กก

༄༅། །ཟུར་མང་བདུད་རྩི་དིལ་དགོན།

༄༅། །ཟུར་མང་བདུད་རྩི་དིལ།
མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་རྫོང་ཟུར་མང་ཡུལ་ཚོའི་ཁོངས་གཏོགས་ཟུར་མང་བདུད་རྩི་དིལ་ནི། དེ་ཡང་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་དང་
གནས་ཟུར་གཉིས་ཞེས་འཛིན་མའི་དཀྱིལ་འཁོར་ཡོངས་སུ་ལྷང་ངེར་གསལ་བའི་ཟུར་གཉིས་ཟུང་གི་སྡེ་ཚན་ཟུར་མང་བཀའ་བརྒྱུད་ཀྱི་སྲོལ་འབྱེད་པ་
པོ་ནི་རྗེ་ཀརྨ་པ་དེ་བཞིན་གཤེགས་པའི་དངོས་སློབ་སྙན་བརྒྱུད་འཛིན་པའི་དྲུང་རྨ་སེ་བློ་གྲོས་རིན་ཆེན་ཞེས་མཚན་གྱི་མེ་ཏོག་གསེར་ལྡན་ཡོངས་ལ་
བཞད་པ་ཁོང་ལ་སྤྱིར་བུ་སློབ་བགྲང་གིས་མི་ལང་བ་ཞིག་ཡོད་ན་ཡང་དེའི་ནང་ནས་རྩེར་སོན་པ་རྟོགས་ལྡན་ཡ་བརྒྱད། འཇའ་མོ་མི་གསུམ་ཞེས་
གྲགས་པའི་རྟོགས་ལྡན་ཡ་བརྒྱད་ཀྱི་ཡ་གྱལ་རྟོགས་ལྡན་ཀུན་དགའ་རྒྱལ་མཚན་པ་ནི། རུས་ཆེན་མི་ཉག་ལ་ནང་ཚན་བྲ་བོ། ཡབ་ཕུག་རེ་ཐར་འཕན་གྱི་
སྲས་སུ་འཁྲུངས། རབ་བྱུང་བདུན་པའི་བཅུ་སྐོར་བཞི་ཡས་མས་ཡིན། ཆུང་ངུའི་དུས་ནས་གྲུབ་ཆེན་པའི་ཞབས་ཕྱིར་འབྲངས་ཏེ་རབ་ཏུ་བྱུང་ཞིང་། ཞི་
རྫོགས་དང་སྙན་བརྒྱུད་ཀྱི་གདམས་ངག་མ་ལུས་པ་གསན། ལྷག་པར་ཚོགས་ལས་གར་དང་བཅས་པའི་བཀའ་བབས། ཟུར་མང་དུ་རྒྱུན་རིང་བཞུགས་
ནས་ཞབས་ཏོག་མཛད། རྨ་སེ་གྲུབ་ཆེན་གྱིས་གདོང་ཚང་ཟླ་བ་ཕུག་ནས་ཀ་པཱ་ལ་བདུད་རྩིས་གང་བ་ཞིག་གྲུབ་རྟགས་ཀྱིས་འཕངས་ཏེ་གང་དུ་བབས་
ཡོད་དམ་སྙམ་ནས་ལམ་དུ་བརྒྱུད་སྐབས་དེའུ་ཞིག་གི་ཀླད་དུ་ལྡིང་སྐོར་བྱེད་པ་གཟིགས་ནས་མིང་དུ་བདུད་རྩི་དིལ་བཏགས་ཤིང་། དྲུང་ཀུན་དགའ་
རྒྱལ་མཚན་ལ་ཁྱེད་ཀྱི་གདན་ས་འདིར་ཐོབས་གསུངས་པས་དེ་ལ་ཕྱག་བཏབ་པ་རྒན་རབས་ཀུན་གྱི་ངག་རྒྱུན་ལ་རླུང་ལྟར་གྲགས་སོ། །གྲུབ་ཆེན་རིན་
པོ་ཆེ་གཤེགས་དུས། གདུང་དུད་འཇའ་འོད་འཁྲིགས་པའི་གུར་ཁང་དུ། །སྐུ་ཡི་དཀྱིལ་འཁོར་ཡོངས་རྫོགས་དར་གྱིས་བརྒྱན། །དབུ་ལ་རིན་ཆེན་གསེར་
གྱི་པྲོག་ཞུ་གསོལ། །སྐྱེ་མེད་རང་བྱུང་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་ཞལ་བསྟན་དུས་ཐུགས་ཉམས་འུར་ཐབས་སུ་སྐུ་གསུང་ཐུགས་ཀྱི་
བསྟོད་པ་སྨོན་ལམ་དང་བཅས་པ་ཕུལ་བའི་ཞལ་ཐང་འགའ་རེ་སྣང་། རྗེ་མཐོང་ལྡན་ལས་ཟབ་ཆོས་མང་དུ་གསན། ཐུགས་རྗེས་འཛིན་པར་མཛད་དེ་
ཨ་གྲོ་ནམ་མཁའ་རིན་ཆེན་དང་ནམ་མཁའ་དཔལ་ལྡན་གཉིས་ཀྱིས་བདེ་དགུ་དགོན་དང་བདུད་རྩི་དིལ་གྱི་ས་ཆ་རྒྱལ་བའི་དབང་པོ་ལ་ཕུལ་བས།
བདེ་དགུར་བླ་མ་རྩ་དབོན་རིམ་རྣམས་དང་བདུད་རྩི་དིལ་དུ་ཉིད་ཀྱི་དབོན་རིགས་ཆོས་བཟང་བ། བསོད་རྒྱལ་བ། སངས་རིན་པ། ཀུན་དགའ་དཔལ་
འབྱོར་བ་རྣམས་རྗེ་ན་རིམ་གྱིས་བསྐོ་བ་མཛད་ནས་ཁོང་ཉིད་བྱ་བྲལ་ཚུལ་གྱིས་འབྲི་ཆུའི་རྩེ་མན་ཆད་གྲུབ་ཆེན་རིན་པོ་ཆེ་ཡི་བཞུགས་གནས་གང་ཡོད་
རྣམས་སུ་བཞུགས། བདེ་དགུའི་ཆོས་འཆད་པར་མཚུར་ཕུའི་ཀུན་སྤངས་ཀུན་དགའ་བློ་གྲོས་སྐུ་སྐྱེ་བསོད་ནམས་མཆོག་ལྡན་པ་ཀརྨའི་གདན་སར་
བཞུགས་ནས་བྱོན། ཕྱིས་དེར་བཞུགས་ནས་ཆོག་འགྲིག་སོགས་དེ་པའི་ལུགས་དར། དེར་བཞུགས་དུས་དེ་པའི་ཉམས་སྣང་ལ་རྒྱལ་བའི་དབང་པོ་སྐུ་
བལྟམས་པ་གཟིགས་ནས་བརྟན་བཞུགས་སུ་དྲུག་སེང་མ་བརྩམས་ཟིན་པ་ཉི་མ་ཤར་བ་གསོལ་ཇ་འོང་བ་རྣམས་འགྲིགས་པའི་རྟེན་འབྲེལ་གྱིས་ཀར་སྡེ་
ཐམས་ཅད་ལ་དར་པའི་བླ་མ་དེ་ཉིད་ཀྱི་གཟིམ་སྤྱིལ་དེ་ཉིད་དུ་མཆོད་ཡ་ལྷ་སྟེང་པ་ནང་པ་སངས་རྒྱས་རྒྱལ་མཚན་པའི་སྐུ་སྐྱེ་རྒྱལ་བཟང་པའང་
བཞུགས་པ་དང་། བདུད་རྩི་དིལ་གྱི་ཆོས་འཆད་སོགས་ཀྱི་སློབ་དཔོན་ལག་ནག་བྱང་རིན་པས་མཛད་ཅིང་ཁུར་ཡང་བཞེས། འདི་པས་རུ་བ་མཁན་ཆེན་
ཤཱཀྱ་བ་སོགས་ལ་བཏུད་ཅིང་དབུས་སུ་སྦྱངས་པ་མཛད་པས་མཁས་པར་གྱུར་ནས་བྱམས་ཆོས་པའི་ཡན་ལག་བདུན་པ་ཆོས་ཀྱི་རྣམ་གྲངས་ལ་འགྲེལ་པ་
སོགས་བསྟན་བཅོས་ཐོར་བུ་མང་དུ་མཛད་དོ། །
ས་ཕོ་ཁྱི་ཡི་ལོའི་སྔོན་དགོན་འདིར་མཆིས་པའི་རྟེན་དང་བརྟེན་པ་བཅས་པའི་སྐོར་ལ། འདུ་ཁང་དང་བཤད་གྲྭའི་ལྷ་ཁང་སྒྲུབ་ཁང་མཆོད་ཁང་
བཅས་ཁང་ཁག་ལྔ་ལ། ཀ་གྲངས་ཁྱོན་བསྡོམས་༡༢ སྒེར་སོ་སོའི་གྲྭ་ཤག་༣༨ འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༤༣༨༠ གྲྭ་པ་༡༨༡( ཡིག་ཚགས་
ལྟར་) བླ་ཁག་གསུམ། དྲུང་པ་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱ་མཚོ། རོལ་རྡོར་སྐུ་ཕྲེང་ལྔ་པ་དྲི་མེད་འོད་ཟེར། ཆེ་ཚང་སྐུ་ཕྲེང་བཅུ་གཅིག་པ་བསྟན་
འཛིན་ཉི་མ་བཅས་དང་། ལོ་གཅིག་རིང་ལ་ཚོགས་པ་རྒྱུན་ཆགས་ཟུར་མང་ཚོགས་ཆེན་གཙོས་ཉིན་གྲངས་༢༤༡ སྐུ་རྟེན་དང་ཐུགས་རྟེན་གྱི་རིགས་
༣༤༠༠ལྷག བཀའ་བསྟན་གཙོས་གསུང་རྟེན་པོད་༢༣༠༠ལྷག ཞལ་ཐང་༣༥༠ལྷག གཞན་རོལ་སིལ་དུང་དཀར་དམར་གཙོས་མཆོད་ཆའི་རིགས་
༤༣༠༠ ཞིང་ཁལ་༤༥༠ རྟ་དྲེལ་༢༢། ནོར་༤༤༠ ར་ལུག་༡༢༠བཅས་མཆིས་མོད། འོན་ཏེ་དེ་ཐམས་ཅད་ས་ཕོ་ཁྱི་ཡི་ལོའི་ཟིང་འཁྲུག་དང་རིག་གསར་
གྱི་འབྱུང་བཞི་འོག་ཏུ་ཐིམ་ཟིན་ན་ཡང་ཕྱིས་ཕྱི་ལོ་༡༩༨༡ རབ་རྒྱལ་ལྕགས་མོ་བྱའི་ལོ་ནག་པ་ཟླའི་དཀར་ཕྱོགས་རྫོགས་པ་གཉིས་པར་གོང་ནས་ཆོས་སྒོ་
འབྱེད་ཆོག་པའི་བཀའ་དྲིན་བསྩལ་བར་བརྟེན་མངའ་འབངས་མི་སེར་རྣམས་དང་ལྷག་པར་བཀྲ་ཤིས་ལགས་དང་གསལ་བྱེད་རྣམ་གཉིས་ཀྱིས་དབུ་
ཁྲིད་མཛད་དེ་གསར་དུ་བཞེངས་པའི་རྟེན་དང་བརྟེན་པ་བཅས་པའི་སྐོར་ལ། འདུ་ཁང་དང་མགོན་ཁང་ལ་ཁྱོན་བསྡོམས་ཀ་བ་༡༠༩ ཇ་ཁང་ཀ་བ་༡༦
གྲྭ་ཤག་༣༤ འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༣༢༢༠ གྲྭ་པ་གཏན་ཁེལ་༣༠ ལོ་གཅིག་གི་རིང་ཚོགས་པ་གཏན་ཆགས་ཟུར་མང་ཚོགས་ཆེན་གཙོས་
ཉིན་༡༢༠ཡོད། རྟེན་རྙིང་འཁོར་ལོ་བདེ་མཆོག་གི་སྐུ་ལི་ལས་གྲུབ་པ། སྨན་འདག་ལས་བསྐྲུན་པའི་སྤྱན་རས་གཟིགས་ཕྱག་བཞི་པ། གུ་རུ་རིན་པོ་ཆེའི་སྐུ་
བརྙན། རྡོར་སེམས་སྐུ་བརྙན། དྲུང་ཀུན་དགའ་རྣམ་རྒྱལ། རོལ་རྡོར་སྐུ་བརྙན། དྲུང་པ་ཆོས་ཀྱི་རྒྱ་མཚོའི་སྐུ་གདུང་གསེར་ལས་བསྐྲུན་པ་སོགས་སྐུ་རྟེན་
དང་ཐུགས་རྟེན་༦༠ནང་བཞུགས། གསུང་རྟེན་བཀའ་བསྟན་འགྱུར། རིན་ཆེན་གཏེར་མཛོད། མཁའ་ཁྱབ་རྡོ་རྗེའི་བཀའ་འབུམ། ཀོང་སྤྲུལ་བཀའ་
འབུམ། འཇུ་མི་ཕམ་བཀའ་འབུམ། གཞུང་བཅུ་གསུམ་བཅས་གསུང་པོད་༣༣༠༠ལྷག་བཞུགས། སྟོན་པ་ཐུགས་རྗེ་ཅན་གྱི་གསེར་ཐང་གཙོས་ཞལ་ཐང་
༡༥༠ རོལ་སིལ་སོགས་མཆོད་ཆའི་རིགས་༤༢༠བཞུགས། ནོར་༡༨ རླངས་འཁོར་༡བཅས་མཆིས་སོ། །