་ཁག་ལྔ་ལ་ཀ་བ་༥༢ གྲྭ་ཤག་
༧༡བཅས་ལ་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༣༠༠༠ ཆོག་མཆན་ཡོད་པའི་གྲྭ་པ་༦༠ སྐུ་འདྲ་༡༧༡ གསུང་རབ་པོད་༨༠༠ ཞལ་ཐང་༡༡༣ རོལ་
མོ་དང་སིལ་སྙན་སོགས་མཆོད་ཆས་སྣ་གྲངས་༡༨༤༠ ཐབ་ཆས་ཆ་ཚང་། སྨན་ཁང་༡ ཚོང་ཁང་༣ རླངས་འཁོར་༢ ནོར་༢༥༡ ར་ལུག་༦༥ སྡོང་ནགས་
ཁལ་༡༦ རྭ་ཉག་སྨོན་ལམ་ཆེན་མོ་སོགས་ལོ་རེར་རྒྱུན་ཚོགས་ཉིན་༡༩༥བཅས་ཡོད།