༄༅། །དཔལ་འབྲི་གུང་ཆོས་སྡེ་ཆེན་པོ་སྐྱུ་ར་བྱང་ཆུབ་གླིང་།
དཔལ་འབྲི་གུང་ཆོས་སྡེ་ཆེན་པོ་སྐྱུ་ར་བྱང་ཆུབ་གླིང་ནི།
མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་རྫོང་དཔལ་ཐང་ཡུལ་ཚོའི་ཁོངས་གཏོགས་ཏེ་རྫོང་ནས་ལྷོ་ངོས་
སུ་ལེ་དབར་ཉི་ཤུ་ཙམ་བརྒལ་བའི་སར་མཆིས།
ཐོག་མར་དགོན་འདིའི་ཕྱག་འདེབས་པ་པོ་ནི།
བོད་ཁ་བ་ཅན་གྱི་ཡུལ་དུ་འཕགས་པ་སྤྱན་རས་
གཟིགས་ཀྱི་སྤྲུལ་པ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་སྒྲོལ་མ་ཁྲོ་གཉེར་ཅན་གྱི་སྤྲུལ་པ་བྲག་སྲིན་མོ་གཉིས་ཀྱི་བརྒྱུད་པ་ལས་མཆེད་པའི་བོད་མིའུ་
གདུང་དྲུག་གམ་བོད་ཀྱི་རུས་ཆེན་བཞིའི་ནང་ཚན་བཙན་པོ་འབྲུ་ཡི་རིགས་ལས་འབྲུ་སྟག་རྒོད་ཅེས་བྱ་བས་རོགས་བཟའ་མ་ཁབ་ཏུ་བཞེས་པ་ལ་སྲས་
གསུམ་བྱུང་བའི་ཆེ་བ་ལ་ཉི་མ་ནག་པོ། འབྲིང་བ་ཉི་མ་ཁྲ་བོ།
ཆུང་བ་ཉི་མ་དཀར་པོ་ཞེས་ཟེར། ཉི་མ་དཀར་པོ་ལ་བུ་ཡ་ཁད་མ་ཁད་སོ་ཁད་གསུམ་
བྱུང་བའི་ཆེ་བ་སོ་ཁད་རང་ལོ་ཉི་ཤུའི་ཐོག
ཤར་རྨ་ཆེན་སྤམ་རའི་མགུལ་དུ་ཕྱིན་པ་ན།
ཁྲུས་ཀྱི་རྫིང་བུའི་འགྲམ་དུ་རྒོད་ཐང་དཀར་མང་པོ་བབས་
བྱུང་པའི་ཐམས་ཅད་ཀྱིས་བྱ་ཡི་གསོབ་ཕུད་སྐབས་བུ་མོ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་བྱས་ཏེ་ཁྲུས་ལ་ཞུགས་པ་ན།
སོ་ཁད་ཀྱིས་བྱའི་གསོབ་
གཅིག་བཟུང་ནས་བསྡད།
དེ་ནས་ལྷ་མོ་རྣམས་རང་རང་གི་བྱ་ཤུན་གྱོན་ཏེ་ནམ་མཁའ་ལ་འཕུར་སོང་།
སོ་ཁད་ཀྱིས་བཟུང་བའི་བྱའི་གསོབ་དེར་ལྷའི་
བུ་མོ་གཟུགས་བྱད་བལྟ་བས་ཆོག་མི་ཤེས་པ་གཅིག་ལུས་བྱུང་བས་དེ་ལ་ཐབས་ཤེས་ཀྱིས་སྦྱོར་བ་མཛད་ནས་གསོབ་གཏད་པ་ན་ལྷ་མོ་དེ་ནམ་མཁར་
བཀྱགས་ནས་དེ་རིང་ནས་རྩིས་པའི་ཟླ་དགུ་ངོ་བཅུ་ན་ཁྱེད་ཀྱི་བུ་ལེན་དུ་ཤོག་ཟེར་ནས་འཕུར་སོང་ངོ་།
།དེ་ནས་ཟླ་གྲངས་ཚང་བ་ན། སོ་ཁད་སོང་ནས་
བལྟས་པས་ཚེས་བཅོ་ལྔའི་ཉིན་ནམ་མཁའ་འཇའ་འོད་ཀྱིས་གང་ཞིང་མེ་ཏོག་གི་ཆར་བབས།
ལྷའི་རོལ་མོ་སྣ་ཚོགས་ཀྱི་སྒྲ་དང་བཅས་ལྷའི་བུ་དང་བུ་
མོ་མང་པོ་ནམ་མཁའ་གང་བར་བྱས་ནས་བྱ་སྤུ་ཐགས་སུ་བཏགས་པའི་བླ་བྲེ་འཕངས་ནས་འདི་བཟེད་ཅིག་ཟེར་བའི་སྒྲ་བྱུང་བ་དང་དེ་བཞིན་དུ་གཡུ་
འབྲུག་སྔོན་མོའི་ཟེ་བ། སེངྒེ་དཀར་མོའི་གཡུ་རལ།
རྒེའུ་དཀར་མོའི་ལྤགས་པ་རྣམས་གདན་དུ་ཐིངས་ཤིག་ཟེར་ནས་འཕངས་བྱུང་བ་དང་ཁྱོད་ཀྱི་བུ་
འདི་ཁྱོད་ལ་གཏོད་པ་ཡིན་པས་མ་འོངས་པ་ན་འདིའི་རིགས་བརྒྱུད་ཐམས་ཅད་ཀྱིས་འགྲོ་དོན་རྒྱ་ཆེན་པོ་བྱེད་པར་འགྱུར་རོ།
།ཞེས་ལུང་བསྟན་པ་
དང་བཅས་བུ་ཆུང་མཛེས་ཤིང་ཡིད་དུ་འོང་བ་ལྷའི་གོས་དང་རྒྱན་སྣ་ཚོགས་ཀྱིས་རྒྱན་པ་ཞིག་བསྐྱུར་བྱུང་བས་རྒྱ་ཆེན་སྡེ་བཞིས་བཟེད་གྲོགས་བྱས་པ་
ན་ཕ་སོ་ཁད་ཤེད་ཆུང་བས་བླ་བྲེའི་སྣེ་ཤོར་ནས་བུ་ཆུང་ས་ལ་ལྷུང་བས་མཐེའུ་ཆུང་ཆད།
ལྟག་པ་སྐྲངས། དེ་ནས་བུ་དེའི་མིང་སྐྱུ་ར་མཛུབ་དགུའམ། སྐྱུ་
ར་ལྟག་པོ་ཆེ། སྐྱུ་ར་གནམ་བྱོན་དཀར་པོ་ཞེས་གྲགས།
སྐྱུ་རའི་གདུང་བརྒྱུད་འོད་གསལ་ལྷ་ལས་ཆད་ཅེས་པའི་གོ་དོན་དེ་ནས་བྱུང་།
གདུང་རབས་
འདིའི་གོང་མས་བོན་གཤེན་རབས་ཀྱི་བསྟན་པ་བཟུང་བར་གྲགས།
དེའི་གདུང་རྒྱུད་ཡར་བཟང་འབྲོམ་གསུམ་ཟེར་བའི་མི་རབས་གསུམ་མཚོན་པ་
ནས་འབྲུ་དམ་པ་ཆོས་ཕྱུག་གི་སྲས་སུ་འབྲི་ཀླུང་ལྡན་སྟོད་གྲོང་ཁྱེར་ཙུང་ངུ་ན།
ཨ་མེས་ཚུལ་ཁྲིམས་རྒྱ་མཚོ་ཞེས་པ་གསང་སྔགས་རྙིང་མའི་གྲུབ་ཐོབ་
ཆེན་པོ་ཞིག་དང་གཡུང་དྲུང་རྒྱ་མཚོ་ཞེས་པའི་སྤུན་མཆེད་གཉིས་བྱུང་བའི་ཆེ་བ་ཚུལ་ཁྲིམས་རྒྱ་མཚོས་གདན་ས་འདི་བཟུང་ནས་བཞུགས།
དེའི་དུས་
རབས་ནམ་ཙམ་ཡིན་པ་གསལ་པོར་མ་རྙེད་ཀྱང་ཕལ་ཆེར་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་ཚེའི་སྨད་ཙམ་སྟེ་དུས་རབས་བརྒྱད་པའི་ནང་ཙམ་
ཡིན་ཚོད་སྙམ།
དེའི་དུས་སུ་དབུས་ཀྱི་ཕྱོགས་ན་ཡབ་སྣ་ནམ་པ་ཇོ་བོ་དཔལ་དང་ཡུམ་བྲིན་བཟའ་དར་འཛོམ་གྱི་སྲས་སུ་རྡོ་རྗེ་མཁའ་འགྲོའི་སྤྲུལ་པ་
མཁའ་འགྲོའི་མཚོན་རྟགས་ཐམས་ཅད་ཚང་བ་མཐུ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་མངའ་བ་ཞིག་འཁྲུངས་པའི་མཚན་ལ་ཆོས་ཀྱི་སྒྲོལ་མ་གསོལ།
བུ་མོ་དེ་ཆེར་སྐྱེས་ནས་དབུས་ཀྱི་ཚོང་པ་དང་འགྲོགས་ཏེ་ཁམས་སུ་བྱོན་ནས་ཨ་མེས་ཚུལ་ཁྲིམས་རྒྱ་མཚོས་ཁབ་ཏུ་བཞེས།
ཁོང་རྣམ་གཉིས་ལ་སྲས་
བཞི་བྱུང་བ་ལ་ནམ་མཁའ་དབང་ཕྱུག དཔེ་ཀ་དབང་རྒྱལ། བསོད་ནམས་དཔལ།
ཀ་ཐུང་གྲུ་བཞི་རྣམས་སོ། །དེ་དག་གི་ནང་ནས་སྔགས་འཆང་དཔེ་ཀ་
དབང་རྒྱལ་གྱི་སྲས་མཁན་པོ་དར་མ། དཀོན་མཆོག་རིན་ཆེན། བཙུན་དཔལ་འབར།
རྣལ་འབྱོར་པ་རྡོ་རྗེ་དང་བཞི་འཁྲུངས་པ་ལ། རྣལ་འབྱོར་པ་རྡོ་རྗེ་
ཡིས་ཡི་དམ་རྡོ་རྗེ་འཇིགས་བྱེད་སྒྲུབ་པས་གྲུབ་སྟེ་དྲེགས་པ་སྡེ་བརྒྱད་བྲན་དུ་བཀོལ་བ་ཞིག་བཞུགས་པ་དེས།
རབ་ཤིས་བཟའ་བཙུན་མ་ཁབ་ཏུ་བཞེས་
པ་ལ་སྲས་སྐྱོབ་པ་འཇིག་རྟེན་གསུམ་མགོན་སྐུ་འཁྲུངས།
འདི་ཉིད་ནི་རབ་བྱུང་གཉིས་པའི་ཆུ་ཕག་ཕྱི་ལོ་༡༡༤༣ལོར་འཁྲུངས།
ཁོང་ཆུང་དུས་མཚན་
བཙུན་པ་སྐྱབས་དང་རྡོ་རྗེ་དཔལ་ཞེས་གྲགས།
དེའི་སྐབས་ཉིད་ཀྱི་ཐུགས་རྒྱུད་ལ་དཔལ་དང་སྙིང་རྗེ་ཤེས་རབ་སོགས་ཡོན་ཏན་དཔག་ཏུ་མེད་པ་
མངའ། དགུང་ལོ་བཞི་ཡི་ཐོག་ཡབ་ཀྱི་མདུན་ནས་འབྲི་ཀློག་སོགས་ལ་བསླབས།
དགུང་ལོ་བརྒྱད་པའི་ཐོག་ཏུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཞལ་
གཟིགས།
གཞན་ཡང་གཟེར་ཐུང་དྲག་པོ་བཏབ་པ་རྣམས་ལ་བྱིན་རླབས་མཛད་པར་ཙམ་གྱིས་འཕྲལ་དུ་གསོ་བ་དང་།
ཕྱག་གིས་བྱུག་བྱུག་མཛད་པས་
མཛེ་གསོ་བ་དང་།
བདེན་སྟོབས་བརྗོད་པས་ཆར་འབབ་པ་སོགས་ངོ་མཚར་བའི་ལྟས་དུ་མ་བསྟན་པས་གྲུབ་ཐོབ་ཀྱི་གྲགས་པ་ས་སྟེང་ཁྱབ།
དེ་ནས་མི་
རིང་བར་བདེ་གཤེགས་ཕག་མོ་གྲུ་པའི་མཚན་གསན་པ་ཙམ་གྱིས་ཐུགས་གཡོས་ཏེ་ཕག་གྲུ་མཇལ་བར་ཕྱི་ལོ་༡༡༦༢ལོར་བྱོན་ནས་མདོ་སྔགས་ཀྱི་ཆོས་
ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་ཐོབ།
ཕག་གྲུ་ལ་སློབ་མ་གྲྭ་བ་བརྒྱད་བརྒྱ་ལས་གདུགས་ཐོགས་པ་ལྔ་བརྒྱ་ཡོད་ཀྱང་གདན་ས་འཛིན་པའི་བུ་ཆེན་
འདི་ཉིད་ཡིན་པས་ཁོང་གིས་ཆེད་བརྗོད་ཀྱི་ཚུལ་དུ་སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོ་ཞེས་མཚན་གསོལ།
དེ་ནས་བགྲང་བྱ་སོ་བདུན་པ་རབ་བྱུང་
གསུམ་པའི་ས་ཕག་ལོར་དགོན་འདི་ཉིད་དུ་ཕེབས་ནས་སྔར་ལས་ལྷག་པའི་རྒྱ་བསྐྱེད་མཛད་དེ་དགེ་འདུན་ཁྲི་བཅོ་བརྒྱད་དུ་གྲགས་པ་བྱུང་།
དུས་ཕྱིས་
སྐྱོབ་པ་རིན་པོ་ཆེའི་ཁུ་བོ་དཀོན་མཆོག་རིན་ཆེན་གྱི་སྲས་ཨ་མྱེ་ཨ་གྲགས་ཀྱིས་གདན་ས་བཟུང་།
དེ་ལ་སྲས་གསུམ་བྱུང་བ་ལས་ཆེ་བ་དབོན་བསོད་
ནམས་གྲགས་པ། ཆུང་བ་གཅུང་རྡོ་རྗེ་གྲགས་པ།
འབྲིང་བ་དཔོན་བརྒྱུད་པ་རྡོ་རྗེ་སེངྒེས་གདན་ས་བཟུང་།
དེའི་སྲས་ལྔ་ཡི་གསུམ་པ་ཨ་ནུ་རྒྱལ་གྱིས་
གདན་ས་བཟུང་། དེའི་སྲས་རྡོ་རྗེ་རྒྱལ་མཚན། དེའི་སྲས་ཀུན་དགའ་རྒྱལ་མཚན།
དེའི་སྲས་ཨ་ནི་རྒྱལ། དེའི་སྲས་སློབ་དཔོན་ཚུལ་རྡོ། དེའི་སྲས་གཙང་
ཨ་དཔལ། དེའི་སྲས་སློབ་དཔོན་ཡེ་ཤེས་སེངྒེ་དཔལ་གྱིས་གདན་ས་བཟུང་།
དེ་ནས་རིག་འཛིན་ཆོས་ཀྱི་གྲགས་པ། དེའི་བརྒྱུད་པ་མཚུངས་མེད་ཆོས་
རྒྱལ་ཕུན་ཚོགས་ཀྱི་སྲས་རྗེ་བཙུན་དཀོན་མཆོག་རཏྣས་བཟུང་།
དེ་ནས་དཀོན་མཆོག་བསྟན་འཛིན་འགྲོ་འདུལ། དེའི་རྗེས་བསྟན་འཛིན་རྒྱལ་མཚན།
དེའི་རྗེས་དཀོན་མཆོག་ཐུགས་རྗེ་ཉི་མ། དེའི་རྗེས་ཞི་བའི་བློ་གྲོས་བཅས་སོ།
།
གཏེར་སྟོན་རིག་འཛིན་འོད་གསལ་རྡོ་རྗེ་ནི།
ཡབ་སྐྱུ་ར་བསྟན་པའི་ཉི་མ་དང་ཡུམ་འབྲེལ་བཟའ་པདྨ་མཚོ་མོའི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ས་ཁྱི་
ཕྱི་ལོ་༡༨༩༨ལོའི་མཆུ་ཟླ་བའི་རྒྱལ་བ་གཉིས་པའི་ཉིན་ལ་ངོ་མཚར་གྱི་ལྟས་དུ་མས་སྐུ་བལྟམས།
ཨོ་རྒྱན་པདྨའི་ཞལ་ལུང་ལས། ཆུ་བོ་འབྲི་ཡི་ས་ཆ་ན༔
སྐྱུ་རའི་མིང་ཅན་བྱུང་བས་ན༔ ཐང་ཡིག་གཏེར་ཆོས་བཏོན་པ་དང་༔
སེམས་ཅན་འགྲོ་དོན་དེ་ཡིས་འགྲུབ༔ ཅེས་སོགས་ལུང་མང་པོས་ཟིན་པའི་དམ་
པའི་སྐྱེས་བུ་འདི་པས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཏེར་ཆོས་ཕུར་པའི་སྐོར་དང་།
ཞི་ཁྲོའི་སྐོར། སྒྲོལ་མ་དམར་མོའི་སྐོར་སོགས་མང་དུ་
བཏོན་པ་དང་།
སྐྱེ་བོ་དྲེགས་པ་ཅན་མང་པོ་དབང་དུ་སྡུད་པ་དང་མ་ཟད་སྡེ་དགེ་རྒྱལ་པོ་དང་ནང་ཆེན་རྒྱལ་པོའི་དབུ་བླར་ཕེབས་པ་སོགས་བསྟན་
འགྲོར་སྨན་པའི་བྱ་བ་རྒྱ་ཆེར་མཛད་དེ་ཞི་བར་གཤེགས།
རྗེ་འདི་ཉིད་ལ་སྲས་གསུམ་ཡོད། སྲས་ཆེ་བ་རིག་པའི་ཆོས་དབྱིངས་རྡོ་རྗེ།
འབྲིང་བ་འབྲི་ཐང་
ཟླ་ཤར་གྲགས་པ། ཆུང་བ་དཀོན་མཆོག་བསྟན་པའི་སྙིང་པོའོ། །
ད་ལྟའི་བསྟན་བདག་རིག་པའི་ཆོས་དབྱིངས་རྡོ་རྗེ་ནི།
འདན་སྟོད་སྐྱུ་རའི་བྲག་ཏུ་རབ་རྒྱལ་མེ་ཁྱི་ཕྱི་ལོ་༡༩༤༦ལོའི་ས་ག་ཟླ་བའི་ཚེས་བཅུ་ལ་ནམ་
མཁའ་འཇའ་གུར་ཕུབ་པ་དང་ཁུ་བྱུག་གསུང་སྙན་སྒྲོག་པ་སོགས་ངོ་མཚར་བའི་ལྟས་དུ་མས་སྐུ་བལྟམས།
དགུང་གྲངས་ཆེར་སོན་སྐབས་རིག་གནས་
གསར་བརྗེ་བྱས་ཏེ་དེའི་སྐབས་གུ་རུ་གྲོང་དུ་སྡོད་བཅུག་པས་འཚོ་བར་དཀའ་ངལ་ཆེན་པོ་བྱུང་བ་ལ་ཉིན་ཞིག་ཀུན་དགའ་ཚེ་རིང་དང་བསོད་ནམས་
ཚེ་རིང་སོགས་ལྷན་དུ་རི་དྭགས་རྔོན་དུ་སོང་བར་ཁོང་རྣམས་ཀྱིས་གནའ་བ་ཞིག་བསད་དེ་ངལ་གསོ་ཅུང་ཙམ་བྱས་སྐབས་རྗེ་ཉིད་ཀྱིས་གནའ་བ་འདི་
ངོ་མཚར་ཆེན་པོ་རེད།
སླར་སོས་ནས་རིར་རྩྭ་ཟ་རུ་འགྲོ་བར་འདུག་ཅེས་ཡང་ཡང་གསུངས་ཏེ་གནའ་བ་དེའི་དཔྱི་རུས་སྟེང་དུ་ཐལ་ལྕག་ཅིག་བསྣུན་
མ་ཐག་དེ་ཡར་ལངས་ཏེ་རི་ལ་བྲོས།
སྐབས་དེར་ཡོད་པའི་རྔོན་པ་རྣམས་ཀྱིས་མི་ཕྱེད་པའི་དད་པ་ཆེན་པོ་སྐྱེས་ཏེ་ང་རང་ཚོས་རི་དྭགས་བསད་མ་ཐུབ་
ཀྱང་བླ་མ་རྫུ་འཕྲུལ་ཅན་དང་འཕྲད་པ་བསོད་ཅན་རེད་ཟེར།
རྫུ་འཕྲུལ་ལ་མངའ་བརྙེས་ཤིང་ཕྱིའི་ཀུན་སྤྱོད་ནི་སོ་སྐྱེ་ཕལ་པ་དང་ཁྱད་མེད་མཛད་
ཀྱང་ནང་གི་མངོན་རྟོགས་ལ་དཔགས་ན་སྦས་པའི་བརྟུལ་ཞུགས་འཛིན་པའི་རྣལ་འབྱོར་པ་ཁོ་ནའོ།
།ཕྱི་ལོ་༡༩༨༠ལོར་འབྲི་གུང་སྐྱབས་མགོན་རིན་པོ་
ཆེས་ཐུབ་པའི་སྣང་བརྙན། རྡོར་དྲིལ། ཆོས་གོས།
འབྲི་གུང་པའི་འདོན་ཆོག་ཆ་ཚང་རྗེ་འདི་པ་ལ་བསྐུར་ཏེ་སྐྱུ་རའི་གདན་ས་འཛིན་དགོས་པའི་བཀའ་
བྱུང་བ་ནས་བཟུང་ཉམས་པ་སོར་ཆུད་བགྱིས་ཤིང་ད་ལྟ་འཚོ་ཞིང་བཞེས་པ་འདིའོ། །
གོང་ནས་སྨོས་པའི་བླ་ཕྲེང་རྣམས་ཕལ་ཆེར་སྐྱུ་རའི་གདུང་བརྒྱུད་ཡིན་ཞིང་འགའ་རེ་ནི་ཆོས་ཀྱི་བརྒྱུད་པའམ་སྤྲུལ་སྐུར་གྲགས་པས་གང་ཡིན་ལོ་
རྒྱུས་ཡིག་ཆ་མ་རྙེད་པས་ཞིབ་ཆ་མ་འཚལ།
རིག་འཛིན་འོད་གསལ་རྡོ་རྗེའི་སྐབས་སུ་སྐུ་གསུང་ཐུགས་རྟེན་དང་གཞན་མཆོད་ཆའི་རིགས་དང་འདུ་
ཁང་སོགས་ཀྱི་སྐོར་ལ།
ཨོ་རྒྱན་ཞལ་གྲགས་མ་ཞེས་པ་ལི་མ་ལས་གྲུབ་པའི་སྐུ་ཁྲུ་གང་ཅན་གཅིག་དང་།
སྟོན་པ་མེ་རྡུགས་མ་ཞེས་ལི་ལས་གྲུབ་པའི་སྐུ་
བྱིས་པ་ལོ་བཅུ་གཉིས་ཀྱི་ཚད་ཅན།
སྒྲོལ་མའི་གསེར་སྐུ་ལི་མ་ཚུན་ལྔ་ལྷག་ཅན་༢༥
གཞན་ཡང་བཀའ་གདམས་མཆོད་རྟེན་ལི་མ་༢༣ སྟོན་པའི་སྐུ་ལི་
མ་ལས་གྲུབ་པ་ཚུན་ལྔ་ཅན་༡༠༨གཙོས་སྐུ་རྟེན་དང་ཐུགས་རྟེན་༣༡༠ལྷག་ཙམ་དང་།
འབུམ་རྒྱས་འབྲིང་བསྡུས་གསུམ་གསེར་བྲིས་ཅན་དང་། རིན་
ཆེན་གཏེར་མཛོད་དང་བཀའ་བརྒྱུད་སྔགས་མཛོད་གཙོས་གསུང་པོད་༥༨༠ལྷག
ཐུབ་པའི་མཛད་རྣམ་བཅུ་གཉིས་གསེར་གྱིས་བྲིས་པའི་ཞལ་ཐང་
༡༢གཙོས་ཞལ་ཐང་༢༠༠
རྒྱལ་དབང་རིག་འཛིན་ཆོས་གྲགས་ཀྱི་གཏེར་མ་སིལ་སྙན་ཉི་མ་འབྲུག་གྲགས་ཞེས་པ་ཆ་༡
གསེར་དངུལ་བཀྲ་མའི་རྒྱ་གླིང་
ཆ་༢
གསེར་དངུལ་བཀྲ་མའི་ཀོང་བུ་དང་ཏིང་བདུན་ཆ་གཉིས་གཙོས་མཆོད་ཆའི་རིགས་ཉེར་མཁོ་༡༤༠ལྷག་དང་གཞན་ཡང་རྒྱ་བཟའ་ཀོང་ཇོས་
གནང་བའི་དར་ནག་ལ་གསེར་གྱིས་རྒྱ་ཡིག་བྲིས་པའི་ཕྱག་ཐམ་རྒྱབ་པ་ཞིག་དང་།
རྗེ་མི་ལ་རས་པའི་སྒོམ་ཐག་དངོས་དང་། ཆོས་རྒྱལ་འཕགས་པའི་
དབུ་ཐོད། གླིང་གི་རྒྱ་ཚའི་རྨོག་སོགས་བདོག་པའི་ཁྱད་འཕགས་དུ་མ་ཞིག་བཞུགས།
འདུ་ཁང་ལ་ཀ་བ་༣༢
ཆོས་དྲུག་སྒྲུབ་ཁང་གཅིག་ལ་ཀ་གྲངས་༢ གཤིན་རྗེའི་སྒྲུབ་ཁང་ལ་ཀ་བ་༤
སྒྲོལ་མའི་ལྷ་ཁང་གཅིག་ལ་ཀ་བ་༤ མཛོད་ཁང་
དང་ཇ་ཁང་གཉིས་ལ་ཀ་བ་༤ གདུང་འབུམ་འཇོག་ཁང་ལ་ཀ་བ་༣ མགོན་ཁང་ཀ་བ་༤
དེའི་སྟེང་དུ་ཐོག་ཁང་ཀ་བ་༤ཅན། ཇ་ཁང་ཀ་བ་༦ དེའི་
སྟེང་དུ་བཤད་གྲྭའི་ལྷ་ཁང་ཀ་བ་༤
གཏེར་སྟོན་བླ་བྲང་ལ་འདུ་ཁང་ཀ་བ་༤ཅན་བར་ཁང་བཅས་ཡོད། པར་ཁང་གཅིག་ཀ་བ་༣
དཔེ་མཛོད་ཁང་༡
དགོན་གཞུང་ཁང་པ་ཀ་བ་༡༦
གཞན་ཡང་རྩེ་རེ་བླ་བྲང་དང་དུར་ཁྲོད་ལྷ་ཁང་སོགས་ཡོད།
དགོན་འདི་ལས་གྱེས་པའི་འབྲི་གུང་དགོན་ཁག་མང་དུ་
མཆེད་མོད་འོན་ཀྱང་འགའ་རེ་ནི་ས་ཐག་རིང་བའི་རྐྱེན་གྱིས་འདིར་སླེབས་མི་ཐུབ།
རྩེ་རེ་དགོན། མི་གཡེལ་དགོན། སྒྲུབ་བརྒྱུད་དགོན། ལུང་མཁར་
དགོན། འབའ་དགོན། མགར་ར་དགོན། ཁམས་མགྱོགས་དགོན། ཚེ་རམས་དགོན།
ཀླད་དཀྱིལ་དགོན། ཨ་གྲགས་དགོན། ཐང་མཁར་དགོན། ཆོས་མཛོད་
དགོན། མགེའུ་དགོན། ཉིན་རྫོང་དགོན།
བཀྲ་ཤིས་མགོན་སོགས་ནས་ཕེབས་པའི་གྲྭ་བརྒྱ་དང་བརྒྱད་ལ་གྲྭ་ཁང་བརྒྱ་དང་བརྒྱད་ཡོད་དོ།
།ནོར་
༡༠༠༠ལྷག རྟ་དྲེལ་༢༠ལྷག ར་ལུག་༡༠༠ལྷག་ཙམ། ཞིང་ཁལ་༡༢༨༠ལྷག་ཙམ་ཡོད།
དེ་ལྟའི་འབྲི་གུང་གི་གདན་ས་ཆེན་མོ་འདི་ཉིད་ཕངས་པ་ཞིག་ལ་
ས་ཁྱི་ལོའི་ཟིང་འཁྲུག་སྐབས་དང་ཕྱིས་རིག་གནས་གསར་བརྗེའི་སྐབས་ཐོར་བརླགས་སུ་གྱུར།
འོན་ཏེ་གོང་རིམ་གྱི་སྲིད་ཇུས་ཡང་དག་ཕྱག་བཞེས་
བསྟར་བར་བརྟེན་ནས་རབ་བྱུང་བཅུ་བདུན་པའི་ས་འབྲུག་ཕྱི་ལོ་༡༩༨༨ལོའི་ཁྲུམས་སྟོད་ཟླའི་དཀར་ཕྱོགས་རྒྱལ་བ་གཉིས་པའི་ཉིན་གོང་ནས་ཆོག་
མཆན་བསྩལ་སྐབས་དད་ལྡན་མང་ཚོགས་སྤྱི་དང་ཁྱད་པར་དུ་རིག་པའི་ཆོས་དབྱིངས་རྡོ་རྗེ་ཁོང་གིས་གཙོར་འགན་བཞེས་ཏེ་ལོ་དེའི་མཇུག་ནས་དབུ་
བཙུགས་ཏེ་གསར་བཞེངས་ཀྱི་སྐོར་ལ། འདུ་ཁང་གཅིག་ལ་ཀ་བ་༨
ལྷ་ཁང་ཆེ་ཆུང་གཉིས་བསྡོམས་པས་ཀ་བ་༡༤ ཇ་ཁང་གཉིས་བསྡོམས་པས་ཀ་བ་༣
གྲྭ་ཁང་༡༨ གཞན་ཡང་རྟེན་གསུམ་མཆོད་ཆའི་རིགས་ལ།
སྤྱན་རས་གཟིགས་ཀྱི་འདྲ་སྐུ་གཙོས་འདྲ་སྐུའི་རིགས་ཉེར་བཞི། ཆོས་པོད་༡༦༧
མཆོད་རྫས་
ཀྱི་རིགས་ཉེར་མཁོའི་གྲངས་༡༢༥བཅས་བཞུགས་པ་ལགས་སོ། །