กก

༄༅། །བན་ཆེན་དགོན།

༄༅། །བན་ཆེན་ཕུན་ཚོགས་དར་རྒྱས་གླིང་།
དེ་ཡང་བོད་གངས་ཅན་ལྗོངས་འདིར་རྒྱལ་བསྟན་རིན་པོ་ཆེའི་སྙིང་པོ་སྒྲུབ་བརྒྱུད་ཤིང་རྟ་མཆེད་བརྒྱད་ཅེས་གྲགས་པའི་ཡ་གྱལ། མཉམ་མེད་འགྲོ་
མགོན་དྭགས་པོ་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པའི་སྐྱེས་བུ་ནམ་མཁའི་རྒྱུ་སྐར་དང་། ས་ཆེན་པོའི་རྡུལ་ལྟ་བུ་ད་ལྟའི་བར་དུ་ཟམ་མ་ཆད་པར་
བྱོན་པའི་སྒྲུབ་བརྒྱུད་རིན་པོ་ཆེ་ཀརྨ་ཀཾ་ཚང་གི་དོན་གྱི་བརྒྱུད་པ་ནི། གདོད་མ་ཉིད་ནས་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་བརྙེས་ཟིན་ཀྱང་གང་
འདུལ་དེར་སྣང་གི་རོལ་པ་འགོག་ཏུ་མེད་པས། རྒྱལ་ཚབ་མ་ཕམ་པ་སོགས་ས་བཅུ་བྱང་ཆུབ་སེམས་དཔའ་དུ་མར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་
ཅིང་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོར་གྲུབ་པ་དང་། འགྲོ་བའི་དོན་སྣ་ཚོགས་མཛད་པ་ལས། རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་
བདུན་པ་ཆོས་གྲགས་རྒྱ་མཚོའི་ཐུགས་ཀྱི་སྲས་སུ་གྱུར་ཅིང་། ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་རིགས་ཀྱི་བདག་པོར་དབང་བསྐུར་ཅིང་ཟུང་འཇུག་གསེར་
རིའི་ཕྲེང་བར་བཞུགས་སུ་གསོལ་བའི་སངས་རྒྱས་གཉན་པ་གྲུབ་ཆེན་ཞེས་ཡོངས་སུ་གྲགས་པ་ནི། འཛོམ་ཉག་མཆོད་རྟེན་བཞེངས་པ་པོ་དྲན་པ་ཡེ་
ཤེས་གྲགས་པའི་སྤྲུལ་གཞི་གཅིག་ལས་སྤྲུལ་པ་དུ་མ་ཅིག་ཅར་དུ་སྟོན་པ་ས་ཐོབ་སྐྱེས་བུ་དམ་པའི་མཛད་པ་བསམ་གྱིས་མི་ཁྱབ་པའོ། །རྗེ་འདི་ཉིད་ཀྱིས་
འདན་ཡུལ་ཆོས་སྡེ་ཆེན་པོ་བཏབ། བསམ་སྦྱོར་ངན་པའི་སྐྱེ་བོ་འགས་རྩོད་པ་བྱུང་བ་ན་ས་གཡོས་ཆེན་པོས་དེ་དག་གི་སྣོད་བཅུད་ཕལ་ཆེར་བཤིག རྗེ་
དེ་ཉིད་ཁང་རྩེག་བཞི་ཐོག་གི་སྟེང་ནས་ནམ་མཁར་འཕུར་བར་གྲགས། དེ་ནས་དགོན་ས་སྤོས་ཏེ་རྨ་འབྲི་བྱང་ཆུབ་གླིང་བཏབ། དགེ་འདུན་གྱི་སྡེ་ཆེན་
པོ་ཚུགས། རྗེ་བརྒྱད་པའི་རིགས་ཀྱི་བདག་པོ་མཛད་ཅིང་སྨིན་གྲོལ་གྱིས་བསྐྱངས་པ་སོགས་བསྟན་ལ་སྨན་པའི་བྱ་བ་མ་ཚང་བ་མེད་པ་བསྒྲུབས་ཤིང་
མཐར་དགུང་ལོ་རེ་ལྔ་བཞེས་པའི་སྐབས་སུ་དགོངས་པ་མྱ་ངན་ལས་འདས། རྗེ་འདི་ཡི་སྤྲུལ་གཞི་ཡང་རྒྱལ་ཚབ་བྱམས་པ་མགོན་པོ། སློབ་དཔོན་ཡེ་
ཤེས་སྙིང་པོ། གཡག་ཕྲུག་སངས་རྒྱས་དཔལ་སོགས་ཡིན་པར་གྲགས་ཤིང་། ཁྱད་པར་དུ་དམ་པ་དེ་ཉིད་མྱ་ངན་ལས་འདས་ནས་ཞག་བདུན་སོང་བའི་
ནུབ་མོ་རྒྱལ་དབང་བརྒྱད་པའི་གཟིམ་ལམ་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཞིག་གིས་གླུ་རུ་བླངས་པ་འདི་ལྟར། སྔོན་གྱི་ཚེ་ན་རྒྱལ་བ་བདེ་བའི་གླུ། །སྙིགས་
མའི་དུས་སུ་དྲན་པ་ཡེ་ཤེས་ཉིད། །ད་ལྟར་བྱང་ཕྱོགས་རྣམ་པར་བཀོད་པ་ན། །དྲུག་འབུམ་བདུན་ཁྲིའི་དགེ་སློང་མདུན་བདར་ཏེ། །འདན་མ་གྲུབ་ཆེན་
ཚུལ་ནི་འདི་ལྟར་རོ། །ཞེས་པཎྜི་ཏ་སྨྲྀ་ཏི་གཞན་དོན་དུ་ཉེ་བར་བཟུང་བ་སྣང་ཞེས་ཀུན་མཁྱེན་དྷརྨཱ་ཀ་རས་གསུངས།
སྐུ་ཕྲེང་གཉིས་པ་ལྷུན་པོ་རབ་བརྟན། གསུམ་པ་དགེ་ལེགས་སྙིང་པོ། རྗེ་འདི་རྣམ་གཉིས་ཀྱི་མཛད་ཕྲིན་རང་དོན་དུ་ཐོས་བསམ་བསྒོམ་གསུམ། གཞན་
དོན་དུ་འཆད་རྩོད་རྩོམ་གསུམ་གྱིས་བསྟན་པའི་བྱ་བ་རྒྱ་ཆེར་མཛད་ཀྱང་རྣམ་ཐར་སྐབས་འདིར་མ་སྤྲོས།
བཞི་པ་དགེ་ལེགས་རྒྱ་མཚོ། ཁོང་ཉིད་ཟུར་མང་གྲྭ་མང་ནང་དུ་ཐོས་བསམ་བསྒོམ་པའི་བྱ་བ་མཐར་ཕྱིན་ཏེ་བསྟན་འགྲོའི་དོན་སྒྲུབ་པའི་ཕྱིར། ཆོས་
ཀྱི་སྙིང་པོ་རྟེན་འབྲེལ་ལ་རག་ལས་ཤིང་གང་ས་གང་དུ་ས་དཔྱད་ལེགས་པོར་གཟིགས་སྐབས་གདན་ས་འདི་ཉིད་ལ་ས་སྐྱོང་ཆེན་པོ་ར་རྡ་བེ་ཧུ་ཞེས་
དཀར་པོའི་ཆོས་ལ་བློ་དཀར་ཞིང་ནག་པོ་སྡིག་པའི་ལས་རྣམ་རབ་ཏུ་སྤངས་ཤིང་། དམན་ལ་བྱམས་སྐྱོང་དང་རྒོད་པོ་ཚོད་མེད་ཀྱི་གཉའ་གནོན། ལྷ་བླ་
མ་ལ་མཆོད་པ་དང་ཁྱི་སྤྲང་པོ་ལ་སྦྱིན་པ་བྱེད་ནུས་པའི་འབྱོར་ཕྱུག་གི་སྡེ་པ་ཞིག་ཆགས་ཡོད། ས་སྐྱོང་དེ་ཉིད་ཀྱིས་རྒྱུད་སྒྱུ་འཕྲུལ་དྲ་བ་འཇམ་དཔལ་
མཚན་བརྗོད་ཐུགས་དམ་མཛད་ཅིང་བཞུགས་པར་ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་ཞེས་པའི་སྐབས་སུ་སངས་རྒྱས་གཉན་པ་དགེ་ལེགས་རྒྱ་
མཚོ་འདིར་ཕེབས་པ་དུས་མཉམ་སྐབས་བླ་གྲྭ་དཔོན་སློབ་ཕྱག་ཕེབས་པར་ལེགས་ཞེས་ཞུས། རྟེན་འབྲེལ་ལ་དགོངས་ཏེ་རྗེ་ཉིད་ཀྱིས་སྐྱེ་བོ་ངན་པས་
རྩོད་པ་བྱུང་ནས་འདན་ཡུལ་ཆོས་སྡེ་ཆེན་པོ་བཤིག་ཚུལ་དང་རྨ་འབྲི་བྱང་ཆུབ་ཆོས་གླིང་རི་བོ་དགེ་ལྡན་པའི་གྲུབ་མཐར་སྒྱུར་ཚུལ། ད་ལྟ་སྒྲུབ་བརྒྱུད་
ཤིང་རྟ་བརྒྱད་ཀྱི་ཡ་གྱལ་དྭགས་པོ་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པའི་ཆོས་སྡེ་ཞིག་ཕྱག་འདེབས་དགོས་གསུང་པས། དཔོན་དེས་ལེགས་སོ་ལེགས་
སོ་དང་། དེ་ལྟར་ན་གནས་སྐབས་སུ་རང་གི་མགོ་སྦྲ་འདིའི་ནང་ལ་བཞུགས་དང་། སླད་དུ་དགེ་འདུན་སྡེ་རྒྱས་ཀྱི་མཐུན་རྐྱེན་སྒྲུབ་པ་ཁས་འཆེ་བྱས་
པས། དེ་ནས་ས་ཞིང་ཕྱུགས་འཚོ་བ་ལ་བན་ཆེན་བན་ཆུང་སོགས་ལེགས་པོ་བཀོད་སྒྲིག་བྱས་ཏེ་སྒ་བན་ཆེན་ཕུན་ཚོགས་དར་རྒྱས་གླིང་འདི་ཉིད་ཕྱག་
བཏབ། རྗེ་དེ་ཉིད་ནས་བཟུང་ལྔ་པ་བདེ་ལེགས་སྙིང་པོ། དྲུག་པ་སྒྲུབ་བརྒྱུད་བསྟན་དར། བདུན་པ་རྗེ་ཤེས་རབ་སྙིང་པོའི་སློབ་ཆེན་བླ་མ་བསམ་གཏན་
པ་ནི། མི་ཚེ་ཧྲིལ་པོར་སྐུ་མཚམས་བཞུགས་ཏེ་ཉམས་རྟོགས་ཀྱི་རྩལ་རྒྱས་པའི་བླ་མ་ཞིག་བཞུགས། གཉན་པ་ཤེས་རབ་སྙིང་པོ་ཞིང་གཞན་དུ་གཤེགས་
རྗེས་གཉན་པ་བསྟན་འཛིན་གྲུབ་མཆོག་འཁྲུངས། སྐབས་དེར་བླ་མ་བསམ་གཏན་པ་སྐུ་གཤེགས། ཕྱིས་གཉན་པ་བསྟན་འཛིན་གྲུབ་མཆོག་མཚུར་ཕུར་
ཕེབས་ཏེ་ཀརྨ་པ་ཐེག་མཆོག་རྡོ་རྗེར་བླ་མ་བསམ་གཏན་པའི་ཡང་སྲིད་ངོས་འཛིན་ཞུས། ཀརྨ་པས་འབྲོང་པ་སྟོད་མའི་དཔོན་ནོར་བུ་རྒྱལ་མཚན་གྱི་
སྲས་སུ་འཁྲུངས་པའི་རྟགས་ཡིག་གསལ་པོར་གནང་། དེ་ནས་ཡང་སྲིད་རྩད་བཅད་དེ་ཁྲི་ལ་མངའ་གསོལ་བའི་མཚན་འབྲོང་པ་སྤྲུལ་སྐུ་ཀརྨ་བསྟན་
འཛིན་ཆོས་རྒྱལ་ཞེས་གནང་། ཕྱིས་སུ་རྗེ་འདི་པ་དགུང་གྲངས་ཆེར་སོན་སྐབས་དཔལ་སྤུངས་ལ་ཕེབས་ཏེ་རྩྭ་འདྲ་སྒྲུབ་ཁང་དུ་བཞུགས། མཛོད་ལྔའི་
སྲོལ་འབྱེད་ཆེན་པོ་འཇམ་མགོན་བློ་གྲོས་མཐའ་ཡས་རྩ་བའི་བླ་མར་བསྟེན་ཏེ་རིག་སྟོང་ཆོས་སྐུའི་རང་ཞལ་ངོ་འཕྲོད་ནས་ལོ་དགུ་དེར་བཞུགས། དེ་
ནས་རང་དགོན་དུ་འབྱོར་ཏེ་ནི་གུ་དང་། ཆོས་དྲུག ཀུན་རིག་གསུམ་གྱི་སྒྲུབ་ཁང་བཙུགས། དུས་འཁོར། དགྱེས་རྡོར་སོགས་ཀྱི་སྒྲུབ་མཆོད་ཡང་མང་དུ་
བཙུགས། གཉན་པ་སྐུ་ཕྲེང་དགུ་པ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མའི་ཡོངས་འཛིན་མཛད། དགུང་གྲངས་གྱ་གཉིས་པ་ལ་སྐུ་གཤེགས། ཕྱིས་གཉན་པ་
ཀརྨ་བཤད་སྒྲུབ་ཉི་མས་སི་ཏུ་པདྨ་དབང་མཆོག་རྒྱལ་པོར་ཡང་སྲིད་ངོས་འཛིན་ཞུས། པདྨ་དབང་མཆོག་གིས། དགོན་པའི་ལྷོ་ཕྱོགས་ནས་ཐག་མི་རིང་
བ་ལ། ཕ་མགོན་པོ་དང་མ་སྒྲོལ་མའི་མིང་ཅན་ལ་ཁྱེའུ་སྤྲེལ་ལོ་པ་ཞེས་འབྱུང་བས། དེ་འབྲོང་པ་བསྟན་འཛིན་ཆོས་རྒྱལ་གྱི་སྤྲུལ་སྐུ་འཁྲུལ་མེད་ཡིན་
གསུངས། གཉན་པ་ཀརྨ་བཤད་སྒྲུབ་ཉི་མས་ཕྱི་ལོ་༡༩༤༥ལོར་ཁྲི་ལ་མངའ་གསོལ་ཏེ་མཚན་ཀརྨ་བསྟན་འཛིན་ཕྲིན་ལས་རྣམ་རྒྱལ་ཞེས་གནང་། དགུང་
ལོ་བཅུ་དགུར་སོན་སྐབས་གདན་ས་ཆེན་པོ་ཤར་སྡེ་དགེ་དཔལ་སྤུངས་སུ་ཕེབས་ཏེ་སི་ཏུ་པདྨ་དབང་མཆོག་མདུན་ནས་དགེ་ཚུལ་སློང་གི་སྡོམ་པ་
བཞེས། ཀོང་སྤྲུལ་དཔལ་ལྡན་མཁྱེན་བརྩེ་འོད་ཟེར་ལས་རིན་ཆེན་གཏེར་མཛོད་ཀྱི་སྨིན་གྲོལ་ཆ་ཚང་ཞུས། དེ་ནས་རྒྱ་གར་དུ་བྱོན་ནས་རྒྱལ་དབང་ཀརྨ་
པ་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེའི་མདུན་ནས་སྔགས་མཛོད་དང་གདམས་ངག་མཛོད་སོགས་དབང་དང་གདམས་ངག་མང་དུ་གསན། ཕྱི་ལོ་
༡༩༨༦ལོར་ནེ་སལ་ལ་གསར་དུ་དགོན་པ་ཕྱག་བཏབ་སྟེ་ད་ལྟ་དེར་བཞུགས་ཤིང་བསྟན་འགྲོའི་དོན་མཛད་བཞིན་པའོ། །
གཉན་པ་སྐུ་ཕྲེང་དགུ་པའི་སྐུ་ཚེ་གཅིག་གི་རིང་ལ་བཞེངས་པ་དང་འདིར་མཆིས་པའི་རྟེན་དང་བརྟེན་པའི་སྐོར་ལ། འདུ་ཁང་ཆེ་ཆུང་གཉིས་ལ་ཀ་
བ་༢༠༠ གྲོ་ལོད་ཁང་དང་མགོན་ཁང་ཆེན་མོ་སྒྲུབ་ཁང་གཉིས་བཅས་ལ་ཀ་བ་༣༢ ཇ་ཁང་ལ་ཀ་བ་༡༨ སྒེར་སོ་སོའི་གྲྭ་ཤག་༡༡༤བཅས་འཛུགས་སྐྲུན་
རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༧༢༨༠ གྲྭ་པ་༤༠༢( ཡིག་ཚགས་ལྟར) ལོ་གཅིག་གི་རིང་ལ་ཚོགས་པ་གཏན་ཆགས་ཚེས་བཅུའི་དུས་མཆོད་གཙོས་ཉིན་གྲངས་
༢༦༡ཚོགས་རྒྱུ་ཡོད། སྤྲུལ་སྐུ་གཉན་པ་རིན་པོ་ཆེ། འཆི་མེད་སྤྲུལ་སྐུ། བསྟན་དགའ་སྤྲུལ་སྐུ་དང་གསུམ་མོ། །སྐུ་རྟེན་སྨན་འདག་ལས་བསྐྲུན་པའི་དུས་
གསུམ་སངས་རྒྱས་དང་། ཐུབ་པའི་སྐུ་བརྙན་ལི་མ་མདའ་ཚད་ཙམ་དང་འཁོར་ཉེ་སྲས་བརྒྱད་ཀྱི་སྐུ་བརྙན། ཟངས་གསེར་ལས་གྲུབ་པའི་གུ་རུའི་སྐུ་
བརྙན་མདའ་ཚད་ཙམ། འཇམ་མགོན་མི་ཕམ་རིན་པོ་ཆེ་དང་། སྒྲོལ་མ་ཉེར་གཅིག ཀར་རབས་བཅོ་ལྔའི་བར། ཞྭ་དམར་སྐུ་ཕྲེང་ཕལ་ཆེར་བའི་སྐུ་
བརྙན་བཅས་བཞུགས། གཙང་ཁང་ནང་དུ་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་བཟོ་དབྱིབས་ཁྱད་དུ་འཕགས་པ་སྤྱི་ཁྲུ་ཉེར་ལྔ་ལྷག་དང་། དེའི་
འཁོར་སངས་རྒྱས་སྨན་བླ་དང་། གུ་རུ་རིན་པོ་ཆེ། ཀརྨ་པ་དུས་གསུམ་མཁྱེན་པ། རྡོ་རྗེ་སེམས་དཔའ་རྣམས་ཀྱི་སྐུ་བརྙན་སྤྱི་ཁྲུ་བཞི་རེ་ཙམ་དང་། ཉེ་
བའི་སྲས་ཆེན་བརྒྱད་ཀྱི་སྐུ་བརྙན་མི་ཚད་ཙམ་དང་། གཞན་ཡང་ཟངས་གསེར་ལས་གྲུབ་པའི་ཐུབ་པའི་སྐུ་སྤྱི་ཁྲུ་གསུམ་ཅན། ལུགས་སུ་བླུགས་པའི་
སངས་རྒྱས་སྟོང་སྐུ་མཁྱིག་གང་ལྷག་ཙམ་རེ། མགོན་པོ་བེར་ཅན། ཕྱག་བཞི། ལྷ་མོ། ཞིང་སྐྱོང་ཡབ་ཡུམ། སྲིན་མགོན་གནམ་སྲས་སོགས་ཀྱི་སྐུ་བརྙན་དང་
ཐུགས་རྟེན། གཉན་པ་དགེ་ལེགས་རྒྱ་མཚོའི་གསེར་གདུང་དང་གཉན་པ་བསྟན་འཛིན་གྲུབ་མཆོག དངུལ་གདུང་གཞན་སྐུ་གདུང་ཆ་བརྒྱད་གཙོས་སྐུ་
རྟེན་དང་ཐུགས་རྟེན་༢༧༣༠ལྷག གསུང་རྟེན་ལ་གསེར་བྲིས་ཀྱི་བཀའ་འགྱུར་དང་། མཛོད་ཆེན་རྣམ་ལྔ། མཁྱེན་བརྩེའི་བཀའ་འབུམ། སྒྲུབ་ཐབས་ཀུན་
བཏུས། འཇམ་མགོན་མི་ཕམ་རིན་པོ་ཆེའི་བཀའ་འབུམ། པདྨ་ཉིན་བྱེད་ཀྱི་བཀའ་འབུམ། གཞན་ཡང་གྲུབ་མཐའ་རིས་མེད་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱི་
གསུང་འབུམ་སོགས་པོད་༣༦༠༠ལྷག ཞལ་ཐང་གི་རིགས་ལ་སྐྱེས་རབས་དཔག་བསམ་འཁྲི་ཤིང་གསེར་བྲིས་ཅན་དང་། རྡོར་སེམས་གསེར་ཐང་། རྒྱན་
དྲུག་མཆོག་གཉིས། མཁན་ཆེན་བཀྲ་ཤིས་འོད་ཟེར་གྱིས་བྲིས་པའི་བཀའ་བརྒྱུད་གསེར་ཕྲེང་གསེར་ཐང་ལྔ། བདེ་གཤེགས་སྨན་བླ་མཆེད་བརྒྱད། ཕག་
རྒྱལ་རྣམ་གསུམ་བཅས་ཀྱིས་མཚོན་པའི་ཞལ་ཐང་༡༦༠ལྷག རོལ་སིལ་ཆ་ཉིས་བརྒྱ་ལྷག་དང་གཞན་གསེར་དངུལ་བཀྲ་མར་བྱས་པའི་སྤོས་སྣོད་དང་
དུང་དཀར་དམར་བཅས་ཀྱིས་མཚོན་པའི་ཉེར་མཁོ་མཆོད་ཆའི་གྲངས་༡༢༨༠ལྷག་བཅས་མཆིས་པ་རྫོགས་ལྡན་དུས་ཀྱི་དཔལ་ལ་སྤྱོད་ཅིང་གནས་པ་
མི་རིང་བར་དུས་ངན་གི་འཚུབ་ཆ་ལངས་ཏེ་ཆོས་ཀྱི་སྣང་བ་རེ་ཞིག་ནུབ་རིའི་ཕག་ཏུ་བཞུད་ཅིང་། ༡༩༦༢ལོར་གོང་ནས་ཆོས་སྒོ་ཉི་ཚེ་བ་ཞིག་འབྱེད་
པའི་སྐབས་དེར་མཆིས་པའི་རྟེན་གསུམ་སོགས་ཀྱི་སྐོར་ལ། འདུ་ཁང་ཆེ་ཆུང་གཉིས་ལ་ཀ་བ་༢༠༠ མགོན་ཁང་ཀ་བ་༡༡ ཇ་ཁང་སོགས་གསུམ་ལ་ཀ་བ་
༢༨ གྲྭ་ཤག་༧༠བཅས་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༤༢༨༠ གྲྭ་པ་༧ སྐུ་རྟེན་དང་ཐུགས་རྟེན་༡༥༠༠ལྷག གསུང་རྟེན་པོད་༨༠ ཞལ་ཐང་༨༠
ཉེར་མཁོའི་མཆོད་ཆའི་གྲངས་༡༦༠བཅས་བཞུགས་ཡོད་ཀྱང་། ཡང་མི་རིང་བར་རིག་གནས་གསར་བརྗེ་མགོ་ཚུགས་ཏེ་སྐུ་གསུང་ཐུགས་རྟེན་གྱི་ཕྲིན་
ལས་མཇུག་བསྡུས་མོད། རབ་རྒྱལ་ལྕགས་བྱ་ཕྱི་ལོ་༡༩༨༡ལོའི་ཁྲུམས་སྟོད་ཟླ་བའི་ཚེས་༢༤ཉིན་གོང་ནས་དགོན་འདི་ཉིད་གསར་འཛུགས་ཆོག་པའི་
བཀའ་དྲིན་གནང་ཚེ། ཆོས་ལ་དཀར་བའི་སྡེ་མི་སེར་རྣམས་ཀྱིས་མཐུན་རྐྱེན་སྦྱར་བ་ལ་བརྟེན་ཏེ། འཆི་མེད་སྤྲུལ་སྐུ་རིན་པོ་ཆེ་དང་དགེ་རྒན་གསེར་རྡོ་
རྣམ་གཉིས་ཀྱིས་དབུ་ཁྲིད་མཛད་དེ་གསར་དུ་བཞེངས་པའི་རྟེན་དང་བརྟེན་པ་བཅས་པ་ལ། འདུ་ཁང་ཀ་བ་༢༠ཅན། སྒྲུབ་ཁང་སོགས་ཁང་ཁག་
གསུམ་ལ་ཀ་བ་༢༤ ཇ་ཁང་སོགས་ཁང་ཁག་གསུམ་ལ་ཀ་བ་༨ སྒེར་སོ་སོའི་གྲྭ་ཤག་༥༧ སྨན་ཁང་༡ ཚོང་ཁང་༡ འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་
མ་༢༡༨༠ གོང་ནས་གཏན་ཁེལ་གྲྭ་པ་༣༠ལོ་གཅིག་གི་རིང་ལ་ཚོགས་པ་གཏན་ཆགས་ཚེས་བཅུའི་དུས་མཆོད་གཙོས་ཉིན་གྲངས་༡༡༥ལ་ཚོགས་རྒྱུ་
ཡོད། སྐུ་རྟེན་དང་ཐུགས་རྟེན་༥༢ གསུང་རྟེན་པོད༤༠༠ ཞལ་ཐང་༤༥ ཉེར་མཁོའི་མཆོད་ཆའི་གྲངས་༡༥༥ ནོར་༣༤ རླངས་འཁོར་༢བཅས་མཆིས་
སོ། །