༄༅།
།འབིས་རྣམ་སྣང་།
|
༄༅། །འབིས་རྣམ་པར་སྣང་མཛད་ཀྱི་དཀར་ཆག
མདོ་སྟོད་སྐྱུ་རའི་གནས་ཀྱི་གཙོ་བོ་གོས་ཀྱི་གོང་ང་ལྟ་བུ་འབིས་རྣམ་སྣང་ཞེས་པའི་གནས་ཆེན་འདི་ཡི་ཡོན་ཏན་རྒྱས་པ་ནི་ས་ཐོབ་འཕགས་པ་མ་
གཏོགས་སུས་བརྗོད་པར་ནུས།
འོན་ཀྱང་སོ་སྐྱེ་རང་འདྲ་རྣམས་ལ་ཕན་པའི་བློས་ལོ་རྒྱུས་སྨྲ་བའི་ཤེས་ལྡན་མིན་རུང་།
ཡ་རབས་ཆོས་རྗེས་འབྲང་བ་
དག་ལ་བྱུང་ཁུངས་འབྲེལ་ཆགས་མདོར་བསྡུས་སྨྲ་བ་ལ།
དེ་ཡང་བདག་ཅག་གི་སྟོན་པ་ཞི་བར་གཤེགས་ཚུལ་བསྟན་ནས་ལོ་ཉིས་སྟོང་འདས་ཚེ། བོད་
ཁ་བ་ཅན་དུ་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་ཞེས་རྒྱ་གར་གྱི་ཆོས་རྒྱལ་མྱ་ངན་མེད་ཀྱི་རིགས་ལས་བྱུང་བ་ཞིག
ཡུལ་ལ་སྔ་བ་ཡར་ལུང་ཕྱོགས་
དེར་བྱོན། དེ་ནས་རྒྱལ་རབས་ཉེར་བདུན་པ་ལྷ་ཐོ་རི་སྙན་ཤལ་བྱོན་ཏེ།
ཕོ་བྲང་འོམ་བུ་བརྩིགས་ནས་བོད་མུན་པའི་གླིང་འདིར། དམ་ཆོས་ཉི་མ་ཤར་
བའི་དབུ་བརྙེས་པ་ནི། མདོ་ལས།
ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ལོ་ཉིས་སྟོང་ལྔ་བརྒྱ་འདས་པ་ན་བོད་གདོང་དམར་ཅན་དུ་དམ་པའི་
ཆོས་དར་བར་འགྱུར་རོ། །ཞེས་ལུང་བསྟན་པ་ལྟར་དང་།
དེ་ནས་འཕགས་མཆོག་སྤྱན་རས་གཟིགས་བསམ་བཞིན་དུ་སྔོན་སྨོན་དུས་ལས་མི་འཁྲུལ་བར་
མེ་མོ་གླང་གི་ལོར་( ༦༡༧)སྐུ་བལྟམས་པ་ཡིན་ཏེ།
མཚན་དངོས་ཁྲི་ལྡེ་སྲོང་བཙན་ཡིན་ཀྱང་།
རྒྱལ་སར་དགུང་ལོ་བཅུ་གསུམ་ལ་ཕེབས་དུས་ནང་བློན་
གཙོས་ཡུལ་མིས་ཐུགས་སྒམ་པའི་རྒྱུ་མཚན་གྱིས།
སྲོང་བཙན་སྒམ་པོ་ཞེས་མཚན་གསོལ་བ་དེ་ཡོངས་སུ་གྲགས།
དེ་ནས་ཙནྡན་ཇོ་བོས་ལུང་བསྟན་པ་
ལྟར། ཤིང་ཕོ་རྟ་ཡི་ལོར་(
༦༣༤)ཕྱག་རྡོར་སྤྲུལ་པ་བློན་པོ་མགར་བལ་ཡུལ་དུ་ཁྲོ་གཉེར་ཅན་གྱི་སྤྲུལ་པ་བལ་བཟའ་ཁབ་ཏུ་ལེན་ཕྱིར་བྱོན།
སླར་ལུང་
བསྟན་ལྟར།
རྒྱ་བཟའ་ལྷ་གཅིག་སྒྲོལ་མའི་རྣམ་འཕྲུལ་དེ་ཉིད་ཆུང་མར་བཞེས་པའི་ཆེད་དུ།
བློན་ཆེན་ཐོན་མི་དང་མགར་ལ་སོགས་པའི་མི་བརྒྱ་ཐམ་
པ་མེ་ཕོ་སྤྲེལ་(
༦༣༦)ལོའི་ཟླ་བཞི་པའི་ཚེས་བརྒྱད་སྐར་མ་རྒྱལ་གྱི་ཉིན་རྒྱ་ནག་ཏུ་བྱོན་ཏེ།
།རྒྱ་རྗེ་ཐའི་ཛུང་ལ་ཞུ་བ་དང་ལན་མང་དུ་མཛད་མཐར།
ལོ་གཅིག་ལྷག་ཙམ་འགོར་ཡང་ལྷ་གཅིག་ཀོང་ཇོ་ལ་ཞབས་འབྲིང་ཉི་ཤུ་རྩ་ལྔས་བསྐོར་ནས།
སྟོན་མཆོག་ཤཱཀྱ་ཐུབ་པ་དགུང་ལོ་བཅུ་གཉིས་སྐུ་ཚད་
ཡིད་བཞིན་ནོར་བུ་སོགས་གྱ་ནོམ་པའི་སྐྱེས་དང་བཅས་ཡར་བྱོན་ཏོ།
།དེ་ཤུལ་དུ་མཁས་པ་མགར་བློན་ནི་མི་སྐྱིན་དུ་བཟུང་ཡང་ཟླ་བ་ལྔ་ཡི་མཚམས་
ནས་གཡོ་ཐབས་ཀྱིས་བྲོས་པས་ཁོང་སྔོན་དུ་ལྷ་སར་ཕེབས།
ཀོང་ཇོ་འཁོར་བཅས་མདོ་སྟོད་སྐྱུ་རའི་གནས་སུ་ཟླ་གཅིག་ལ་བཞུགས་ནས་རྣམ་སྣང་ཆེན་
པོའི་སྐུ་གཟུགས་བརྐོས་པ་སྟེ།
དེ་ཡང་ཆ་ཚད་ནི་ལྷ་གཅིག་དགུང་ལོ་བཅུ་གཉིས་པའི་ཕྱག་གི་ཁྲུ་ཚད་དེ།
བརྟེན་པ་ལྷ་དགུའི་གཙོ་བོ་ཐུབ་དབང་གངས་
ཅན་མཚོ་རྒྱལ་ཁྲུ་ཉེར་ལྔ་པ་སེང་ཁྲི་པད་ཟླའི་གདན་ལ་རྒྱ་ལུགས་ལོངས་སྐུའི་ཆ་བྱད་ཀྱིས་ཕྱག་གཉིས་མཉམ་བཞག་ངང་བཞུགས་ཤིང་།
སྐུའི་གཡས་
ནས་རིམ་པ་བཞིན་བྱམས་པ་ཁྲུ་བདུན་པ། དེ་ལྟར་ནམ་སྙིང་། ས་སྙིང་།
སྤྱན་རས་གཟིགས། གཡོན་ན་རིམ་པ་བཞིན་ཀུན་བཟང་། ཕྱག་རྡོར། འཇམ་
དབྱངས།
སྒྲིབ་སེལ་རྣམས་བཞེངས་པའི་སྟབས་ཀྱིས་པད་ཟླའི་སྟེང་དུ་རང་རང་གི་ཕྱག་མཚན་དང་བཅས་པས་རྒྱ་ལུགས་ཀྱིས་བཞུགས་པའོ།
།གཙོ་བོའི་
རྒྱབ་ཏུ་བྱང་ཆུབ་ལྗོན་ཤིང་དང་གདུགས་རྒྱལ་མཚན་ལ་སོགས་པས་ཀུན་ནས་མཛེས་པས་ཇི་སྲིད་བསྐལ་པའི་ཡུན་དུ་བཞུགས།
གཡས་སུ་སམྦྷོ་ཊའི་
ཡིག་གཟུགས་ཚད་ལྡན་བརྡ་རྙིང་ལུགས་ཀྱི་བོད་ཡིག་རྟེན་བརྟེན་པའི་བསྟོད་པ་སྨོན་ལམ་དང་བཅས་པ་ཕྲེང་བཅོ་བརྒྱད།
དེ་ཡི་འོག་ཏུ་ཇི་ལྟར་བརྐོས་
ཚུལ་དང་དཀར་ཆག་ཕྲེང་བ་ལྔ་པ་འདི་ལྟ་སྟེ། ༄༅།
།ཁྱྀའི་ལོ་ལ་སྐུ་གཟུགས་འབུར་དུ་བརྐོས་པ་དང་དར་མ་ཀུན་བྲྀས་པའྀ་སྨོན་ལམ་ལ་སོགས་པ་
བཙན་པོ་ཁྲི་ལྡེ་སྲོང་བཙན་གྱྀ་སྐུ་རིང་ལ་རྗེ་བློན་ཡོན་བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དགེ་སློང་ལོ་ཆེན་ཡེ་ཤེས་དབྱངས་ཀྱྀས་བགྱྀ་
སྟེ། བཟོ་བོ་དགེ་སློང་རིན་ཆེན་སྣང་མཛད་དང་།
རྒྱའ་བཟང་དང་དཔལ་ལྡན་དང་ལག་དཔོན་ཐམས་ཅད་དགེ་ལེགས་སུ་བྱེད་པ་གཙུག་ནས་བླ་ལ་མྀ་
སྟོབས་ལྡན་རྣམསྟེ།
བྲག་ལ་སྐུ་གཟུགས་དང་དར་མ་འདི་རྣམས་བྲྀས་པ་དང་དཀོན་མཆོག་གསུམ་གྱི་རྟེན་གྱྀ་རྣམ་པ་སེམས་ཅན་གང་དག་གྀས་མཐོང་
བ་དང་རེག་པ་དང་ཕྱག་འཚལ་བ་དང་ཐོས་པ་དང་དྲན་པའྀ་བསོད་ནམས་དང་ཡེ་ཤེས་ཀྱྀས་བཙན་པོ་ཡབ་སྲས་དང་སེམས་ཅན་ཐམས་ཅད་བླ་ན་
མེད་པའྀ་བྱང་ཆུབ་ཏུ་གྲུབ་པར་སྨོན་ཏོ། །ཞེས་སོ། །(
བཙུན་པ་སངས་རྒྱས་རྒྱ་མཚོའི་དཀར་ཆག་ལས་བཤུས)
|
|