༄༅།
།རྫོང་མགོ་དགོན།
|
༄༅། །རྫོང་མགོ་བསམ་གཏན་བཤད་སྒྲུབ་དར་རྒྱས་གླིང་།
དགོན་འདི་ཆགས་པའི་གནས་ནི།
ཁམས་སྟོད་སྒ་པའི་དམར་གསུམ་སྡེ་བརྒྱད་ལས་འབྲི་ཆུའི་གཡས་འགྲམ་དུ་བཞུགས།
སྔོན་སློབ་དཔོན་པདྨ་འབྱུང་
གནས་འཁོར་བཅས་ཕེབས་ནས་གནས་ཆེན་རིན་ཆེན་ཤེལ་བྲག་ལ་བཞུགས་པར་གྲགས་པའི་སྒྲུབ་ཕུག་དང་ཞབས་རྗེས།
ཕྱག་རྗེས། ཡི་གེ་ལ་སོགས་རང་
བྱོན་མང་དུ་མཆིས། རབ་བྱུང་བཞི་པའི་ལྕགས་སྤྲེལ་(
༡༢༦༠)ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་སྒ་ཨ་གཉན་དམ་པ་དཔོན་སློབ་ཟུང་གིས་
མདོ་ཁམས་སུ་དགོན་ས་བརྒྱ་རྩ་བརྒྱད་བཏབ་པ་ནས་དཔལ་ས་སྐྱའི་གྲུབ་མཐའ་བསྐྱངས།
མདུན་ངོས་སུ་ཆོས་འཕགས་ཀྱི་བཞུགས་ཁྲི་དང་ཆོས་ར་
བཅས་རྡོ་ལས་གྲུབ་པ། འདུ་ཁང་དུ་གུར་གྱི་མགོན་པོའི་གསེར་སྐུ་བཅས་བཞུགས།
མཁས་གྲུབ་ཆེན་པོ་ཀུན་དགའ་རིན་ཆེན་གྱིས་དགོན་གནས་རྒྱ་བསྐྱེད་དང་གདན་ས་བསྐྱངས།
དེའི་སྐུ་སྐྱེ་གྲུབ་པའི་དབང་པོ་འཇམ་དཔལ་བསྟན་
འཛིན་ཕྲིན་ལས་ནི།
དཔལ་ས་སྐྱའི་བསྟན་འཛིན་ཆེན་པོ་འཇམ་དབྱངས་བློ་གཏེར་དབང་པོའི་ཞལ་ནས།
ཡི་དམ་རྡོ་རྗེ་བཙུན་མོས་རྗེས་སུ་
བཟུང་། །རྒྱུད་གསུམ་དམ་ཅན་རྒྱ་མཚོ་བྲན་དུ་འཁོལ།
།སྙན་བརྒྱུད་བསྟན་པའི་མངའ་བདག་རྡོ་མཁར་བ། །འཇམ་དཔལ་བསྟན་འཛིན་བཟང་པོ་སྙིང་
ནས་དྲན། །ཞེས་གསུངས་པ་ལྟར།
ས་སྐྱའི་སྙན་བརྒྱུད་འཛིན་པ་ཡོངས་ཀྱི་གཙུག་རྒྱན་དུ་གྲགས་ཤིང་།
གཙང་རྡོ་མཁར་དུ་མཁས་པའི་དབང་པོ་གཡག་
སྟོན་སངས་རྒྱས།
མཁས་བཙུན་སངས་རྒྱས་བློ་གྲོས་སོགས་སྐྱེས་ཆེན་མང་པོ་བྱོན་པའི་ཆེན་པོའི་གདུང་རུས་སུ་འཁྲུངས།
ངོར་ཨེ་ཝཾ་ཆོས་ལྡན་དུ་ཕེབས་
ནས་མཁན་ཆེན་འཇམ་པའི་དབྱངས་ཡོངས་འཛིན་པཎྜི་ཏ་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་ལས་སྡོམ་གསུམ་དང་།
དཔལ་ཀྱེེ་རྡོ་རྗེའི་རྒྱུ་དབང་ཚར་ལྔ་
གསན་པས་ཐུགས་རྒྱུད་ལ་སྐུ་བཞིའི་ས་བོན་ཐེབས་ངེས་པའི་ཡིད་ཆེས་བརྟན་པོ་བྱུང་གསུངས།
མཁས་པའི་དབང་པོ་དུ་མ་ལས་མདོ་སྔགས་རིག་གནས་
དང་བཅས་པ་གསན་བསམ་མཛད།
ཁྱད་པར་སྒྲ་ཀཱ་ལཱ་པའི་རྩ་བ་ཐུགས་ལ་བཟུང་བས་ཕྱིས་དགུང་ལོ་དྲུག་ཅུ་ནང་ཕེབས་སྐབས་ཀྱང་མ་བརྗེད་པར་
ཐུགས་ལ་བཀྲ་སལ་ལེར་ཡོད་པར་གསུངས།
བཟོ་རིག་པ་བྲིས་འབུར་གཉིས་ཀའི་ཕྱག་ལེན་མཁྱེན།
ངོར་པའི་ཕྱག་ལེན་ལྟར་འབྱུང་འདུལ་དང་ཀྱེེ་རྡོར་
སོགས་ཡི་དམ་མང་པོའི་བསྙེན་སྒྲུབ་མཐར་ཕྱིན།
ཐར་རྩེ་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་ལས་གསང་སྔགས་སློབ་བཤད་
སོགས་སྙན་བརྒྱུད་ཀྱི་ཆོས་སྐོར་གསན། དེ་རྗེས་བོད་དུ་འབུལ་སྐྱེལ་ཕེབས་ཏེ།
ས་ངོར་གཉིས་ལ་བསྙེན་བཀུར་ཕུན་སུམ་ཚོགས་པར་མཛད། འཁོར་བར་
སྙིང་པོ་མེད་པའི་ཡིད་གཤའ་མ་བྱུང་ནས་སྒྲུབ་པ་སྙིང་པོར་མཛད་པའི་དམ་བཅའ་བརྟན་པོ་མཛད།
དཔལ་ས་སྐྱ་པ་འཇམ་མགོན་རྡོ་རྗེ་རིན་ཆེན་ལ།
ཁོ་བོས་ཚེ་མཇུག་འདིར་སྒྲུབ་པ་ཉམས་ལེན་ཚད་མ་ཞིག་བསམ་པས།
བོད་ཡུལ་གང་དུ་ལེགས་ཞུས་པས། སྐྱབས་མགོན་དེ་ཉིད་ཕྱག་མཉམ་པར་བཞག་
ནས་ཐུགས་བསམ་ཅུང་ཞིག་བཞེས་རྗེས།
ཁྱོད་ཀྱིས་ཁམས་ཕྱོགས་སུ་སྒྲུབ་པ་བྱས་ན་ལེགས།
དེ་ཡང་ཆུ་བོ་གསེར་ལྡན་འབབ་པའི་འགྲམ། བྲག་རི་ཁ་ལྷོར་
ལྟ་བ། ཕུག་པ་ཟླ་གམ་དབྱིབས་ཅན། མདུན་ན་ཆུ་མིག་གནམ་དུ་འཕྱུར་བ།
ཤིང་ཐར་ཐོར་སྐྱེ་བ་དེ་བདེ་མཆོག་གི་གནས་ཁྱད་པར་ཅན་ཡིན་པས། དེར་
སྒྲུབ་པ་བྱས་ན།
ཁྱེད་རང་གི་ཐུགས་རྒྱུད་ལ་ཉམས་རྟོགས་བསམ་གྱིས་མི་ཁྱབ་པ་ཞིག་འཁྲུངས།
སྐལ་ལྡན་གྱི་སློབ་མ་མང་པོ་ཞིག་འདུ་བར་འདུག་
གསུངས། དེ་ལ་ཐུགས་གཞིགས་གནང་བས།
སྒ་སྟོད་རྨེ་སེང་རིན་ཆེན་ཤེལ་བྲག་ཅེས་པའི་བྲག་རི།
གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་གནས་སྒོ་
ཕྱེས། སྐོར་ལམ་བཏོད།
གུ་རུ་རྗེ་འབངས་བཅས་པའི་སྒྲུབ་ཕུག་སོ་སོར་ངོས་འཛིན་མཛད།
མདོ་སྨད་གནས་ཆེན་ཉེར་ལྔའི་ཁ་བྱང་གཏེར་ནས་བཞེས།
བསྟོད་པ་ལ། ཕྱི་ལྟར་རིན་ཆེན་ཤེལ་བྲག་རྡོ་རྗེའི་རྫོང་།
།ནང་ལྟར་རྩ་གསུམ་ལྷ་ཚོགས་སྤྲིན་ལྟར་འཐིབས། །གསང་བ་ཡེ་ཤེས་ལྔ་ཡི་གཞལ་མེད་
ཁང་། །གནས་མཆོག་ཁྱད་པར་ཅན་ལ་གསོལ་བ་འདེབས།
།ཞེས་གསུངས་པ་ལྟར་གྱི་གནས་རི་དེ་ཡིན་པར་ཐུགས་ཐག་ཆོད་ནས་སྐུ་མ་གཤེགས་ཀྱི་བར་
དུ་དེར་སྒྲུབ་པ་སྙིང་པོར་མཛད་ནས་བཞུགས། དེའི་དུས་སུ།
སྐྱེ་རྒུའི་ཚེ་མཚམས་ཁྱབ་བདག་ངག་དབང་བསམ་གཏན་ལས་ས་སྐྱའི་སྙན་བརྒྱུད་དུ་མ་
དང་།
ཁྱད་པར་དུ་རྡོ་རྗེ་ནག་པོ་ཆེན་པོའི་ཕྱི་ནང་གསང་གསུམ་གྱི་དབང་ལུང་ཁྲིད་བཅས་ཡོངས་སུ་རྫོགས་པར་གསན།
ནག་པོ་ཆེན་པོའི་བསྙེན་པ་
དུང་ཕྱུར་གཅིག་དང་།
རྩ་སྔགས་ཤ་ས་ན་འབུམ་ཕྲག་དྲུག་ཅུ་རྩ་བཞི་གསུངས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསུངས།
རྗེ་འདི་ཉིད་ཀྱི་
ཞལ་གསུང་མནལ་ལམ་བཀོད་པ་ཞིག་མཐོང་བ་དེའི་ནང་། རྗེ་བཙུན་གྲགས་པ་རྒྱལ་མཚན།
སློབ་དཔོན་བསོད་ནམས་རྩེ་མོ། རྡོ་རིང་པ་ཀུན་བཟང་
ཆོས་ཀྱི་ཉི་མ། ཚར་ཆེན་བློ་གསལ་རྒྱ་མཚོ།
ཁྱབ་བདག་ངག་དབང་བསམ་གཏན་སོགས་མཇལ་བ་དང་ཆོས་འབྲེལ་ཐོབ།
ལྷོ་ཕྱོགས་དཔལ་གྱི་རི་ལ་
འཕུར་ནས་ཕེབས་པ་སོགས་གསལ།
རྡོ་རྗེ་རྣལ་འབྱོར་མའི་བསྙེན་སྒྲུབ་ལས་གསུམ་མཐར་ཕྱིན་པ་དང་།
ཁྱད་པར་རྫོགས་རིམ་དབུ་མ་ཆེན་པོའི་ཉམས་
ལེན་ལ་གནད་དུ་བསྣུན་པས་ཉིན་ཞག་རེ་ལ་རླུང་སྲོག་སྩོལ་གྱི་འགྲོ་འོང་རེ་རེས་ཆོག་པར་བྱུང་གསུངས།
བཅད་རྒྱ་དམ་པོར་བཞུགས་རྗེས་ཁྲི་འདུའི་
གདོང་འཕྲད་བསམ་གཏན་གླིང་དུ་གདན་འདྲེན་ཞུས། དེར་གདུལ་བྱའི་རེ་བ་བསྐངས་ཤིང་།
ཁྱད་པར་དགེ་སློང་བདུན་ལ་མགོན་པོ་མ་ཧཱ་ཀཱ་ལའི་བྲག་
རྫོང་ཕྱི་ཁྲིད་དང་།
མཁས་བཙུན་ཆོས་གྲགས་རྒྱ་མཚོ་སོགས་དགེ་སློང་བཞི་ལ་གསང་ཁྲིད་ཡོངས་རྫོགས་སྨིན་རྒྱས་སུ་བསྩལ་ཏེ་ཐུབ་བསྟན་དགོན་དུ་
ཕེབས་སྐབས་རྨི་ལམ་ཡ་མཚར་བ་ཡོད་པར་གསུངས།
ཡང་སྐབས་ཤིག་ཏུ་ཐར་ལམ་དགོན་པས་གདན་འདྲེན་ཞུས་ནས་ངོར་ལུགས་རྒྱུད་སྡེ་ལྔའི་དབང་
ཆེན་བསྩལ་སྐབས་མནལ་ལམ་དུ།
བུད་མེད་མང་པོས་དགའ་བའི་རྣམ་འགྱུར་དང་འབྲས་དང་སྔོ་ཚོད་ཀྱི་ཐུག་པ་ཞིམ་པོ་འབུལ་བ་བྱུང་ནས།
དེ་ནི་
དགོན་པ་འདི་ལ་རྡོ་རྗེ་འཆང་གི་དུས་ཆེན་སྐབས་སུ་རྒྱུད་སྡེ་ལྔའི་སྒྲུབ་མཆོད་ལོ་ལྟར་ཡོད་ཀྱང་།
དབང་མེད་ལུང་མེད་གསང་སྔགས་རང་དགར་སྤྱོད་
པ་ལྟ་བུར་གྱུར་པ་དེ་རྣམས་དབང་ལུང་གིས་རྒྱུད་སྨིན་པར་བྱས་ནས་གསང་སྔགས་ཀྱི་ཆོས་བདག་མཁའ་འགྲོ་མ་རྣམས་ཐུགས་དགྱེས་པའི་རྟགས་ཡིན་
པར་འདུག་གསུངས།
དམ་པ་འདི་ལ་མགོན་པོ་མ་ཧཱ་ཀ་ལའི་འཇིམ་སྐུ་གསུམ་བཞེངས་དགོས་པའི་རྟེན་འབྲེལ་ཞིག་ཡོད་པ་ལ།
གཅིག་ནི་འཁྲུངས་ཡུལ་
རྡོ་མཁན་དགོན་དུ་ཡོད་པར་གསུངས།
གཅིག་ནི་དེ་ཕྱོགས་ཀྱི་དགོན་པ་ཞིག་ཏུ་བཞེངས་པར་གྲགས།
གསུམ་པ་དེ་དགོན་འདིའི་འདུ་ཁང་དུ་མགོན་
པོའི་སྐུ་ཐོག་ཚད་མ་འདི་ཉིད་ཡིན།
རྗེ་རང་གིས་ཐུགས་འགན་བཞེས་ཏེ་གཟུངས་གཞུག་དང་རབ་གནས་ལེགས་པར་མཛད།
མ་ཧཱ་ཀཱ་ལ་གཙོ་གྱུར་སྨིན་
གྲོལ་རྒྱུན་མི་ཆད་པར་བསྩལ།
ཞལ་སློབ་ཀྱི་གཙོ་བོ་ངོར་ཨེ་ཝཾ་ཆོས་ལྡན་གྱི་ཕན་ཁང་མཁན་རིན་པོ་ཆེ་ཀུན་དགའ་བསྟན་པའི་བློ་གྲོས།
ཨེ་ཝཾ་པའི་རྡོ་
རྗེའི་སློབ་དཔོན་འཇམ་དབྱངས་ངག་དབང་ལེགས་གྲུབ། འཇམ་དབྱངས་བློ་གཏེར་དབང་པོ།
ཀུན་སྤངས་སེམས་དཔའ་ཆེན་པོ་ངག་དབང་བཤད་སྒྲུབ་
རྒྱ་མཚོ། སྒྲུབ་བརྩོན་རྣལ་འབྱོར་དབང་ཕྱུག་ཀུན་དགའ་ཉི་མ།
དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ཆེན་པོ་འཇམ་དབྱངས་ངག་དབང་ཉི་མ། གདོང་
འཕྲད་དགོན་གྱི་མཁས་བཙུན་ཆོས་གྲགས་རྒྱ་མཚོ། ཐར་ལམ་བླ་མ་བཀྲ་ཤིས་ཆོས་འཕེལ།
གྲུབ་དབང་བསོད་ནམས་དགེ་ལེགས། སྒྲུབ་བརྩོན་འཇམ་
དབྱངས་བློ་གསལ་སོགས་བསྟན་འགྲོའི་དོན་ཆེན་མཛད་པའི་སློབ་མ་མང་དུ་བྱུང་།
ག་རྫོང་རྡོ་རྗེའི་ཕུག་ཏུ་སྒྲུབ་པ་ཡུན་རིང་བཞུགས། རྒྱུན་དུ་ཉམས་
དང་རྨི་ལམ་གྱི་ཚུལ་དུ་མི་ནག་པོ་འཇིགས་སུ་རུང་བ་ཞིག་དང་།
བུད་མེད་སྔོ་སངས་འཇིགས་སུ་རུང་བ་གཉིས་རྣམ་ཀུན་ཏུ་ཤར་བ་དང་། སྒྲུབ་བརྩོན་
འཇམ་དབྱངས་བློ་གསལ་ལ་ཞལ་སྤྲོས་སུ།
ང་རང་གི་གྲོད་པ་ཆེན་པོ་འདིའི་ནང་ཉམས་དང་རྟོགས་པ་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་གཞན་ལ་མི་
ཟེར། ང་སྦས་པའི་རྣལ་འབྱོར་ཡིན་གསུངས།
ཕྱིས་དགུང་ལོ་དྲུག་ཅུ་རེ་གྲངས་ནང་གོང་གི་མི་ནག་པོ་དེ་ཅུང་ཟད་ན་བའི་ཚུལ་བསྟན་པ་དེ་ལ་བླ་མས།
སློབ་མ་རྣམས་ཀྱིས་དམ་ཚིག་མི་སྲུང་བའི་འཕྲུལ་འདྲ་མིན་ནམ་གསུངས།
དགུང་ལོ་དྲུག་ཅུ་རེ་གྲངས་སྐབས་སྒྲུབ་གནས་དེ་ཉིད་དུ་ཞི་བར་གཤེགས།
རྗེས་ཀྱི་བྱ་བ་ལ།
ཞལ་སློབ་སྦྱིན་བདག་དང་བཅས་པ་རྣམས་ཀྱིས་སྐུ་གདུང་གི་རྟེན་སྨན་སྐུ་མདའ་ཚད་ཙམ་རྫོང་མགོ་བསམ་གཏན་གླིང་གི་ལྷ་ཁང་དུ་
ལེགས་པར་བཞེངས།
དུས་འགྱུར་གྱི་སྔོན་དུ། འདུ་ཁང་ཀ་བ་དགུ་ཅན། མགོན་ཁང་སོགས་ཀ་བ་༦ ཇ་ཁ་ཀ་བ་༢
གྲྭ་ཤག་༡༢བཅས་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་
༧༠༠ གུར་མགོན་གྱི་སྐུ་སོགས་༡༠༠ལྷག ཞལ་ཐང་༢༥
གསེར་བྲིས་དངུལ་བྲིས་ཀྱི་འབུམ་སོགས་གསུང་རབ་པོད་༢༠༠ལྷག ཞིང་ཁལ་༣༥ ནོར་༣༥ ར་
ལུག་༢༠ རྟ་༢བཅས་ཡོད་ཅིང་། དེ་ནས་དུས་ཟིང་གིས་ཉམ་ཉེས་སུ་གྱུར།
དེ་རྗེས་སྐབས་བཅུ་གཅིག་པ་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ནས་སྲིད་ཇུས་རབ་དང་རིམ་པ་དོན་འབབ་དང་།
ཁྱད་པར་དུ་མི་རིགས་
ཆོས་ལུགས་སྲིད་ཇུས་དོན་འབབ་བྱུང་བས།
སྤྲུལ་སྐུ་དཔལ་ལྡན་ཉི་མ་འོད་ཟེར་དབུ་བཞུགས་དང་།
སེར་སྐྱ་རྒན་གཞོན་ཀུན་གྱིས་འབད་པ་ལྷུར་བླངས་
ནས་ཉམས་གསོ་ཞུས་པ་ལ། འདུ་ཁང་ཀ་བ་༡༦ཅན། གྲྭ་ཤག་༡༢ སྐུ་འདྲ་སྣ་ཚོགས་༨༣
ནོར་༡༢བཅས་ཡོད།
|
|