กก

༄༅། །མོད་ཁོད་དགེ་དགོན།

༄༅། །རབ་ཤིས་མོད་ཁོད་དགེ་དགོན།
རབ་ཤིས་མོད་ཁོད་དགེ་དགོན་ནི། དེ་ཡང་བསྐལ་བཟང་རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ་པས། དང་པོར་ཐུགས་བསྐྱེད། བར་དུ་ཚོགས་བསགས། མཐར་
སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ལུང་རྟོགས་ཀྱི་བསྟན་པ་འཛིན་པའི་དགེ་འདུན་པ་ནི། དགེ་ཚུལ་ཕ་མ་གཉིས་དང་། དགེ་སློང་ཕ་མ་
གཉིས་ཏེ་འཁོར་རྣམ་བཞི་བཞུགས་པ་ལས། དགེ་ཚུལ་མའི་བཙུན་དགོན། དགེ་དགོན་བཀྲ་ཤིས་ཆོས་གླིང་ཞེས་ཕྱི་འདུལ་བའི་ཀུན་སྤྱོད་གཙང་ཞིང་།
བྱང་ཆུབ་ཀྱི་སེམས་དང་སྙིང་རྗེའི་ལྷ་མཆོག་འཕགས་མཆོག་ཐུགས་རྗེ་ཆེན་པོ་ལྷག་པའི་ལྷར་བཟུང་ནས་སྙིང་པོ་ཡི་གེ་དྲུག་མ་དུང་ཕྱུར་མང་པོའི་རྒྱུན་
བསྙེན་དང་སྨྱུང་གནས་བརྒྱ་ཕྲག་མང་པོའི་ལས་ལ་བརྩོན་པས་ནང་བྱང་ཆུབ་ཀྱི་སེམས་བཟང་པོ་འབྱོངས་བ། གསང་བ་ཕ་རྒྱུད་མ་རྒྱུད་ཀྱི་ཡི་དམ་ཁྱད་
འཕགས་ཟུང་གི་རྣལ་འབྱོར་ལ་གཞོལ་བ་དང་ཁྱད་པར་ཡི་དམ་ཡང་གསང་རྟ་མཆོག་གི་ལས་སྦྱོར་ལ་མངའ་བརྙེས་པས་འགྲོ་དོན་ཕྲིན་ལས་ཀུན་གྱིས་
མཐོང་ཆོས་སུ་གྱུར་པའི་ཁྱད་པར་དུ་འཕགས་པ་འདི། རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་རྟ་( ཕྱི་ལོ༡༧༦༢)ལོར་གསང་བདག་མིའི་རྣམ་འཕྲུལ་ཁམས་
མགྱོགས་བློ་བཟང་ཐུབ་བསྟན་རྒྱ་མཚོས། དབེན་གནས་དམ་པ་ཀླུང་ཤོད་མོ་ཁོད་ལྷ་བྲག་གཡས་ལུང་དུ་ཕྱག་བཏབ། དེའི་ལོ་བརྒྱ་ཕྲག་འགའ་རེའི་ཡར་
སྔོན་དུ་བཙུན་མ་བཅུ་ཕྲག་འགའ་ཤས་སྦྲ་ལ་བརྟེན་ནས་བཞུགས་པའང་ངག་རྒྱུན་གྱི་ཡུལ་དུ་གྱུར། རབ་བྱུང་བཅུ་བཞི་པའི་སྟོད་སྐོར་ལ། གནམ་བསྐོས་
གོང་མ་རྒྱལ་པོའི་དབུ་བླ། དཔལ་ཆེན་རྟ་མགྲིན་ཡང་གསང་ཁྲོས་པའི་རྣམ་སྤྲུལ་རྒྱལ་བ་འཇམ་དཔལ་སྙིང་པོ་ངུར་སྨྲིག་གི་རྣམ་པར་རོལ་བ་ཁམས་
གསུམ་འགྲོ་བའི་བླ་མ་ཤར་ཙོང་ཁ་བ་ཆེན་པོའི་བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་དྲུག་གི་ཡ་གྱལ། མཁན་ཆེན་ཡོན་ཏན་དཔལ་གྱི་སྐུ་ཕྲེང་།
ལབ་དབང་ཆེན་དགྱེས་རབ་རྡོ་རྗེའམ་རྗེ་བློ་བཟང་བསྟན་པ་ཆོས་འཕེལ་མཆོག མཁས་དང་གྲུབ་པའི་དབང་ཕྱུག་བླ་མ་ངག་དབང་དཔལ་མཆོག་ནས་
གདན་དྲངས་ཏེ། མཉེས་པ་གསུམ་གྱིས་མཉེས་པར་མཛད་དེ། ཟབ་པ་དང་རྒྱ་ཆེ་བའི་ལུང་དང་ཁྲིད་དབང་མན་ངག་མང་པོ་དང་། དགེ་ཚུལ་མའི་སྡོམ་
པ་བསྩལ་ཅིང་། ཁྱད་པར་དུ་དུས་གསུམ་རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པུ། དཀའ་ཆེན་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་རྒྱུན་བཙུགས། བླ་མ་ངག་
དབང་དཔལ་མཆོག་གིས་སྐུ་རྒྱུ་ཕྱག་ཟོག་ཡོངས་ཀྱིས་རྟེན་གཞི་གཙུག་ལག་ཁང་ཀ་བ་༡༦རུང་ཁང་བཅས་ཕྱི་ནང་གི་བཟོ་དབྱིབས་ངོ་མཚར་དང་ལྡན་
པར། ནང་བཞུགས་སྐུ་གསུང་ཐུགས་རྟེན་བགྲང་གིས་མི་ལང་བ་ཞིག་འགྲོ་ཀུན་བསོད་ནམས་ཀྱི་ཞིང་དུ་བཞུགས་སུ་གསོལ་བ་སོགས་ཀྱིས་དགེ་དགོན་
བཀྲ་ཤིས་ཆོས་གླིང་ཆོས་འཇིག་རྟེན་གང་ཐད་ནས་ཇེ་རྒྱས་བཏང་། བློ་གསལ་འཕགས་པ་ཆོས་འཕེལ་ཡང་ཡུན་རིང་བཞུགས་ཏེ་བཀའ་ཆོས་མང་དུ་
བསྩལ་བར་གྲགས། དེ་རྗེས་རབ་བྱུང་བཅོ་ལྔ་པའི་དཀྱིལ་སྐོར་ལ་ལྷ་བཙུན་འཇམ་དབྱངས་ལུང་རིགས་སེངྒེ་ནས་སྤྱོད་འཇུག་ཆེན་མོའི་ཁྲིད་རྒྱུན་སོགས་
གནང་། བསྟན་འགྱུར་རིན་པོ་ཆེའི་ལྗགས་ལུང་ཡང་བསྩལ་ཏོ། རབ་བྱུང་བཅུ་དྲུག་པའི་སྟོད་སྐོར་ལ། ས་ཆེན་བསོད་ནམས་རྩེ་མོའི་རྣམ་སྤྲུལ་ཁྱབ་
བདག་རྡོ་རྗེ་འཆང་རྗེ་བཙུན་དམ་པ་འཇམ་དབྱངས་བློ་གྲོས་རིན་ཆེན་དཔལ་བཟང་པོ་མཆོག་གིས། དགེ་ཚུལ་མའི་སྡོམ་པ་དང་ཟབ་རྒྱས་ཀྱི་ཆོས་ཚུལ་
མང་པོ་བསྩལ་ཅིང་། མཁན་ཆེན་འཇིགས་མེད་རབ་གསལ་མཆོག་གིས་ལོ་རེ་བཞིན་དཀའ་ཆེན་ལམ་རིམ་དང་སྤྱོད་འཇུག་ཆེན་མོའི་ཁྲིད་སོགས་གནང་
སྟེ། བཤད་སྒྲུབ་ཆོས་སྤྱོད་བཅུའི་མཛད་བཟང་རྣམས་ཇེ་རྒྱས་སུ་བཏང་། བཙུན་མ་ཡང་༥༠༠ལྷག་བཞུགས་ཏེ་ལྷར་བཅས་འགྲོ་བ་ཡོངས་ཀྱི་སྐྱབས་
གནས་དམ་པར་གྱུར་ཏོ། །
དེ་སྐབས་ཀྱི་རྟེན་དང་བརྟེན་པ་སྡོམ་གྲངས་སུ་འགོད་པ་ལ། འདུ་ཁང་ཀ་བ་༡༦ དགེ་ཤག་༨༢ལ་ཁང་མིག་༩༥ གཞན་སྤྱི་ཁང་གཉིས་ལ་ཀ་བ་༦
ནང་རྟེན་ལ་སྐུ་འདྲ་༡༡༠༠ལྷག གོས་ཐང་༥༦༠ པོད་༧༨༣ གཞན་ཡང་མཆོད་རྫས་སོགས་སྣེ་གྲངས་༧༡༠ཙམ་ཡོད་དོ། །མཁན་མོ་རོང་པོའི་བཀྲ་ཤིས་
ཆོས་སྒྲོན་ཞུ་བ་མཚན་མོ་གཉིད་མི་དགོས་བ་བཞུགས། དགེ་བསྐོས་དང་དབུ་མཛད་དགེ་དཔོན་མཆོད་དཔོན་སྤྱི་ཆེན་སོགས་ཡོད། རྒྱུན་ཚོགས་ལ་བུམ་
སྒྲུབ། ལྔ་མཆོད། དགུ་ཆེ་ཆུང་། ལོ་གསར། སྨྱུང་གནས། ལམ་རིམ་དང་སྤྱོད་འཇུག་ཁྲིད། མཁའ་སྤྱོད་སྒྲུབ་མཆོད་སོགས་ཡོད།
འོན་ཀྱང་རབ་རྒྱལ་ས་ཁྱི་ལ་བསྟན་པ་ཉམས་འགྲིབ་ཆེན་པོ་བྱུང་སྟེ་ཤུལ་དུ་ལྷག་པའི་སྐུ་གསུང་ཐུགས་རྟེན་དམངས་ཁྲོད་དུ་སྦས་མོད། ཆུ་སྟག་ལོར་
བསྟན་པ་ཉམས་གསོ་དོད་ཙམ་བྱུང་སྐབས་སླར་གདན་དྲངས་པའི་ལྷ་རྟེན་སྐོར་གཅིག་རབ་རྒྱལ་མེ་རྟ་ལ་བསྲེག་བཅོམ་བཤིག་གསུམ་གྱིས་སྐུ་མཐེ་བོང་
ཙམ་དང་། གསུང་ཡིག་འབྲུ་ཙམ་ཡང་ལྷག་མེད་དུ་བཏང་སྟེ་སྐུ་གསུང་ཐུགས་རྟེན་གྱི་ཕྲིན་ལས་རེ་ཞིག་མཇུག་བསྡུས།
འོན་ཀྱང་རབ་བྱུང་བཅུ་དྲུག་པ་ཆུ་ཁྱི་ལོའི་( ༡༩༨༢)བོད་ཟླ་དང་པོའི་ནང་ལ། ཁམས་མགྱོགས་ངག་དབང་བློ་བཟང་ཐུབ་བསྟན་ཉི་མ་མཆོག་དང་
དབུ་རྒན་འབའ་ཙ་ཡོན་ཏན་རྒྱ་མཚོ་སོགས་དཔོན་སློབ་བརྒྱད་ཕེབས་ཏེ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཞི་བའི་སྦྱིན་བསྲེག་སྔོན་དུ་
འགྲོ་བའི་སྒོ་ནས། དགོན་པ་སླར་གསོ་བྱེད་པའི་མཐུན་རྐྱེན་མི་ཉུང་བ་གནང་སྟེ། བོད་ཟླ་དང་པོ་ཆོ་འཕྲུལ་ཟླ་བའི་ཚེས་ལྔ་ཉིན་ཚོགས། ཡི་དམ་ཐུགས་
རྗེ་ཆེན་པོའི་རྗེས་གནང་སོགས་མང་དུ་བསྩལ།
དྲུག་པ་ཚེས་བཞིའི་སྐོར་ལ་ཁྱབ་བདག་འཇམ་དབྱངས་བློ་གྲོས་རིན་ཆེན་གདན་དྲངས་ཏེ་བཙུན་མ་རྣམས་ལ་དགེ་ཚུལ་གྱི་སྡོམ་པ་གནང་། མ་ཟད་
ཡི་དམ་རྡོ་རྗེ་རྣལ་འབྱོར་མའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྩལ། སྒྲོལ་མའི་གོས་ཐང་མང་ཙམ་སོགས་ཟང་ཟིང་གི་གནང་སྦྱིན་ཡང་མཛད། དེའི་
ཕྱི་ལོ་བོད་ཟླ་དང་པོའི་ཚེས་ནང་ལ་མཁན་བརྩོན་འགྲུས་གདན་དྲངས་ཏེ་སྤྱོད་འཇུག་ཆེན་མོའི་ཁྲིད་སོགས་གནང་། དེ་ནས་ལོ་རེ་བཞིན་ཉི་སྤྲུལ་རིན་
པོ་ཆེ་དང་མཁན་འཇམ་དབྱངས་མཁྱེན་བརྩེ་རྣམ་གཉིས་རེས་མོས་སུ་གདན་དྲངས་ཏེ། སྤྱོད་འཇུག་ཆེན་མོའི་ཁྲིད་དང་། དཀའ་ཆེན་ལམ་རིམ། ལམ་
རིམ་ཟིན་བྲིས་མཁས་པའི་ཡིད་འཕྲོག བླ་མཆོད་ཁྲིད་ཆེན་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་སྡོམ་གསུམ་སོགས་ཀྱི་ཁྲིད་སོགས་མ་ཆད་པར་ཡོད།
རབ་བྱུང་བཅུ་བདུན་པ་མེ་མོ་གླང་( ༡༩༩༧)ལོའི་ལྷ་བབ་ཉི་ཤུ་གཉིས་ཉིན་དཔེ་ཁྲིད་དབུ་བཙུགས་པ་དང་། རྗེ་བཙུན་བླ་མ་དམ་པ་ནམ་མཁའ་རྒྱལ་
མཚན་དཔལ་བཟང་པོ་ཐེངས་གཉིས་གདན་སྟེ་བཙུན་མ་རྣམས་དགེ་ཚུལ་བསྒྲུབས། བླ་མ་དམ་པ་ཉི་མ་རིན་པོ་ཆེ་ནས་ཀྱང་ཀུན་རིག་དང་རྣལ་འབྱོར་
མ། འཇིགས་བྱེད་དཔའ་གཅིག་སོགས་ཀྱི་དབང་ལུང་ཁྲིད་སོགས་གནང་བ་དང་། རྗེ་བཙུན་བླ་མ་འཇམ་སེང་རིན་པོ་ཆེ་དང་བླ་མ་ཨ་ཚེ་སོགས་ས་དགེ་
བཀའ་སོགས་ཀྱི་སྐྱེས་ཆེན་དམ་པ་མང་ཙམ་གདན་འདྲེན་ཞུས་ཏེ། དབང་ལུང་ཁྲིད་གསུམ་ནོད་པ་དང་། ཐོས་དོན་སྒྲུབ་བ་ལ་གཞོལ་བའི་སྒོ་ནས། སྤྱིར་
ལོ་རེ་བཞིན་མ་ཎི་བུམ་སྒྲུབ། སྨྱུང་གནས་སྟོང་ཕྲག་མང་པོ། ཚེས་བཅུ། ཉེར་ལྔ་ལ་རྣལ་འབྱོར་མའི་བདག་འཇུག་ཚོགས་མཆོད། ཚེས་བརྒྱད་ལ་དཔའ་
གཅིག་བདག་འཇུག ཚེས་བཅོ་ལྔ་ལ་རྟ་མགྲིན་ཡང་གསང་ཁྲོས་པའི་སྒྲུབ་ཆོག་དང་། མ་ཎི་བུམ་སྒྲུབ། ལྔ་མཆོད། དགུ་ཆེ་ཆུང་ལ་རྟ་མགྲིན་ཡང་གསང་
ཁྲོས་པའི་འདོན་འཆམ་དང་སྦྲགས་པའི་འཆམ་གཏོར་རྒྱག་དབང་སོགས་དུས་སྟོན་ཉིན་གསུམ་རེ། རྒྱུན་དུ་དུས་འབྲེལ་གྱི་གསོ་སྦྱོང་སོགས་ཆགས་མེད་
དུ་ཡོད་པ་དང་། ཚོགས་འདུ་སྒོ་ཡང་ཉིན་ལྟར་ཆགས་མེད་དུ་ཡོད་ཅིང་། སྒེར་སོ་སོས་ཀྱང་སྨྱུང་གནས་ཆ་བརྒྱ། སྔོན་འགྲོ་འབུམ་བཞི། དམིགས་བརྩེའི་
བསྙེན་པ། མ་ཎི་དུང་བསྙེན། རྣལ་འབྱོར་མ་དང་འཇིགས་བྱེད་བསྙེན་ཆེན་ལས་རུང་སོགས་ལ་བཙུན་མ་བཅུ་ཕྲག་གཉིས་ལ་ཉེ་བ་དཀའ་སྤྱད་སྙིང་རུས་
ཀྱིས་བཞུགས་ཤིང་། ཐུགས་མཐུན་ཁྲིམས་གཙང་སོགས་གང་ཐད་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་པ་ལ་མི་དམན་པ་ཆེས་ཕུལ་དུ་བྱུང་བ་ཡ་རབས་
གཟུ་བོར་གནས་པའི་སྐྱེས་ཆེན་དམ་པ་རྣམས་ཀྱིས་བསྔགས་བརྗོད་གནང་། དགོན་དཔོན་ལ་རབ་ཤིས་དཔོན་ཚང་ཇོ་རྒན་པད་དཀར་དང་། གཞོན་པ་
ལ་རྭ་ཉག་ཆོས་ལྷ། ལས་སྣེ་གསུམ་དང་གཞན་ཇོ་རྒན་གཙོས། བཙུན་མ་ལོ་གཞོན་དང་ཆོས་དད་མི་དམངས་ཀྱིས་རྒྱབ་བཅོལ་དང་མཁར་ལས་ཀྱི་ངལ་
བ་ལ་བརྟེན་ཏེ་ད་ལྟ་འདུ་ཁང་ཀ་བ་༡༦རུང་ཁང་དང་ལྡན་པ། དགེ་ཤག་༤༤ ཞལ་ཐང་༦༨ སྐུ་འདྲ་༧༦ པོད་༥༠༩ །མཆོན་ཆ་དང་ཡོ་བྱད་གཞན་
༡༢༠བཅས་ཡོངས་སུ་གྲུབ་ཅིང་། འཚོ་བའི་ཆ་རྐྱེན་ལ་རྟ་༡ ནོར་༧༣བཅས་ཡོད་དོ། །