กก

༄༅། །འབུམ་སྒང་དགོན།

༄༅། །འབུམ་སྒང་ཐེག་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བའི་གླིང་།
འབུམ་སྒང་དགོན་ཐེག་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བའི་གླིང་ནི། སྒ་ཨ་གཉན་དམ་པ་དང་གཡུ་གདོང་གཅོད་པ་སོགས་དམ་པ་དུ་མའི་ཐུགས་
བསྐྱེད་དང་སྨོན་ལམ་ལ་བརྟེན་ནས་ཆོས་རྗེ་སྐུ་ཕྲེང་གསུམ་པ་ཆོས་རྗེ་རྣམ་རྒྱལ་གྲགས་པས་ཆགས་བཏབ་ཅིང་གདན་ས་བསྐྱངས། དེ་རྗེས་ཆོས་རྗེ་སྐུ་
ཕྲེང་བཞི་པ་ཆོས་རྗེ་སྤྱན་ཞར་བས་གདན་ས་བསྐྱངས་། ཁོང་གི་ཁྲི་ཚབ་ཏུ་ཚུལ་ཁྲིམས་བརྩོན་འགྲུས་བསྐོ་བཞག་མཛད་དེ་དགོན་གསར་དུ་ཕེབས། དེ་
ནས་བཟུང་དགོན་འདི་ཁྲི་པའི་ལམ་ལུགས་སུ་ཆགས་ཤིང་ཁྲི་པ་སོ་སོས་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད།
དགོན་འདིའི་སྤྲུལ་པའི་སྐུ་བློ་བཟང་ལུང་རིགས་ནི་སྐུ་ཕྲེང་དགུ་ཙམ་བྱོན་པ་འདྲ། སྐུ་ཕྲེང་དང་པོ་ཧ་ཤུལ་བླ་མ་བློ་བཟང་བསྟན་འཛིན། གཉིས་པ་སྤོ་
ཤུལ་བླ་མ་བློ་བཟང་དཔལ་འབྱོར། གསུམ་པ་རྒྱལ་བཟང་ཡེ་བ་རུ་འཁྲུངས་པའི་སྐུ་སྐྱེ་བློ་བརྟན། བཞི་པ་ཐ་རྒྱུད་བླ་མ་བློ་བཟང་ཆོས་ལྡན། ལྔ་པ་རྨ་ཡོན་
བླ་མ་བློ་བཟང་བསྟན་པའི་རྒྱལ་མཚན། དྲུག་པ་མདོ་མའི་བླ་མ་བློ་བཟང་བསྟན་གསལ། བདུན་པ་སྒོ་རྒྱུད་སྐུ་སྐྱེ་བློ་བརྟན། བརྒྱད་པ་སྤྲུས་སྐུ་སྐྱེ་བློ་བརྟན།
སྐུ་ཕྲེང་དགུ་པ་ད་ལྟ་བཞུགས་པའི་ཁོ་རི་བླ་མ་བློ་བཟང་ལུང་རིགས་རྒྱ་མཚོའི་བར་སྐུ་ཕྲེང་རིམ་པར་བརྒྱུད་པའོ། །
དེ་ཡང་འབུམ་སྒང་ཞེས་པའི་མིང་ཐོག་མར་ཇི་ལྟ་བྱུང་བ་ཡིན་སྙམ་ན། སྔོན་དགའ་གཡུ་སྡོང་གཅོད་པས་གསེར་འབུམ་ཆ་བཅུ་གསུམ་བཞེངས་པས་
ན་དེ་སྐད་ཐོགས་པར་གྲགས། བར་སྐབས་ཤིག་ལྔ་པ་རིན་པོ་ཆེ་བློ་བཟང་རྒྱ་མཚོས་དགོན་པའི་སྒྲིག་གཞི་དང་དགེ་བསྐོས་བསྐོ་འཐེན་ལམ་ལུགས།
འདུལ་ཁྲིམས་དང་ཆོ་ག་སོགས་གང་ཐད་ནས་གཏན་འབེབས་བྱས་པའི་བཅའ་ཡིག་གནང་བ་དང་སྦྲགས་གསེར་མདོག་ཅོད་པན་འཆང་བའི་རིང་
ལུགས་སུ་བསྒྱུར་མཛད། འོན་ཀྱང་ཕྱག་ནམ་བཏབ་སོགས་ཀྱི་ལོ་ཚིགས་གསལ་པོ་ཞིག་འགོད་རྒྱུ་མ་བྱུང་བས་ཕྱིས་དཔྱོད་ལྡན་རྣམས་ཀྱིས་བརྟག་པར་བྱ་
བ་ལས་རེ་ཞིག་བྱ་ཐབས་བྲལ།
ད་ནི་དགོན་འདི་འཕེལ་འགྲིབ་ཇི་ལྟར་བྱུང་བ་དང་རྟེན་དང་བརྟེན་པའི་ངོ་སྤྲོད་རགས་རིམ་ཙམ་འགོད་པ་ལ་རབ་བྱུང་བཅུ་དྲུག་པ་ས་ཁྱི་ལོའི་
ཡར་སྔོན་གྱི་གནས་ཚུལ་དང་དེ་རྗེས་ཀྱི་གནས་ཚུལ་གཉིས་ལས། དང་པོ་ནི་གཙུག་ལག་ཁང་ཀ་བ་ཉི་ཤུ་ཅན་གྱི་ཡང་སྟེང་གསེར་གྱི་རྒྱལ་མཚན་བཞི་
དང་། གན་ཇི་ར་གཅིག་སྤེན་པད་སོགས་ཀྱིས་ལེགས་པར་བརྒྱན་ཅིང་། ནང་བཞུགས་ལ་བྱིན་རླབས་ཀྱི་གཟི་བྱིན་མཆོག་ཏུ་འབར་ཞིང་ཞལ་གྱི་དཀྱིལ་
འཁོར་མཇལ་བ་ཙམ་གྱིས་གདུལ་བྱ་མཐའ་དག་ལ་འདི་ཕྱིའི་ལེགས་ཚོགས་ཐམས་ཅད་འགྲུབ་པར་བྱེད་པའི་འཇམ་མགོན་བླ་མའི་སྐུ་བརྙན་རིན་ཆེན་
ཕྱེ་མ་དང་སྨན་འདག་ལས་གྲུབ་པ་ཐོག་ཚད་ཙམ་དང་། བཟང་པོའི་བཞུགས་སྟངས་མཛད་པའི་རྗེ་བཙུན་མི་ཕམ་མགོན་པོ་དང་ཇོ་བོའི་སྐུ་བརྙན།
གསེར་ཟངས་ལས་གྲུབ་པའི་མཉམ་མེད་བུ་རམ་ཤིང་པའི་སྐུ་བརྙན་ལ་ལ་དེ་མཚུངས་ཀྱི་གནས་བརྟན་བཅུ་དྲུག་གིས་བསྐོར་བ། ཟངས་གསེར་ལས་གྲུབ་
པའི་མཆོད་རྟེན་བཅུ་དྲུག གཞན་ཡང་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་སྲུང་མ་བཅས་ཀྱི་ལྡེབས་རིས་གསེར་བྲིས་ཀྱི་ཞིང་བཀོད་ཕུན་
སུམ་ཚོགས་ཤིང་། སྟོན་པའི་གསེར་ཐང་སོགས་གསེར་ཐང་བརྒྱ་དང་བཅུ་གཅིག བདུན་ཚར་ཆ་རེ་ལ་དྲེའུ་བདུན་མཛོ་བདུན་ཅན་ཆ་བཅུ། དེ་ལས་
གཞན་བདུན་ཚར་ཆ་བཅོ་ལྔ། གྲལ་གདན་འབོལ་ཅོག་སོགས་ཡོ་བྱད་ཕུན་སུམ་ཚོགས། བླ་བྲེ་གོས་བཟང་སྣ་ཚོགས་ལས་གྲུབ་པ་ཆ་ཚང་། ཐེག་ཆེན་དྲིལ་
བུ་དང་མཁན་དྲིལ་བཅས་བདུན། དངུལ་ཀོང་རེ་ལ་མི་སེར་རྒྱལ་ཁབ་ལོ་གསུམ་འཁོར་བའི་དངུལ་སྒོར་བཅུ་ལས་བྱས་པའི་ཀོང་བུ་བཅོ་ལྔ་དང་། ཡང་
དངུལ་ཟངས་ཅི་རིགས་ལས་བཟོས་པའི་ཀོང་ཆུང་གཅིག་སྟོང་། རྒྱལ་བ་སྲས་བཅས་ཀྱི་མདུན་དུ་དཀར་མེ་ཡོན་ཆབ་སོགས་བཀོད་པས་མཛེས་པར་
བཤམས། སྒོ་ཁྱམས་ཀ་བ་བཞིའི་རྒྱ་ཁྱོན་དང་། རྒྱལ་ཆེན་བཞིའི་ལྡེབས་རིས། སྲིད་པའི་འཁོར་ལོ་ཆ་ལྔ་དང་། འདུལ་བའི་དཔེ་རིས། རི་རབ་དང་ཉེ་
དབང་བདུན། གནས་དེ་སྐྱོང་བའི་ཆེ་གཉན་བཙན་གསུམ། ཀུན་བཟང་འཁོར་ལོ་སོགས་གཞི་བཅོ་ལྔ་ལས་གང་གསུངས་ལྟར་བཀོད་པ་མཛེས་ཤིང་།
རུང་ཁང་ནང་ཚོགས་ཟངས་ཆེ་བ་དྲུག་ཆུང་བ་ལྔ། ཟངས་ཟོ་དགུ་ཅོག་ཙེ་བཞི། སྐྱོགས་དགུ་སོགས་མཁོ་དགུ་ཡོ་བྱད་ཆ་ཚང་བར་ཡོད། ཚོགས་ཁང་དེའི་
སྟེང་གནས་བརྟན་བཅུ་དྲུག་ཁང་དང་དེ་ལ་ལྡེབས་རིས་དང་། མཆོད་ཏིང་སོགས་ཡོ་བྱད་གང་དགོས་ཚང་ཞིང་དེའི་སྟེང་ཡང་རྩེ་ཁང་དུ། དམ་ཆེན་
བསྐོར་གསུམ་དང་དམར་ཆུང་བསྐོར་གསུམ་གྱི་སྐུ་ལི་མ། གཞན་ཡང་ཟངས་གསེར་ལས་གྲུབ་པའི་སྐུ་༣༠ གསུང་རྟེན་རྒྱལ་པཎ་བཀའ་འབུམ་སོགས་
བཞུགས། ཏིང་ཆ་༧དང་ཚེ་འབར་སོགས་ཡོ་བྱད་འབྱམས་ཀླས་སོ། །བྱམས་ཁང་ཀ་བ་དགུ་ཡི་ནང་བཞུགས་བྱམས་མགོན་སྨན་འདག་ལས་གྲུབ་པ་
དགུང་ལོ་བཅུ་གཉིས་སྐུ་ཚད་ཅན་དཔྲལ་བའི་མཛོད་སྤུ་འཁྲུངས་ཤིང་གཡས་ཕྱོགས་སུ་འཁྱིལ་བ། ཐུབ་སྐུ་མདའ་ཚད་གཉིས་ཅན། རྒྱལ་པའི་བཀའ་
འགྱུར་ཚར་༢ བསྟན་འགྱུར་སོགས་སྐུ་གསུང་ཐུགས་རྟེན་མང་ཙམ་བཞུགས། ད་དུང་ཚེ་འབར་དང་ཏིང་ཆ་༡༠སོགས་ཡོ་བྱད་ཕུན་སུམ་ཚོགས། དེའི་
སྟེང་བློས་བསླངས་ཀ་བ་༩ཅན། ནང་རྟེན་རྡོ་རྗེ་འཇིགས་བྱེད་ཀྱི་བློས་བསླངས་སྲིད་ན་དཀོན་པ་དེའི་ཕྱོགས་བཞིར་དངུལ་གྱི་ཚེ་འབར་༤ དངུལ་གྱི་
བདུན་ཚར་ཆ་༨གཙོས་མཆོད་ཡོ་ཕུན་སུམ་ཚོགས་ཤིང་། ཡང་ཟངས་གསེར་ལས་གྲུབ་པའི་ཚེ་ལྷ་རྣམ་གསུམ་མདའ་ཚད་གསུམ། ཕྱག་སྟོང་སྤྱན་སྟོང་
མདའ་ཚད་གསུམ། ཁྲི་རིམ་བྱོན་གྱི་གདུང་རྟེན་རིན་ཆེན་དང་པོ་གཉིས་ལས་གྲུབ་པའི་མདའ་ཚད་མ་བཅུ་གསུམ་ཅན་དང་། གཞན་རྒྱལ་བའི་བཀའ་
འགྱུར་ཚར་༢ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ། སྐྱབས་རྗེ་བདེ་ཆེན་སྙིང་པོའི་གསུང་འབུམ་བཅས་བཞུགས་པ་ལ། དཀར་མེ་དང་ཏིང་ཆ་༡༦ལ་
ཡོན་ཆབ་ཀྱིས་བཀང་ཞིང་ཚར་དུ་དངར་བས་མཛེས་པར་བཤམས་སོ། །མགོན་ཁང་ཀ་བ་བཞི་ཅན་དུ་སྔགས་རྒྱུན་བཞུགས་ཤིང་། གཙོ་བོ་ཇོ་བོའི་སྐུ་
མདའ་ཚད་གཅིག་དང་ཐུབ་པ། བདེ་གཤེགས་སོ་ལྔ། སྨན་བླ་མཆེད་བརྒྱད་བཅས་ཀྱི་ལི་སྐུ་སྲིད་ན་དཀོན་པ་ཤ་སྟག་བཞུགས་ཤིང་གསེར་ཟངས་ལས་
གྲུབ་པའི་སྟོན་པ་གཙོ་འཁོར་གསུམ་དང་གནས་བརྟན་བཅུ་དྲུག སྨན་འདག་ལས་གྲུབ་པའི་རྡོ་རྗེ་འཇིགས་བྱེད་དང་། མགོན་པོ་ཕྱག་དྲུག་ཆོས་རྒྱལ་ཕྱི་
ནང་གསང་གསུམ། དཔལ་ལྡན་ལྷ་མོ། རྣམ་སྲས། རྒྱལ་ཆེན་སྡེ་བཞི་བཅས་དང་། ཡང་ཟངས་གསེར་ལས་གྲུབ་པའི་རྒྱལ་པོ་ཆེན་པོ་བཞི། སྦྱིན་བདག་ཧྭ་
ཤང་སོགས་བཞུགས་པ་དང་། ཏིང་ཆ་ཉི་ཤུ་ལ་ཡོན་ཆབ་དང་ཚེ་འབར་མཆོད་རོལ་གཞན་གོ་ཁྲབ་སོགས་སྤྱན་གཟིགས་སྣ་ཚོགས་དང་ལྡན་པའོ། །སིལ་
སྦུབ་ཁང་དུ་སིལ་སྙན་ཆ་ཉི་ཤུ་དང་སྦུབ་ཆ་༨༠ལས་བརྒལ་ཞིང་། འབག་ཁང་དུ་ལྷའི་ཞལ་འབག་༥༠ དེ་དང་མཐུན་པའི་འཆམ་གོས་དང་ཕྱག་ཆ། ཞྭ་
ནག་བཅུ་གསུམ་གྱི་གོས་དང་ཕྱག་ཆ་བཅས་ཆ་ཚང་། མཚན་ཉིད་ཁང་དུ་བདེ་ཆེན་སྙིང་པོ་དང་བསླབ་གསུམ་ལུང་རྟོགས་བཅས་ཀྱི་སྐུ་བརྙན། སྐྱབས་
རྗེ་བདེ་ཆེན་སྙིང་བོའི་ཞལ་གཟིགས་ཚོགས་ཞིང་ཞལ་ཐང་། གཞན་རྒྱལ་རབས་སོགས་དང་བཀའ་གདམས་པའི་ཞལ་ཐང་ཤིན་ཏུ་འགང་ཆེ་བ་
༩༣བཞུགས། གསང་བདེ་འཇིགས་གསུམ་དང་མགོན་ཆོས་དམག་གསུམ་གྱི་ལི་སྐུ། རྣམ་སྲས་ཀྱི་སྐུ་སྨན་འདག་ལས་གྲུབ་པ། རྒྱལ་ཆེན་གཙོ་འཁོར་གཉིས་
ཀྱི་ཞལ་ཐང་སོགས་མང་དུ་བཞུགས། གཞན་མཆོད་རྫས་ལག་རྔ་ཉེར་བཞི་སྦུབ་ཆེན་ནམ་རོལ་མོ་༢༡ སིལ་སྙན་༦ ཏིང་ངམ་བདུན་ཚར་ཆ་༡༠ ཚེ་
འབར་༧ ཀོང་ཆུང་༢༠༠ ད་དུང་རུང་ཁང་གི་ཡོ་བྱད་ཐམས་ཅད་ཚང་བར་ཡོད་དོ། །ཁྲིམས་ལྡན་ཁང་ངམ་རྒྱལ་ཁང་གི་རྒྱ་ཁྱོན་ཀ་བ་༤༠ དེའི་ནང་
རྟེན་ནི། ཟངས་གསེར་ལས་གྲུབ་པའི་སྟོན་པ་གཙོ་འཁོར་གསུམ། སྒྲོལ་མ་ཉེར་གཅིག སངས་རྒྱས་སྟོང་སྐུ། གནས་བརྟན་བཅུ་དྲུག གསུང་རྟེན་རྒྱལ་བའི་
བཀའ་འགྱུར་རིན་པོ་ཆེ་དང་། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ། ད་དུང་ཀློང་རྡོལ་བླ་མ་དང་རྒྱལ་པཎ་རྣམ་གཉིས་བདེ་ཆེན་སྙིང་པོ་སོགས་ཀྱི་
གསུང་འབུམ། ཐུགས་རྟེན་གདུང་རྟེན་ལྕགས་རྩེ་མ་གསུམ་དང་སྐུ་གདུང་ཆ་བརྒྱད་བཅས་བཞུགས། ཡང་རྒྱུ་གསེར་ཟངས་ལས་བཟོས་པའི་ཆོས་སྐྱོང་
ནག་པོ་སྐོར་གསུམ་དང་། རྣམ་ཐོས་སྲས། རྒྱལ་ཆེན་སྡེ་བཞི་སོགས་དང་། རྒྱལ་ཆེན་གཙོ་འཁོར་སོ་གཉིས་ཀྱི་ཞལ་ཐང་ཡང་༣༧བཞུགས། འདུ་ཁང་ལོ་ངོ་
བཅོ་བརྒྱད་རིང་ལ་བཞེངས་པའི་ཀ་བ་༨༠ཅན་གྱི་ནང་རྟེན་གཙོ་བོ་སྟོན་པ་གཙོ་འཁོར་གསུམ། དགའ་ལྷ་དང་འབྲེལ་བའི་ཞིང་བཀོད་སྨན་འདག་ལས་
གྲུབ་པ། ཇོ་བོ་རྗེ་དང་བླ་མ་གསེར་གླིང་པ་རྣམ་གཉིས་ལོ་བཅུ་གསུམ་བར་གྱི་རྣམ་ཐར་ཞལ་ཐང་། དབྱེན་སྡུམ་མཆོད་རྟེན་དང་རྣམ་རྒྱལ་མཆོད་རྟེན་
མདའ་ཚད་གསུམ་ཅན་གཉིས་ལ་ཕྲ་རྒྱན་ཕུན་སུམ་ཚོགས་པས་སྤྲས། ཡང་སྨན་འདག་ལས་བཟོས་པའི་ཐུབ་པའི་འཁོར་དུ་གནས་བརྟན་བཅུ་དྲུག་དང་
ངྷརྨ་ཏ། རྒྱལ་ཆེན་བཞི་བཅས་མིས་བཟོས་བྲག་རིའི་ཁོངས་གསེང་ན་གནས་བརྟན་གྱི་རྟོགས་བརྗོད་ལྟར་ལྟ་ན་སྡུག་པ། གཡས་གཡོན་རྣམས་སུ་གསེར་
གྱི་ལྡེབས་རིས་སྣ་ཚོགས་དང་། སྨད་ཀྱི་ཆ་ལ་ཆོས་སྐྱོང་སྲུང་མ་སོགས་ཀྱི་གསེར་གྱི་ལྡེབས་རིས་ཀྱིས་གང་བར་བྱས། སྒོ་ཁྱམས་སོགས་ལ་རྒྱལ་ཆེན་སྡེ་བཞི་
སོགས་ཆ་ཚང་ཞིང་གཞན་མཆོད་པའི་ཡོ་བྱད་རྣམས་ཡི་གེར་འཇིགས་ནས་མ་བྲིས་སོ། །དེའི་སྟེང་དུ་རྟ་མགྲིན་ལྷ་ཁང་ཀ་བ་གཉིས་ཀྱི་ནང་རྟེན་གཙོ་བོ་
སྨན་འདག་གི་རྒྱལ་པཎ་རྣམ་གཉིས་ཀྱི་སྐུ། རྟ་མགྲིན་མདའ་ཚད་གསུམ་ཅན་ཡང་གསང་ལྷ་དགུ་བཅས་དང་། གཞན་མཚོ་སྐྱེས་རྡོ་རྗེ། པདྨ་སཾ་བྷ་ཝ།
ཕྱག་རྡོར་བཅས་ཀྱི་ལི་སྐུ། གསུང་རྟེན་ལ་དུས་འཁོར་རྒྱུད་འགྲེལ་དང་བཀའ་འབུམ་སྣ་ཚོགས། ཐུགས་རྟེན་བཀའ་གདམས་མཆོད་རྟེན་སོགས་བཞུགས།
ད་དུང་ཀ་བརྒྱད་མཆོད་ཁང་དུ་རྗེ་ཡབ་སྲས་གསུམ་དང་། དམ་ཅན་ཆོས་རྒྱལ་བཅས་སྨན་འདག་ལས་གྲུབ་པར་མདུན་དུ་མཆོད་མེ་སོགས་བཀོད་པས་
མཛེས། དེ་ལ་རུང་ཁང་ནི་ཀ་བ་༨ཀྱི་རྒྱ་ཁྱོན་དང་ལྡན་པ། ཚོགས་ཟངས་རེ་ལ་རྒྱ་མ་ཉིས་སྟོང་ལས་གྲུབ་པའི་ཟངས་དཀར་༢དང་རྒྱ་མ་གཅིག་སྟོང་ལྔ་
བརྒྱ་ལས་གྲུབ་པའི་ཟངས་དཀར་༣ ཟངས་ཆུང་༦ ད་དུང་རུང་ཁང་གི་མཁོ་དགུ་ཡོ་བྱད་རྣམས་ཕུན་སུམ་ཚོགས་ཤིང་། གཞན་ཡང་རྟེན་དང་མཆོད་
རྫས་ཀྱི་བྱེ་བྲག་བགྲང་ལས་འདས་པ་ཡོད་ཀྱང་ཞིབ་ཏུ་བྲི་བར་མི་ལང་ངོ་། མདོར་ན་རབ་བྱུང་བཅུ་དྲུག་པའི་ཁྱི་ལོའི་ཡར་སྔོན་ལ་འདུ་ཁང་བཞི་ལ་ཀ་
བ་༡༡༨ ལྷ་ཁང་བཞི་ལ་ཀ་བ་༡༨ གཞན་ཁང་པ་གསུམ་ལ་ཀ་བ་༢༠ གྲྭ་ཤག་༢༠༠བཅས་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༡༡༡༢༠ གྲྭ་པའི་ཞལ་
གྲངས་སྲིད་གཞུང་ཡིག་ཚགས་སུ་༥༨༠དང་དགོན་པའི་དཀར་ཆགས་སུ་༡༢༠༠ལྷག་ཡོད་པ་དགེ་རྒན་རྣམས་ཀྱི་ཞལ་ནས་ཐོས། ལོ་ཁོར་མོ་ལ་ཉིན་
ཚོགས་༡༠༥ཡོད། སྐུ་འདྲ་༢༣༩༠ལྷག་ཙམ། པོད་༡༢༢༠ལྷག གཞན་མཆོད་ཆས་༢༣༧༠དང་། ཞིང་ཁལ་༩༠༠ རྟ་དྲེལ་༢༠ ནོར་༣༡༠༠བཅས་རྟེན་
གསུམ་དང་མཁོ་རྒུའི་ཡོ་བྱད་རིན་ཐང་བྲལ་བ་དག་གིས་ཕྱུག་ཅིང་འབྱོར་བ་ནི་སྨོས་མེད་དོ། །
གཉིས་པ་ནི། འོན་ཀྱང་རབ་བྱུང་བཅུ་དྲུག་པ་ས་ཁྱི་ལོ་ནས་བཟུང་། འཇིག་པ་ཡང་ཡང་བྱུང་བས་རྟེན་དང་བརྟེན་པ་ཕལ་ཆེར་འབྱུང་བར་ཐིམ་ཞིང་
མིང་གི་ལྷག་མ་ཙམ་དུ་གྱུར་པ་ནི། ཇི་སྐད་དུ། འོན་ཀྱང་སྲིད་པར་འཁྱམས་པའི་འཁོར་བ་པས། །དཀར་མིན་ལས་ལ་བརྩོན་པའི་འབྲས་བུ་ཉིད། །ལྡོག་
པར་མེད་པར་རང་གི་ལུས་སྟེང་དུ། །ནམ་ཞིག་སྨིན་པ་ཆོས་ཉིད་ངང་གིས་གྲུབ། །ཡིད་སྲུབས་སྙིང་ལ་ཉལ་བའི་སྐྱེ་བོ་འགའ། །སྡིག་ལྟུང་ཁུར་གྱིས་ཅི་ཡང་
མི་ངལ་ཞིང་། །བརྩེ་ལྡན་ཕ་མ་དག་གི་མགོ་བོ་ཡང་། །རྒྱ་སོག་ངར་མས་འདྲལ་ལ་ཡིད་གཉིས་དབེན། །དེ་ལྟར་སྐྱེ་བོའི་སྤྱོད་ཚུལ་སྨྱོན་པའི་གར། །དུག་
སྦྲུལ་ནག་པོ་ལྕེ་ལ་འཕྱོ་བ་ཡིས། །གནའ་བོའི་སྲོལ་བཟང་སྐྱོང་བའི་དམ་པ་ལ། མི་བཟོད་དུཿཁའི་མཚོན་རྣོན་བརྒྱ་ཡང་བྱིན། །ཆེར་སྙིགས་ལས་ཀྱི་བྱ་བ་
དུག་ཆུའི་རླབས། །ཉིན་བཞིན་དབྱར་གྱི་མཚོ་ལྟར་རྒྱས་པ་ཡིས། །ཆུ་སྲིན་རྒྱལ་མཚན་ཅན་གྱི་ཕུང་སྡེའི་ཚོགས། །དགའ་བའི་ཟློས་གར་དབང་བྱེད་གླིང་ན་
བསྒྱུར། །སྐྱེ་རྒུའི་མགྲིན་པ་ཀུན་གསལ་ལམ་ཡངས་ན། །བསྔགས་བརྗོད་ཉི་ཟླ་འབར་བའི་འོད་རླབས་ཀྱིས། །ཞིང་ཀུན་སྣང་བར་བྱེད་པའི་དགོན་པ་
ཡང་། །མཚན་ཙམ་གྱུར་པས་ཡིད་ཀྱི་ཤེས་པ་སྐྱོ། །ཞེས་གསུངས་པ་ལྟར་དུ་གྱུར་པས་དེ་སྐབས་ཀྱི་གནས་ཚུལ་ནི་རྒན་རབས་རྣམས་ཀྱིས་མཁྱེན་གསལ་
ལྟར་ཡིན་པས་རེ་ཞིག་ཡིག་ངོར་རྒྱས་པར་འགོད་པའི་དུས་མ་ལགས་པས་དེ་ཙམ་གྱིས་ཆོག་པར་བྱས་སོ། །
རབ་བྱུང་བཅུ་དྲུག་པ་ས་རྟ་( ཕྱི་ལོ་༡༩༧༨)ལོ་ནས་བཟུང་ལེགས་ཉེས་དཀར་ནག་གི་ཤན་ཕྱེས་ནས་མི་རིགས་དང་ཆོས་ལུགས་ཀྱི་སྲིད་ཇུས་དོན་
འབེབས་བྱས་ཤིང་། རིག་གཞུང་ཉམས་གསོའི་མཛད་སྒོ་རྒྱ་ཁྱབ་ཏུ་སྤེལ་བར་བརྟེན། ལྕགས་བྱ་ལོར་སླར་ཡང་གོང་རིམ་གྱིས་ཆོག་མཆན་གནང་སྟེ།
ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་རྒྱལ་བསྟན་ཉི་མ་གཞོན་ནུ་འགྲོ་བའི་བསོད་ནམས་ཀྱི་ཤར་རིའི་ཕྲག་པར་སླར་ཡང་འཛུམ་ཞལ་སྟོན་པར་
གྱུར་ཏོ། །ལོ་དེའི་ཆུ་སྟོད་ཟླ་བའི་ཚེས་བཞི་ལ་བླ་མ་རྡོ་རྗེ་འཆང་བཀའ་འགྱུར་བ་མཆོག་གིས་ཆོས་འཁོར་རྒྱ་ཆེན་བསྐོར་ཞིང་། སྐྱབས་རྗེ་རྡོ་རྗེ་འཆང་གི་
དངོས་སློབ་རྒྱ་མཚོ་དབང་པོ་དབྱར་གནས་བླ་མར་བསྐོ་བཞག་མཛད་དེ། རྟེན་གཙུག་ལག་ཁང་བཞེང་བའི་མཐུན་རྐྱེན་དངོས་རྫས་དཔག་མེད་གནང་
བ་སོགས་བཀའ་དྲིན་ཚད་མེད་བསྐྱངས། ཆུ་ཁྱིའི་ཟླ་བ་གཉིས་པའི་ཚེས་སུམ་ཅུ་ཉིན་པ་སངས་ནམས་གྲུའི་འགྲུབ་སྦྱོར་ལ་འདུ་ཁང་བཀྲ་ཤིས་ཀུན་
གསལ་སྐར་འཛིན་བྱས། ཟླ་བ་གསུམ་གྱི་རིང་ལ་འདུ་ཁང་དང་རུང་ཁང་སོགས་གྲུབ་ལ་ཉེ་བར་ཟིན། རྡོ་རྗེ་འཆང་གི་བཞུགས་ཁྲི་དང་མཆོད་སྟེགས།
འཕན་གདུགས་བླ་བྲེ། དགེ་འདུན་གྱི་བཞུགས་གདན་བཅས་ལེགས་པར་གྲུབ། ཆུ་ཕག་མཆུ་ཟླའི་ཚེས་བཅོ་ལྔ་ལ། རྡོ་རྗེ་འཆང་འབུམ་སྒང་འདུས་སྡེའི་
ཚོགས་མགོན་དུ་ཆིབས་བསྒྱུར། གསོལ་བཏབ་དོན་འབྲས་སུ་སྨིན་ཏེ་གསེར་གྱི་ཁྲི་འཕངས་ལ་ཞབས་ཀྱི་པད་མོ་བཀོད། ཚོགས་མང་ལ་དཔའ་བོ་གཅིག་
པའི་དབང་ཆེན་གནང་བ་སོགས་ཆོས་ཀྱི་ཆར་བས་གདུལ་བྱའི་རྒྱུད་བརླན་པར་བྱས་སོ། །དེ་སྐབས་གསང་བའི་རྣམ་ཐར་མང་དུ་ཡོད་ཀྱང་མ་བྲིས་སོ། །
ཆུ་ཕག་ལོའི་ནག་པ་ཟླ་བའི་ཚེས་ཉེར་དྲུག་ནས་ཉིན་བཞི་བཅུ་ཞེ་བརྒྱད་རིང་མཆོག་སྤྲུལ་རིན་པོ་ཆེའི་གཟིམ་ཆུང་བསམ་གཏན་སྐྱེད་ཚལ་པདྨོ་ཁང་
བཟང་སྤེན་པད་བ་གམ་དང་བཅས་ལེགས་པར་གྲུབ་པར་བྱས། ཤིང་ཕོ་བྱི་བའི་ལོ་ཟླ་བརྒྱད་པའི་ཚེས་བཅུ་བདུན་ལ། སླར་ཡང་ཕྱག་ཕེབས་ཏེ་བདེ་
མཆོག་དྲིལ་བུ་ལྷ་ལྔའི་དབང་ཆེན་བསྐུར་ཞིང་། འདུལ་འཛིན་ཆེན་པོ་འདི་ཉིད་ཀྱིས་སྐལ་ལྡན་མང་པོ་ལ་བསྙེན་རྫོགས་གནང་སྟེ་སྡོམ་བཙུན་སྡེ་སྣོད་
འཛིན་པས་གང་བར་གྱུར། རྒྱལ་ཟླའི་དཀར་ཕྱོགས་རྫོགས་པ་གསུམ་པའི་ཉིན་བླ་མ་རྡོ་རྗེ་འཆང་བཀའ་འགྱུར་བ་མཆོག་གིས་དམ་ཚིག་པ་ཡེ་ཤེས་པ་
བསྟིམ་བར་མཛད་པའི་སྒོ་ནས་རབ་ཏུ་གནས་པར་བྱས་སོ། །དེའི་ཚེས་བཅུ་བདུན་ལ་མཆོག་སྤྲུལ་ཉི་མ་རིན་པོ་ཆེ་རང་དགོན་དུ་ཆིབས་ཀྱི་ཁ་ལོ་བསྒྱུར་
ཏེ་དབང་ལུང་སོགས་མཐའ་ཡས་པ་བུམ་པ་གང་བྱོའི་ཚུལ་དུ་བསྩལ་བ་དང་། རྟ་དངུལ་བཅས་གནང་རྫས་དཔག་མེད་མཛད་དེ་ཆོས་ཟང་ཟིང་གི་
བཀའ་དྲིན་གཞལ་དཀའ་བའི་ཚོད་དུ་གྱུར། ལོ་དེར་སྲུང་མའི་ཁང་དང་གར་འཁྲབ་པའི་གནས་སོགས་གྲུབ། ཤིང་གླང་ལོར་གསང་བ་འདུས་པའི་རྒྱུན་
བཙུགས། མེ་སྟག་ལོར་རྗེ་ཡབ་སྲས་གསུམ་དང་སྐྱབས་རྗེ་རིན་པོ་ཆེའི་སྐུ་བརྙན་བཅས་བཞེངས་ཤིང་གཟུངས་གཞུག་དང་རབ་གནས་སོགས་ཀྱང་
ལེགས་པར་གྲུབ། ད་དུང་དེ་ཕྱིན་གྱི་ལོ་རྒྱུས་སམ་འཁོར་ལོ་གསུམ་གྱི་མཛད་བཟང་སོགས་མང་དུ་ཡོད་ཀྱང་ཡི་གེ་མང་དུ་དོགས་ནས་མ་བྲིས་སོ། །
གཙུག་ལག་ཁང་སོགས་མདོར་བསྡུས་སུ་བརྗོད་ན། འདུ་ཁང་བཞི་ལ་ཀ་བ་༦༤ ལྷ་ཁང་གཅིག་ལ་ཀ་བ་༨ གཞན་ཁང་པ་གཉིས་ལ་ཀ་བ་༢༠ གྲྭ་ཤག་
༦༢བཅས་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༣༡༦༠ ནང་རྟེན་སྐུ་འདྲ་༢༤༦༠ ཞལ་ཐང་༡༠༨ པོ་ཏི་༥༦༡ མཆོད་ཆ་གཞན་སྣེ་གྲངས་༡༡༥༦
གཞན་ཚོང་ཁང་༡ ནོར་༣༦ དགོན་འདིའི་སྒྲུབ་མཆོད་མ་ཎི་བུམ་སྒྲུབ་གཙོས་ཉིན་༨༣ དགོན་བདག་བླ་མ་ནི་བྱམས་པ་ཐུབ་བསྟན་དགེ་ལེགས་རྒྱ་མཚོ་
མཆོག་ཉིད་ཡིན། ཆོས་སྡེ་ཆེན་པོ་འདི་ཉིད་ལ་གང་ཅིའི་ཐད་ནས་སྐུ་དྲིན་ཤིན་ཏུ་ཆེ་བ་དང་། ལྷག་པར་ཐག་ཉེ་རིང་ལ་མ་བལྟོས་པར་ཡང་ཡང་ཆིབས་
བསྒྱུར་ཏེ་ཆོས་སྲིད་ཀྱི་བྱ་བ་གང་ཐད་ནས་ཉམས་སུ་མ་བཅུག་པར་མ་ཟད་གོང་འཕེལ་དུ་གཏོང་བཞིན་པ་འདི་ནི་འདུལ་འཛིན་ཆེན་པོ་འདི་ཉིད་ཀྱི་
བཀའ་དྲིན་ཡིན་པ་མཁྱེན་གསལ་ལྟར་རོ། །