กก

༄༅། །འབྲུག་པ་དགོན།

༄༅། །དྷཱིཿའབྲུག་བསམ་གཏན་ཆོས་འཁོར་གླིང་།
དེའང་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཅེས་གྲགས་བའི་ཆུང་བརྒྱད་ཀྱི་ཡ་གྱལ། རྗེ་ཕག་གྲུའི་སློབ་མ་གླིང་རས་དང་རྒྱ་རས་ལས་བརྒྱུད་པར་འབྲུག་པ་
བཀའ་བརྒྱུད་ཅེས་པ་འདིའི་ཕྱག་འདེབས་པ་པོ་ནི། འགྲོ་མགོན་གཙང་པ་རྒྱ་རས་རབ་བྱུང་གསུམ་པའི་ལྕགས་སྦྲུལ་( ༡༧༦༡)ལོར་གཙང་ཉང་སྟོད་ཁུ་
ལེའི་ཡུལ་དུ་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་པར་སློབ་དཔོན་རྟ་ཐང་སར་ལོ་གསུམ་བཞུགས། མངོན་པ་དང་ཞི་བྱེད་སོགས་གསན། སློབ་དཔོན་
མཁའ་རླུང་བའི་ས་ནས་ལོ་བརྒྱད་རིང་མདོ་སྔགས་གསན། ཕྱིས་བླ་མ་ཞང་ལས་རབ་ཏུ་བྱུང་སྟེ་མཚན་ཡེ་ཤེས་རྡོ་རྗེར་གསོལ། དགུང་ལོ་ཉེར་གཉིས་
ཐོག་འགྲོ་མགོན་གླིང་རས་མདུན་ནས་ཆོས་དྲུག་དང་ཕྱག་ཆེན་སོགས་གསན་པས་ཞག་བདུན་ནས་རས་ཐུབ་པ་བྱུང་། བརྩིགས་པ་ལ་ཐོགས་པ་མེད་པ་
སོགས་ངོ་མཚར་ཆེ་བའི་རྣམ་ཐར་མངའ། རས་ཆུང་པའི་རོ་སྙོམས་སྐོར་དྲུག་གཏེར་ནས་བཏོན། ལུང་བསྟན་པ་ལྟར་ཀློང་རྡོལ་དགོན་པ་དང་ར་ལུང་
འབྲུག་བཅས་བཏབ། འབྲུག་གསར་དུ་བཞེངས་དུས་འབྲུག་སྒྲ་དྲག་པོར་གྲགས་པས་དགོན་པའི་མིང་ལ་འབྲུག་ཏུ་བཏགས། དེ་ཉིད་ཐོག་མར་དགོན་
འདི་ཡིན་པ་རྒན་རབས་རྣམས་ཀྱི་ངག་རྒྱུན་ལ་གྲགས། དེ་ནས་ཕྱིས་ཀརྨ་བཀའ་བརྒྱུད་དང་འཁྲུག་རྩོད་བྱུང་བའི་རྐྱེན་གྱིས་རབ་བྱུང་དགུ་པའི་ནང་
སྐོར་ནང་ཆེན་རྫ་ཉེས་ལ་གནས་སྤོས་ཏེ་ཚེ་ནེ་དགོན་དུ་གྲགས་པ་ད་ལྟའང་ཤུལ་ཡོད།
བླ་མ་ཁག་བཞི་སྟེ། འབྲུག་པ་སྟོབས་བཅུ་ནི། ཡབ་དཔལ་ལྡན་བཀྲ་ཤིས་དང་ཡུམ་བཀྲ་ཤིས་དབྱངས་མཚོའི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཤིང་ལུག་
ཕྱི་ལོ་༡༨༣༥ལོར་བལྟམས། ཐོག་མར་བསོད་ནམས་དགེ་བ་སོགས་བླ་མ་མང་དུ་བསྟེན་ཏེ་མཁས་པའི་ཕུལ་དུ་ཕྱིན། གྲུབ་པའི་ས་མཐོར་གཤེགས་ཤིང་
རྟགས་མཚན་ངོ་མཚར་བ་མང་དུ་བསྟན་པར་ཀུན་གྱིས་རིག་འཛིན་ཆོས་རྒྱལ་རྡོ་རྗེའི་སྐུ་སྤྲུལ་ཡིན་པར་གོར་མ་ཆག་ཅེས་རྩོད་མེད་དུ་གྲགས། སྒྲུབ་པ་
གཉན་རྒྱས་ཕུག་ཏུ་མཛད། ཁོང་གི་སློབ་བུ་མདོ་དབུས་ཁམས་གསུམ་ནས་འདུས་པ་བགྲང་ལས་འདས་པ་ཞིག་ཡོད་པའི་ནང་ནས་མཆོག་ཏུ་གྱུར་པ།
འབྲུ་འཇམ་དབྱངས་གྲགས་པ། དུལ་མོ་ཕྲིན་ལས་བསྟན་འཛིན། མགར་སྤྲུལ་སྐུ། ནང་ཆེན་མགར་དགོན་པའི་འཆི་མེད་སྤྲུལ་སྐུ། ཀུན་དགའ་སྤྲུལ་སྐུ།
སྤྲུལ་སྐུ་བཀྲ་ཤིས་རྒྱལ་མཚན། སྤྲུལ་སྐུ་ཆོས་རྒྱལ་རྡོ་རྗེ་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་དམ་པའི་སྐྱེས་བུ་མང་དུ་བྱོན། མཐར་དགུང་གྲངས་གྱ་
གཉིས་པ་རབ་བྱུང་བཅོ་ལྔ་པའི་མེ་འབྲུག་ལ་མྱ་ངན་ལས་འདས་པའི་ཚུལ་བསྟན།
སྐུ་ཕྲེང་གཉིས་པ་ཀརྨ་ལུང་རྟོགས་ཆོས་ཀྱི་འོད་ཟེར་ནི། ཡབ་བློ་གྲོས་དང་ཡུམ་མཆོད་ལྷའི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ས་ལུག་ཕྱི་ལོ་༡༩༡༩ལོར་
འཁྲུངས། རྒྱལ་དབང་ཀརྨ་པས་ངོས་འཛིན་གནང་། དགུང་ལོ་བདུན་ཐོག་ཁྲིར་མངའ་གསོལ། མཐར་རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་སྟེ་ཕྱི་ལོ་
༡༩༥༨ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།
བསྟན་དགའ་སྐུ་ཕྲེང་དང་པོ་ཀརྨ་སྒྲུབ་བརྒྱུད་ཆོས་ཀྱི་ཉི་མ། གཉིས་པ་ཀརྨ་འོད་ཟེར་ཆོས་ཀྱི་ཉི་མ། གསུམ་པ་ཀརྨ་གསལ་བྱེད་ཆོས་ཀྱི་འོད་ཟེར།
སྒྲུབ་དགའ་སྐུ་ཕྲེང་དང་པོ་ཀརྨ་ཡེ་ཤེས་དབང་ཕྱུག གཉིས་པ་མཚན་མི་གསལ། གསུམ་པ་ཀརྨ་སྒྲུབ་བརྒྱུད་ཆོས་ཀྱི་ཉི་མ། བཞི་པ་ཀརྨ་ཕྲིན་ལས་
འགྱུར་མེད།
འབྲུག་སྤྲུལ་བསོད་ནམས་དགེ་བ་ནི། རབ་བྱུང་དགུ་པའི་མེ་འབྲུག་ཕྱི་ལོ་༡༥༥༦ལོར་ངོ་མཚར་བའི་ལྟས་དང་བཅས་བལྟམས། དགུང་གྲངས་བཅུ་པ་
ལ་དཔའ་བོ་གཙུག་ལག་ཕྲེང་བ་ལས་རབ་ཏུ་བྱུང་། ཕྱིས་དཔལ་འགྲོ་བའི་མགོན་པོ་བསྟེན་ཏེ་ཁོང་ལ་ཞལ་སློབ་གདུགས་ཐོགས་པ་ཉིས་སྟོང་བརྒྱད་བརྒྱ་
བྱུང་བའི་ནང་ནས་ཉམས་ལེན་གྱི་བདག་པོ་མཆོག་ཏུ་གྱུར། བླ་མས་གངས་རི་དང་ལ་དྭགས་སོགས་ལ་སྒྲུབ་པ་སྙིང་པོ་གྱིས་གསུངས་པ་བཞིན་བྱོན་ཏེ་
སྒྲུབ་པར་མཛད། ཉིད་ཀྱི་ཞལ་ནས། འབྲི་ལུང་ཕུག་ཏུ་ཕྲིན་ལས་རོལ་པ་རྩལ། །བལ་པོའི་ཡུལ་དུ་དཀོན་མཆོག་རིན་ཆེན་ཞེས། །མོན་ཁའི་གནས་ནས་
དཔལ་ཆེན་ལས་ཀྱི་མགོན། །དྭགས་ཀཾ་མཚམས་སུ་དབང་དྲགས་འགྱུར་མེད་འབོད། །ལྷོ་ཡི་ཡུལ་ན་བློ་གྲོས་སེངྒེ་མཚན། །མདོ་སྨད་དབྱར་རྔའི་སྲོལ་
འབྱེད་ཁམས་སྤྲུལ་གྱིས། །ཐུགས་སྲས་ཚོགས་བརྒྱའི་བླ་མ་བསོད་ནམས་དགེ །ཞེས་གསུངས་པས་བསོད་ནམས་དགེ་ནི་སྐུ་ཕྲེང་བདུན་པ་ཡིན་ལ་འདིའི་
ཡན་གྱི་ལོ་རྒྱུས་མ་འཚལ། དགུང་ལོ་ཉེར་གཅིག་སྐབས་དཔལ་ལྡན་འབྲུག་པའི་རྟོགས་ལྡན་ཀརྨ་བསྟན་འཕེལ་ཞེས་མཚན་གསན་མ་ཐག་ཏུ་དད་པའི་
སྤུ་ལོང་རབ་ཏུ་གཡོས་ཏེ་དཀའ་ངལ་ལ་མ་འཛེམས་པར་ཉིན་མཚན་དབྱེར་མེད་དུ་བྱོན། བླ་མ་མཇལ་ནས་གདམས་ཟབ་མ་ལུས་པ་བུམ་པ་གང་བྱོའི་
ཚུལ་དུ་གསན་བཞེས་མཛད་དེ་ལོ་ལྔ་ཡི་རིང་ལ་དེར་བཞུགས། བླ་མའི་ཞལ་ནས་ཁྱོད་འདིར་མ་བཞུགས། འགྲོ་དོན་མདོ་སྟོད་ཕྱོགས་སུ་ཡོད་པས་དེར་
སོང་གསུངས། དེ་ནས་ལམ་དུ་བརྒྱུད་དེ་ནང་ཆེན་ཟླ་ཉིན་ཚེ་ནེ་གཤམ་དུ་ཕེབས་སྐབས་དཔོན་སློབ་རྣམས་ཡུད་ཙམ་བཞུགས་པས། དེར་ཕྱོགས་ཀྱི་སྡེ་
དཔོན་རྣམས་ཀྱིས་འདིར་དགོན་པ་ཞིག་ངེས་པར་དུ་ཕྱག་འདེབས་དགོས་ཞེས་ཞུ་བ་ནན་གྱིས་ཕུལ། ཉིད་ཀྱིས་བླ་མའི་ལུང་གིས་བསྔགས་པའི་གདན་ས་
མིན་མོད་ཁྱེད་རྣམས་ཀྱི་རེ་འདོད་ལྟར་བྱ་གསུངས་ཏེ་རབ་བྱུང་བཅུ་པའི་ཤིང་བྱ་ཕྱི་ལོ་༡༥༨༥ལོར་ཕྱག་བཏབ། སྐབས་དེར་བཞེངས་པའི་ལྷ་ཁང་ཀ་བ་
༡༦ བླ་བྲང་། ཇ་ཁང་། གཉེར་ཁང་། འཆམ་ཁང་། གྲྭ་ཤག་༢༥བཅས་དང་། གཞན་ཡང་རྟེན་གསུམ་གྲངས་མེད་བཞེངས་པར་མ་ཟད་བུ་སློབ་ཀྱང་མང་
དུ་བསྐྱངས་ཏེ་མཐར་དགུང་གྲངས་བཞི་བཅུ་ཞེ་གསུམ་ཕྱི་ལོ་༡༥༩༨ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།
སླད་དུ་སློབ་ཆེན་ངག་དབང་མི་འགྱུར་སོགས་གྲྭ་བཙུན་བཞི་མཚུར་ཕུར་བསྡོངས་ཏེ་རྒྱལ་དབང་ཀརྨ་པ་དབང་ཕྱུག་རྡོ་རྗེར་ཡང་སྲིད་མྱུར་དུ་ངོས་
འཛིན་གནང་བ་ནན་ཞུས་ཕུལ་བས། དཔལ་ཀརྨ་པས་ཁམས་རྫ་སྟོད་ཕྱོགས་སུ་ཡབ་དྲི་བཟང་དང་ཡུམ་འོ་དགའི་སྲས་སུ་ལྕགས་བྱི་ལོ་པ་དེ་འཁྲུལ་བྲལ་
ཡིན་པར་གསུངས་ཏེ་མཚན་ཀརྨ་བཤད་སྒྲུབ་དར་རྒྱས་དཔལ་བཟང་པོ་གསོལ། གོང་མའི་སློབ་ཆེན་ངག་དབང་མི་འགྱུར་སོགས་ཀྱིས་རྩད་བཅད་པས་
འཁྲུལ་མེད་དུ་རྙེད་ནས་རབ་བྱུང་བཅུ་པའི་ཆུ་སྟག་ལོའི་ནག་ཟླའི་ཚེས་བདུན་ལ་ཁྲི་སྟོན་རྒྱ་ཆེར་མཛད། དེ་ནས་སློབ་དཔོན་འཇིགས་མེད་གོ་ཆ་ལས་
འབྲི་ཀློག་སོགས་བསླབས། དགུང་ལོ་བཅུ་གསུམ་བཞེས་སྐབས་འབྲུག་སྤྲུལ་དཔག་བསམ་དབང་པོའི་མདུན་ནས་རབ་བྱུང་གི་སྡོམ་པ་བཞེས་ཏེ་ལོ་
བདུན་གྱི་རིང་ལ་འབྲུག་པའི་དབང་ཁྲིད་གདམས་ཟབ་མ་ལུས་པ་གསན། དགུང་ལོ་ཉེར་གསུམ་པར་བསྙེན་རྫོགས་སྒྲུབ། དགུང་ལོ་སོ་གསུམ་སྐབས་རང་
དགོན་དུ་མཚམས་ལ་འདག་སྦྱར་གྱིས་ལོ་བདུན་བཞུགས་ཏེ་ཕྱི་ལོ་༡༦༤༥ལོར་ཞི་བར་གཤེགས། སྐུ་འདའ་ཁར་ཉིད་ཀྱི་ཞལ་ནས། འདི་ནས་བྱང་གི་
ཕྱོགས་རོལ་ན། །ཁྱེའུ་མེ་ཕག་ལོ་པ་ཞིག །ཐབས་ནོར་ཤེས་རབ་ཨ་ཡི་མིང་། །འདིར་བཞུགས་དེ་ཕྱོགས་བྱོན་གྱུར་ན། །ངོ་མཚར་ལྟས་རྣམས་གསལ་བ་
འོང་། །ཞེས་ལུང་བསྟན།
ཕྱིས་སློབ་ཆེན་ཨོ་རྒྱན་ལྷུན་གྲུབ་དང་ཀུན་བཟང་རྣམ་གཉིས་སྐྱོ་བྲག་གནས་བསྐོར་དུ་བྱོན་སྐབས་ལམ་དུ་བུ་ཆུང་ཞིག་གིས་ཨ་ཨ་ང་ཡི་གྲྭ་པ་བྱོན་
འདུག་གསུངས་ཏེ་ཁོང་གཉིས་ཀྱི་ན་བཟའ་ནས་འཇུས། ཀུན་བཟང་གིས་ཨོ་ཨོ་འདི་ངེད་ཚང་གི་བླ་མ་ངེས་པར་དུ་རེད་འདུག་གསུངས་ནས་ཕྱག་ཏུ་
བཞེས། ཁོང་གཉིས་ཀྱིས་གོང་མའི་མཆོད་ཆ་མིང་རེ་རེ་བཞིན་དུ་འདོགས་སུ་བཅུགས་པས་འཁྲུལ་མེད་དུ་གསུངས། དེ་ནས་ཡབ་ཡུམ་རྩད་བཅད་པས་
ལུང་བསྟན་དང་མཐུན་པར་ཡབ་ནོར་བུ་དང་ཡུམ་ཨ་སྐྱིད་གཉིས་འགྲིགས་འདུག་པར་ཡང་སྲིད་ཡིན་པ་ངོས་ཟིན་ཏེ་རབ་བྱུང་བཅུ་གཅིག་པའི་ལྕགས་
སྟག་ལོའི་ཟླ་༢ཚེས་༨ལ་ཁྲིར་མངའ་གསོལ། དེ་ནས་ལོ་བརྒྱད་ཀྱི་རིང་ལ་འབྲི་ཀློག་སོགས་བསླབས། རིག་འཛིན་འཇའ་ཚོན་སྙིང་པོའི་མདུན་ནས་རབ་
བྱུང་གི་སྡོམ་པ་བཞེས་ཏེ་མཚན་མི་ཕམ་ཆོས་ཀྱི་ཉི་མ་ཕྲིན་ལས་རོལ་པ་རྩལ་ཞེས་གསོལ། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་བསྟེན་ཏེ་མདོ་
རྒྱུད་རིག་གཞུང་དང་བཅས་པར་སྦྱངས་པ་མཐར་ཕྱིན་པ་བྱས་ཤིང་སྙན་འགྲེལ་དང་དཀར་རྩིས། སྒྲུབ་སྐོར་གྱི་ཕྱག་ལེན་ཕྱོགས་བསྡུས་སོགས་གསུང་
འབུམ་པོད་གསུམ་ཙམ་ཡོད་ཀྱང་ཕྱིས་དུས་ངན་རྐྱེན་གྱིས་ད་ལྟ་མི་མངོན། དགུང་གྲངས་སོ་དགུ་པ་ལ་དགོངས་པ་ཞི་བར་གཤེགས།
ངག་དབང་མི་ཕམ་བསྟན་པའི་ཉི་གཞོན་ནི། རབ་སྨད་ཕྱོགས་སུ་ཡབ་ལྷ་གྲགས་དང་ཡུམ་སེམས་སྐྱིད་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་མེ་ཡོས་
( ༡༦༨༧)ལོར་འཁྲུངས། དགུང་ལོ་གཉིས་བཞེས་སྐབས་ཉིན་ཞིག་ཡབ་ཡུམ་གཉིས་ལ། གཟུགས་ཁམས་ནས་མ་འདྲེས་བཅོ་བརྒྱད་བར། །ཆོས་ཐམས་
ཅད་སྐྱེ་བ་མེད་པར་མཐོང་། །གཞི་དག་པ་ཆེན་པོའི་སྣང་བ་ལ། །རྐྱེན་གང་གིས་གཡོ་བ་མི་འདུག་ལགས། །ཞེས་སོགས་གསུངས། རྗེ་བཙུན་མཐུ་ཆེན་ཆོས་
ཀྱི་དབང་ཕྱུག་གིས་འབྲུག་སྤྲུལ་བསོད་ནམས་དགེ་བའི་ཡང་སྲིད་དུ་ངོས་བཟུང་། དགུང་ལོ་བདུན་པ་ལ་སྔོན་འགྲོའི་ཚོགས་བསགས་ཀྱིས་དུས་འདའ་
བར་མཛད། བརྒྱད་བཞེས་སྐབས་ཡི་དམ་གྱི་ལྷ་མང་པོས་ཞལ་གཟིགས། དེ་ནས་དགུང་ལོ་བཅུ་གསུམ་ནས་ཉེར་གཅིག་གི་བར་དུ་མཐུ་ཆེན་ཆོས་ཀྱི་
དབང་ཕྱུག་མདུན་ནས་སོར་བྱང་སྔགས་གསུམ་གྱི་སྡོམ་པ་བཞེས་ཏེ་འབྲུག་པའི་ཆོས་སྐོར་ཡོངས་རྫོགས་གསན། ཉིད་ཀྱི་ཞལ་ནས། སངས་རྒྱས་གཞན་
ལས་བཀའ་དྲིན་ཆེ་ལྷག་པ། །མཐུ་ཆེན་རིན་པོ་ཆེ་ལ་གསོལ་བ་འདེབས། །ཞེས་སོགས་གསུངས་ཏེ་རྩ་བའི་བླ་མར་བསྟེན། གཞན་ཡང་མཁས་གྲུབ་འཇམ་
དབྱངས་བཞད་པ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས། ཁམས་སྤྲུལ་ཀུན་དགའ་བསྟན་འཛིན་སོགས་བསྟེན་ཏེ་གཞུང་ལུགས་
རབ་འབྱམས་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད། ཁོང་གིས་འགྲོ་དོན་དབུས་གཙང་ཕྱོགས་སུ་བྱས་པས་སྐབས་དེར་བརྩམས་པའི་ཁྲིད་སྐོར་གཞུང་སྐོར་
སྔགས་སྐོར་གསུམ་ལ་པོད་ལྔ་ཙམ་ཡོད་ཀྱང་དེ་རྣམས་དབུས་གཙང་གི་ཕྱོགས་སུ་ཡོད་པར་མངོན། དགུང་གྲངས་ཞེ་བརྒྱད་ལོར་གཟུགས་སྐུ་བསྡུས་པའི་
ཚུལ་བསྟན། ཁོང་གི་སློབ་མ་གཙོ་བོ་ངག་དབང་དངོས་གྲུབ། ཚེ་དབང་རྡོ་རྗེ། ཕྲིན་མཆོག་སོགས་སློབ་ཚོགས་བགྲང་ལས་འདས་པ་བསྐྱངས་སོ། །
ཀརྨ་ལེགས་བཤད་ཆོས་ཀྱི་བློ་གྲོས་དཔལ་བཟང་པོ་ནི། རྫ་སྟོད་དགེ་རྒྱལ་གྱི་ས་ཆར་ཡབ་ཀར་ཚེ་དང་ཡུམ་བོ་ཡག་གི་སྲས་སུ་རབ་བྱུང་བཅུ་གཉིས་
པའི་མེ་འབྲུག་ཕྱི་ལོ་༡༧༣༦ལོར་འཁྲུངས། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། དགུང་ལོ་བཞི་པ་ལ་གྲྭ་སློབ་
རྣམས་ཀྱིས་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་ལ་མངའ་གསོལ། དེ་ནས་བཟུང་ཡོན་ཏན་ཀུན་གྱི་གཞི་མ་འབྲི་ཀློག་སོགས་ལ་བསླབས། དགུང་ལོ་
བཅུ་གཉིས་བཞེས་སྐབས་ཡོངས་འཛིན་འཇམ་དཔལ་དཔའ་བོའི་མདུན་ནས་རབ་ཏུ་བྱུང་སྟེ་དགུང་གྲངས་བཅོ་བརྒྱད་ཀྱི་བར་དུ་རང་ལུགས་ཀྱི་ཆོས་
སྐོར་མ་ལུས་པ་གསན། དེའི་སྐབས་ནུབ་གཅིག་འོད་གསལ་གྱི་ངང་དུ། མཁའ་འགྲོ་མ་དམར་མོ་རུས་པའི་རྒྱན་ཅན་བཅུ་དྲུག་ལོན་པའི་ན་ཚོད་དང་
ལྡན་པ་ཞིག་གིས་འདི་ལྟར་གསུངས། བུ་མ་བཞུགས་ཁམས་ཀྱི་ཕྱོགས་སུ་བྱོན། །སྔར་གདན་ས་དོར་ནས་ནུབ་བྱང་མཚམས། །རྩི་རགས་གཉིས་ཀྱི་བར་དེ་
ན། །སྦས་ཡུལ་གྱི་ཚུལ་ལ་རིགས་གསུམ་གནས། །དེ་བླ་མས་གསུངས་པའི་གནས་མཆོག་ཡིན། །ཁྱེད་དེར་བྱོན་བསྟན་འགྲོའི་དོན་ཆེན་འབྱུང་། །ཞེས་
སོགས་ལུང་བསྟན། དགུང་ལོ་ཉེར་གཅིག་སོན་སྐབས་ཟླ་ཉིན་ཚེ་ནེ་དགོན་དུ་ཕེབས་ཏེ་གདན་སར་གཟིགས་ཞིབ་མཛད་ནས་དེར་བཞུགས། ཉིན་ཞིག་ལ་
ད་རང་རེ་རྣམས་འདིར་མི་འདུག་བླ་མའི་གསུང་དང་མཁའ་འགྲོའི་ལུང་བསྟན་གང་ལ་བསམ་ཀྱང་འགྲོ་དགོས་པ་འདུག་གསུངས་ནས་གདན་ས་སྐྱོང་
བའི་དགེ་སློང་བཅུ་ཕྲག་ཙམ་བཞག སྐུ་གསུང་ཐུགས་རྟེན་གྲགས་ཆེ་བ་རྣམས་གདན་དྲངས་ཏེ་དཔོན་སློབ་རྣམས་མཁའ་འགྲོའི་ལུང་བསྟན་པའི་
ཕྱོགས་སུ་རིམ་གྱིས་བྱོན་པས་ཡུལ་ལྗོངས་ལྟ་ན་སྡུག་པའི་དྷཱིཿཁྱེམ་རོང་དུ་ཕྱག་ཕེབས། དེ་ནས་རབ་ཤིས་བུ་ངོས་ཁག་བཞིའི་ནང་ཚན་དཔོན་གྱོད་དགྲ་
ཐོག་རྒོད་ཚང་ལ་ཕེབས། དཔོན་དེ་ཡི་ཆུང་མས་འབྲི་བརྒྱ་བཞོས་པའི་འོ་ཟོ་གང་ཁྱེར་ནས་འཇམ་དཔལ་མཚན་བརྗོད་ཞལ་འདོན་མཛད་ཅིང་། ཆོས་ཀྱི་
རྒྱལ་མཚན་ལེགས་པར་འཛུགས་ཞེས་པའི་མཚམས་ནས་དཔོན་སློབ་རྣམས་འོ་རྒྱལ་ཆེའམ་ཞུས་ཏེ་འོ་མཆོད་མཛད་བྱུང་སྐབས་བླ་མའི་ཞལ་ནས། དེ་
རིང་རྟེན་འབྲེལ་ཡང་ལེགས་ཁྱད་པར་མཁའ་འགྲོས་ལུང་བསྟན་པའི་ས་ལ་དྷཱིཿཡིག་རང་བྱོན་ཡོད་པ་གཟིགས་ནས་གནས་དེར་རབ་བྱུང་བཅུ་གསུམ་
པའི་ནང་སྐོར་དུ་དགོན་པ་ཕྱག་བཏབ། མིང་དྷཱིཿའབྲུག་བསམ་གཏན་ཆོས་གླིང་གསོལ། དེའི་སྐབས་ལོ་གསུམ་གྱི་རིང་ལ་ལྷ་ཁང་དང་། ཇ་ཁང་། གཉེར་
ཁང་། བླ་བྲང་། འཆམ་ཁང་། གྲྭ་ཁང་གཞན་རྟེན་གསུམ་གྲངས་མེད་བཞེངས། དད་ལྡན་གྱི་སློབ་ཚོགས་མང་དུ་བསྐྱངས་ཏེ་རང་ལུགས་ཀྱི་སྒྲུབ་པར་
ཉམས་བཞེས་ཀྱིས་དུས་འདའ་བར་མཛད། མཐར་རབ་བྱུང་བཅུ་གསུམ་པའི་མེ་རྟ་ལོར་ཞིང་གཞན་དུ་གཤེགས་པའི་ཚུལ་བསྟན།
སྐུ་ཕྲེང་བཅུ་གཅིག་པ་ངག་དབང་མི་འགྱུར་བདེ་ཆེན་ཆོས་ཀྱི་ཉི་མ་ནི། རབ་སྨད་སུ་རུག་གྲོང་སྡེར་ཡབ་འཆི་མེད་དང་ཡུམ་བོ་སྐྱིད་ཀྱི་སྲས་སུ་རབ་
བྱུང་བཅུ་གསུམ་པའི་ས་སྤྲེལ་ཕྱི་ལོ་༡༧༨༨ལོར་འཁྲུངས། མཐུ་ཆེན་འཇམ་དཔལ་རྡོ་རྗེས་ངོས་འཛིན་གནང་། ཡབ་ཡུམ་གཉིས་ཀྱིས་ཁྱིམ་འདིར་བུ་
གཅིག་མ་གཏོགས་མེད་པར་ཁྱིམ་ལ་འདུག་དགོས་ཟེར་ཏེ་དགུང་ལོ་བཅུ་གསུམ་བར་དགོན་དུ་མ་བཏང་བས། སྙུང་གཞི་དྲག་པོ་ཞིག་གིས་ཟིན་སྐབས་
མོ་མ་རྣམས་ཀྱིས་བླ་མ་འབྲུག་དགོན་དུ་མ་ཕེབས་ན་སྐུ་མི་བཞུགས་ཟེར་བས་ཕྱིས་དགུང་གྲངས་བཅོ་ལྔའི་ཐོག་ཏུ་ཁྲིར་མངའ་གསོལ། མཐུ་ཆེན་རིན་པོ་
ཆེ་ལས་རབ་ཏུ་བྱུང་། འདི་པས་སློབ་གཉེར་ཆེར་མ་བྱས་ན་ཡང་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས། འབྲུག་པ་བསོད་ནམས་དགེ་བ་དེ། །འབྲི་ཀློག་ཀུན་
ལ་མི་མཁས་ཀྱང་། །རྟོགས་པ་མ་གྲོལ་རྡོལ་གྲོལ་རེད། །ཅེས་སོགས་བསྔགས་བརྗོད་ཡང་ཡང་མཛད། དགུང་གྲངས་སོ་ལྔ་པ་ལ་ཞི་བར་གཤེགས།
སྐུ་ཕྲེང་བཅུ་གཉིས་པ་ཀརྨ་ཕྲིན་ལས་རྣམ་རྒྱལ་དཔལ་བཟང་པོ་ནི། དགེ་རྒྱལ་རྫ་རོང་དུ་ཡབ་བསོད་གྲགས་དང་ཡུམ་མི་འགྱུར་མཚོའི་སྲས་སུ་རབ་
བྱུང་བཅུ་བཞི་པའི་ས་སྟག་ཕྱི་ལོ་༡༨༡༨ལོར་སྐུ་བལྟམས། རྒྱལ་དབང་ཀརྨ་པས་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། དགུང་གྲངས་གསུམ་ལ་ཁྲིར་
མངའ་གསོལ། དེ་ནས་ཡོངས་འཛིན་ཡེ་ཤེས་འོད་ལས་འབྲི་ཀློག་སོགས་ལ་བསླབས་ཏེ་རབ་ཏུ་བྱུང་། དགུང་ལོ་བཅུ་ནས་བཅོ་ལྔའི་བར་དུ་རང་ལུགས་
ཀྱི་ཆོ་གའི་ཕྱག་བཞེས་དང་རིག་པའི་གནས་ལྔར་བསླབས། ཉེར་གཅིག་པར་སྒྲུབ་སྤྲུལ་ཕྲིན་ལས་རྒྱ་མཚོའི་མདུན་ནས་སོར་བྱང་སྔགས་གསུམ་གྱི་སྡོམ་པ་
བཞེས། ཁྱད་པར་རང་ལུགས་ཀྱི་ཆོས་སྐོར་མ་ལུས་པ་གསན། རང་དགོན་དུ་བུ་སློབ་སུམ་བརྒྱ་ལྷག་ཙམ་བསྐྱངས་ཏེ་བཤད་སྒྲུབ་ལས་གསུམ་གྱིས་དུས་
འདའ་བར་མཛད། འདི་པས་བརྩམས་པའི་ཆོས་པོད་གསུམ་ཙམ་ཡོད་ཀྱང་ད་ལྟ་གསོལ་ཀའི་རིགས་རེ་གཉིས་ལས་མི་མངོན། དགུང་གྲངས་ཞེ་གཅིག་
པར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན། ཞལ་སློབ་གཙོ་བོ་གཏེར་ཆེན་རིག་འཛིན་ཆོས་རྒྱལ་རྡོ་རྗེ། སྒྲུབ་སྤྲུལ་སྐུ་ཕྲེང་གཉིས་པ། དགེ་སློང་བསྟན་
འཛིན་རྣམ་རྒྱལ་སོགས་བསྟན་འཛིན་གྱི་སྐྱེས་བུ་མང་དུ་བྱོན།
སྐུ་ཕྲེང་བཅུ་གསུམ་པ་ཀརྨ་ངེས་དོན་གྲུབ་པའི་ཤིང་རྟ་ནི། ཡབ་གླང་ནག་མིག་དམར་དང་ཡུམ་བཀྲ་ཤིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མས་རབ་
བྱུང་བཅུ་བཞི་པའི་ས་ལུག་ཕྱི་ལོ་༡༨༥༩ལོར་བལྟམས། སི་ཏུ་པདྨ་ཉིན་བྱེད་དབང་པོས་ངོས་འཛིན་མཛད། དགུང་ལོ་གསུམ་གྱི་ཐོག་ཏུ་ཁྲིར་མངའ་
གསོལ། དེ་ནས་བཟུང་བཅུ་ཕྲག་རིག་པའི་གནས་ལ་ཐོས་བསམ་བར་མེད་དུ་མཛད། སྲི་བཟློག་མཆོད་རྟེན་དང་མ་ཎི་རྡོ་འབུམ་གཉིས་བཞེངས་ཤིང་ཚེ་
སྒྲུབ་དང་། གྲོ་ལོད། པདྨ་བཛྲ། ཞི་ཁྲོ་སོགས་རྒྱུན་ཚོགས་དང་ལྷག་པར་ཀོང་སྤྲུལ་ཡོན་ཏན་རྒྱལ་མཚོ་བསྟེན་ཏེ་མདོ་སྔགས་ཀྱི་ཆོས་ཡོངས་རྫོགས་གསན་
བསམ་ལེགས་པར་གནང་ཞིང་གཉུག་མ་ལྷན་ཅིག་སྐྱེས་པའི་རིག་པ་ངོ་འཕྲོད། དགུང་གྲངས་སོ་གསུམ་པ་རབ་བྱུང་བཅོ་ལྔ་པའི་ལྕགས་ཡོས་ཕྱི་ལོ་
༡༨༩༡ལོར་ཞི་བར་གཤེགས། ཁོང་གི་སློབ་མའི་གཙོ་བོ་འབྲུག་པ་ངག་དབང་སྟོབས་བཅུ། གནས་སྤྲུལ་སྐུ་ཆུང་སོགས་དམ་པའི་སྐྱེས་བུ་བགྲང་ལས་
འདས་པ་ཞིག་བྱོན་པའོ། །
སྐུ་ཕྲེང་བཅུ་བཞི་པ་ཀརྨ་ལུང་རྟོགས་འགྱུར་མེད་ནི། དགེ་རྒྱལ་ཕྱོགས་སུ་ཡབ་ཡིད་དབང་དང་ཡུམ་ཚེ་རིང་སྒྲོན་གྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་
སྦྲུལ་ཕྱི་ལོ་༡༨༩༣ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་འཁྲུངས། ཀརྨ་པ་མཁའ་ཁྱབ་རྡོ་རྗེས་ངོས་འཛིན་མཛད། དགུང་ལོ་ལྔ་པ་ལ་འབྲུག་བསམ་
གཏན་ཆོས་འཁོར་གླིང་དུ་ཁྲིར་མངའ་གསོལ། དེ་ནས་དབུ་ཆེན་ངག་དབང་རབ་འཕེལ་ལས་འབྲི་ཀློག་སོགས་ལ་བསླབས། དགུང་ལོ་བཅུ་པ་ལ་ཡོངས་
འཛིན་རིན་པོ་ཆེ་ལས་རབ་ཏུ་བྱུང་། གཞུང་ལུགས་ཀུན་ལ་གཟིགས་པ་ཙམ་གྱིས་ཐུགས་སུ་ཆུད། ཡི་དམ་སྤྱན་རས་གཟིགས་ཀྱིས་ཞལ་ཡང་ཡང་གཟིགས།
གྲུབ་པའི་རྟགས་སུ་རྡོ་ལ་ཞབས་རྗེས་བཞག་པ་སོགས་མཛད། དགུང་ལོ་བཅུ་གསུམ་པ་ལ། སྔོན་སྐུ་གོང་མའི་ཡོན་བདག་ཅིག་གི་ཁྱིམ་དུ་མི་ཞིག་འཇིག་
རྟེན་ཕ་རོལ་དུ་སོང་བ་ལ་བླ་མ་དེར་གདན་འདྲེན་ཞུས་པ་ང་མི་འགྲོ་ང་མི་འགྲོ་གསུངས་ཏེ་བཤུམས་པར་མཛད། བུ་སློབ་རྣམས་ཀྱིས་གོང་མའི་ཡོན་
བདག་ཆེན་པོ་ཞིག་ཡིན་པས་ཅིས་ཀྱང་འབྱོན་པར་མཛོད་ཅེས་ཞུས་པར། ཁོང་གིས་ད་ཁྱེད་རྣམས་ཀྱི་རེ་འདོད་ལྟར་བྱའོ་གསུངས་ཏེ་བྱོན། དེ་ཚང་གིས་
རི་དྭགས་ཤ་ཞིག་དྲངས་པས་དེའི་རྐྱེན་གྱིས་དགོན་དུ་ཕེབས་མ་ཐག་གཟུགས་སྐུ་ཞི་བར་གཤེགས།
སྐུ་ཕྲེང་བཅོ་ལྔ་པ་ཀརྨ་མི་ཕམ་སྨྲ་བའི་དབང་ཕྱུག་ནི། རབ་ཤིས་རི་དམར་དུ་ཡབ་རིག་འཛིན་རྡོ་རྗེ་དང་ཡུམ་སྐྱིད་འཇམ་གྱི་སྲས་སུ་རབ་བྱུང་བཅོ་
ལྔ་པའི་མེ་རྟ་ཕྱི་ལོ་༡༩༠༦ལོར་འཁྲུངས། ཏཱ་ཡི་སི་ཏུ་པདྨ་དབང་མཆོག་རྒྱལ་པོས་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་ཁྲིར་མངའ་གསོལ།
དགུང་ལོ་བརྒྱད་པར་མཐུ་ཆེན་ཆོས་མགོན་རིན་པོ་ཆེ་གདན་དྲངས་ཏེ་གྲུབ་ཐོབ་སྐོར་ལྔ་འཕྲལ་དགོས་ཆོས་བཞི་དང་། ཁྱད་པར་གྲུབ་པའི་རྒྱལ་མོའི་ཚེ་
སྒྲུབ་ཐང་སྟོང་རྒྱལ་པོའི་ཚེ་སྒྲུབ་འཆི་མེད་དོན་གྱི་དགོངས་པ་སོགས་གནང་ནས་ཕྱིས་ཁྱོད་ཀྱི་སྐུ་ཚེ་མཐའ་ལ་ཕེབས་ངེས་ཡིན་གསུངས། སོར་བྱང་
སྔགས་གསུམ་གྱི་སྡོམ་པ་ཡོངས་རྫོགས་དེ་ལས་བཞེས། དེ་ནས་མཁས་དང་གྲུབ་པའི་ཕ་རོལ་དུ་སོན་པ་སྔ་འགྱུར་རྙིང་མའི་བཤེས་གཉེན་ཆེན་པོ་མི་ཕམ་
རྣམ་རྒྱལ་རྒྱ་མཚོ་དང་དཔལ་སྤྲུལ་རིན་པོ་ཆེ་སོགས་མཉེས་པ་གསུམ་གྱི་སྒོ་ནས་བསྟེན། འབྲུག་མདོ་སྔགས་བཤད་སྒྲུབ་ཆོས་གླིང་དུ་འབྲུག་པའི་གྲུབ་
ཐོབ་སྐོར་ལྔའི་བྱེ་བྲག་མགོན་པོའི་སྒྲུབ་མཆོད་ཆེན་མོའི་འཆམ་གར་སྟབས་དབྱངས་རོལ་མོ་ཐིག་རྡུལ་ཚོན་སོགས་གསར་འཛུགས་དང་སྐབས་དེར་
བཞུགས་པའི་བླ་མ་དེ་དག་གི་བླ་བྲང་ཐོག་ཁང་བཞི་རྩེག་ཅན་ཀ་བ་༦༠ འདུ་ཁང་གཅིག ཀ་བ་༢༤ སྒྲུབ་ཁང་དང་མགོན་ཁང་སོགས་བདུན་ལ་ཀ་བ་
༣༠ གཞན་ཇ་ཁང་དང་གཉེར་ཁང་འཆམ་ཁང་སོགས་ཁང་ཁག་བརྒྱད་ཀ་བ་ཁྱོན་༣༥ གྲྭ་ཤག་བཅས་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༡༠༧༨༠
གྲྭ་པ་ཡིག་ཚགས་ལྟར༡༤༠ ལོ་གཅིག་གི་རིང་ལ་ཚོགས་པ་གཏན་ཆགས་ཉིན་༡༨༤ ཞིང་ཁལ་༥༠༣ རྟ་དྲེལ་༡༢༠ ནོར་༡༡༦༠ལྷག འདུ་ཁང་དང་བླ་
བྲང་སོགས་ལ་བཞུགས་པའི་རྟེན་གསུམ་མཆོད་ཆའི་སྐོར་ལ། སྟོན་པ་ཐུགས་རྗེ་ཅན་གྱི་གསེར་སྐུ་མི་ཚད་ཅན་༧ གཞན་ལྷ་རིགས་འདྲ་མིན་ལི་ལས་གྲུབ་
པ་༡༠༠ བླ་མའི་གདུང་འབུམ་༨ མཆོད་རྟེན་༤བཅས་སྐུ་རྟེན་དང་ཐུགས་རྟེན་༡༡༠༠ལྷག་བཞུགས། གསེར་གྱིས་བྲིས་པའི་བཀའ་འགྱུར་ཚར་༡ སྣག་
བྲིས་བཀའ་འགྱུར་ཚར་༣ བསྟན་འགྱུར་ཚར་༣ རིན་ཆེན་གཏེར་མཛོད་ཚར་༡གཙོས་གསུང་རྟེན་པོད་༣༤༠༠ལྷག་བཞུགས། ཞལ་ཐང་༥༦༠ལྷག རོལ་
སིལ་གཙོས་མཆོད་ཆའི་རིགས་༡༠༠༠ལྷག་བཞུགས་མོད། དེ་ལྟ་ནའང་ས་ཕོ་ཁྱིའི་ལོར་ཟིང་འཁྲུག་སྐབས་དང་ཕྱིས་རིག་གསར་གྱི་འཐོར་རླུང་གིས་
ཕྱོགས་སུ་མ་མཆིས་པ་བདས་སོང་བ་ཀུན་གྱིས་མཐོང་ཐོས་སུ་གྱུར། ཕྱི་ལོ་༡༩༨༨རབ་རྒྱན་ས་བྱི་ལོའི་ནག་པ་ཟླ་བའི་དཀར་ཕྱོགས་རྒྱལ་བ་གཉིས་པ་
ཉིན་གོང་ནས་ཆོས་སྒོ་འབྱེད་ཆོག་པའི་བཀའ་དྲིན་བསྩལ་པ་ནས་ཚུགས་ཏེ་དད་ལྡན་མི་སེར་རྣམས་དང་ཁྱད་པར་དུ་སྤྲུལ་སྐུ་བསོད་ནམས་དགེ་བ་
དང་བསྟན་མགོན་རྣམ་གཉིས། གཞན་དགེ་རྒན་ཀུན་མཆོག་བསྟན་འཛིན། སྨོན་ལམ་རྣམ་རྒྱལ་རྣམས་ཀྱིས་དབུ་འཁྲིད་མཛད་དེ་གསར་དུ་བཞེངས་
པའི་སྐོར་ལ། འདུ་ཁང་གཅིག ཀ་བ་༢༤ མགོན་ཁང་༡་སྒྲུབ་ཁང་༡བཅས་ཀ་བ་ཁྱོན་༡༦ སྤྱི་གཉེར་ཁང་གསུམ་ལ་ཀ་བ་༨ གྲྭ་ཤག་༣༠སྟེ་འཛུགས་སྐྲུན་
རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༡༩༢༠ གོང་ནས་གཏན་ཁེལ་གྲྭ་པ་༢༠ ལོ་གཅིག་གི་རིང་ལ་ཚོགས་པ་གཏན་ཆགས་ཉིན་༦༥ སྐུ་རྟེན་དང་ཐུགས་རྟེན་རིགས་
༥༠ གསུང་རྟེན་པོད་༢༥༠༠ ཞལ་ཐང་༥༡ རོལ་སིལ་གཙོས་མཆོད་ཆའི་རིགས་༡༡༠༠ ནོར་༢༢ རྟ་དྲེལ་༡༦ ཚོང་ཁང་༡ རླངས་འཁོར་གཅིག་བཅས་
ཡོད་དོ། །