กก

༄༅། །གནས་བཟང་དགོན།

༄༅། །གནས་བཟང་དགོན།
དགོན་སྡེ་འདི་ནི་འབྲི་ཟླ་ཟལ་མོ་སྒང་གི་ཆར་གཏོགས་སྒ་སྟོད་འབྲི་ཆུའི་གཡས་ཕྱོགས་གནས་བཟང་དུ་བཞུགས།
ཕྱག་འདེབས་པ་པོ་སྒ་ཨ་ཁྲོའི་བླ་མ་དམ་ཚིག་ནི་སྐུ་ཕྲེང་བཅོ་ལྔ་ཙམ་བྱོན་པར་གྲགས་ལ། དེ་ཡང་ཐོག་མའི་བླ་མ་དམ་ཚིག་གམ་ལྡི་ཆུང་སངས་རྒྱས་
ནི། རབ་བྱུང་གཉིས་པའི་ས་ལུག་( ༡༡༣༩)ལོར་ཡབ་རྙིང་མའི་རིང་ལུགས་པ་མགོན་པོ་དང་ཡུམ་གཡང་འཛོམ་དཔལ་ཆེན་གྱི་སྲས་སུ་འཁྲུངས། ཁོང་ནི་
རྗེ་ཀརྨ་པ་དུས་གསུམ་མཁྱེན་པ་གཙོས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་དུ་མའི་ཞབས་པད་མཉེས་པ་གསུམ་གྱིས་ལེགས་པར་བསྟེན་ནས་དབུ་རྫོགས་
ཕྱག་གསུམ་དང་། རྒྱུད་སྡེ་སྤྱི་དང་བྱེ་བྲག ཟབ་ལམ་ནཱ་རོ་ཆོས་དྲུག་སོགས་དམ་ཆོས་བདུད་རྩིའི་བགོ་སྐལ་མཐའ་དག་བུམ་པ་གང་བྱོའི་རྣམ་པས་ལྷག་
མེད་དུ་གསན། སྒྲུབ་པ་བསམ་གཏན་གྱི་འཁོར་ལོ་བླ་ན་མེད་པ་བསྐོར་ནས་མི་ལོ་བཅུ་ཕྲག་དུ་མའི་རིང་དུ་སྒྲུབ་པ་ཁོ་ནར་བརྩོན་ཅིང་གྲུབ་པར་མངའ་
བརྙེས། སྐུ་ཚེའི་སྨད་དུ་དགོན་སྡེ་འདི་ཕྱག་བཏབ་པ་དང་སློབ་མ་སྐྱོང་བ་སོགས་གདུལ་བྱ་རྣམས་སྨིན་གྲོལ་དུ་བཀོད་མཐར་འཇའ་འོད་ཀྱི་ལྟས་ཁྱད་
མཚར་དང་བཅས་ཞིང་གཞན་དུ་རེ་ཞིག་གཤེགས།
དེ་རྗེས་སྐུ་ཡི་ཕྲེང་བ་རིམ་པར་བརྒྱུད་པ་ལས། བརྒྱད་པའི་ཡན་གྱི་རྣམ་ཐར་མི་གསལ།
སྐུ་ཕྲེང་བརྒྱད་པ་ནི། ཡོངས་གྲགས་བསྟན་འཛིན་རིན་པོ་ཆེས་མཛད་པའི་རྣམ་ཐར་དུ། རྗེ་ཀརྨ་པ་དེ་བཞིན་གཤེགས་པའི་སློབ་མ་སྙན་བརྒྱུད་ཀྱི་
གདམས་པ་མཐའ་དག་ལྷག་མེད་བཞེས་པའི་དྲུང་རྨ་སེ་བློ་གྲོས་རིན་ཆེན་གྱི་སློབ་མ་རྟོགས་ལྡན་ཡ་བརྒྱད་དུ་གྲགས་པའི་ཡ་གྱལ། རྩྭ་སྤྱིལ་བསོད་ནམས་
དཔལ་གྲུབ་ཡིན་ལ། དེ་ཡང་སྒ་པ་ནོར་འཛིན་གྱི་ནང་ཚན་ཇ་གྲོང་ལྷ་ཡི་དཀྱིལ་འཁོར་དུ། ཡབ་བསོད་གྲགས་དང་ཡུམ་ལྷ་སྒྲོན་གྱི་སྲས་སུ་རབ་བྱུང་
བདུན་པའི་ཤིང་བྱ་( ༡༤༠༥)ལོར་སྐུ་བལྟམས། ཀརྨ་པ་མཐོང་བ་དོན་ལྡན་གྱིས་ངོས་འཛིན་གནང་སྟེ་གསེར་ཁྲི་ལ་མངའ་གསོལ། དགུང་ལོ་བརྒྱད་སྟེང་
ཀློག་སོགས་བསླབས། བཅུ་བཞི་ཐོག་དྲུང་རྨ་སེ་རིན་པོ་ཆེ་དང་མཇལ་ནས་གདམས་ངག་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་བཞེས། དེ་རྗེས་ཐོས་དོན་
ལ་སྒྲུབ་པ་སྙིང་པོ་བྱས་པས་གྲུབ་པའི་རྒྱལ་ས་མཐོར་པོར་གཤེགས། རྡོ་ལ་ཞབས་རྗེས་བཞག་པ་ཡང་ད་ལྟ་དངོས་སུ་མཇལ་དུ་ཡོད། གསུང་ལས་སྐྱེས་
པའི་སློབ་ཚོགས་མང་དུ་བྱུང་ཞིང་མཐར་དགུང་གྲངས་བདུན་ཅུ་ཐོག་དགོངས་པ་ཆོས་དབྱིངས་སུ་བསྡུས།
སྐུ་ཕྲེང་དགུ་པ་རས་ཆུང་ཀརྨ་དཔལ་གྲུབ་ནི། རབ་བྱུང་བརྒྱད་པའི་མེ་རྟ་( ༡༤༨༦)ལོའི་ཟླ་བརྒྱད་པའི་ཚེས་ལྔ་ཉིན་སྡེ་དགེ་དཀར་མཛེས་སུ་ཡབ་ཁྲོ་
རྒྱལ་དང་ཡུམ་དཔའ་མཚོའི་སྲས་སུ་འཁྲུངས། དགུང་ལོ་ལྔ་ཡི་དུས་ཀརྨ་པ་ཆོས་གྲགས་རྒྱ་མཚོས་ཡང་སྲིད་དུ་ཐུགས་ཐག་བཅད་དེ། དགུང་ལོ་བརྒྱད་
ཀྱི་དུས་སུ་གསེར་ཁྲི་ལ་མངའ་གསོལ། རྗེ་ཆོས་གྲགས་རྒྱ་མཚོ་སོགས་སྐྱེས་ཆེན་དུ་མ་ཡོངས་འཛིན་དུ་བསྟེན། ལྷག་པར་རྗེ་བཙུན་ལེགས་བཤད་སྒྲ་
དབྱངས་ཀྱི་ཐུགས་སྲས་གཅིག་པུར་གྱུར་ཅིང་། མདོ་སྔགས་སོགས་གཞུང་ལུགས་མང་པོ་དཔྱིས་ཕྱིན་པར་སྦྱངས། སློབ་མའི་གཙོ་བོ་ཡང་ཀརྨ་འཇམ་
དབྱངས་དང་འཇིགས་མེད་སྤྲུལ་སྐུ་སོགས་བཞུགས། དགུང་ལོ་བཅུ་དྲུག་ཐོག་གོང་མའི་སྒྲུབ་གནས་ཁྱད་འཕགས་ཁུ་སྐྱོང་རི་ལ་སྒྲུབ་པ་ཁོ་ན་མཛད་
མཐར་དགུང་ལོ་གྱ་གསུམ་པ་ས་འབྲུག་( ༡༥༦༨)ལོར་གཤེགས།
སྐུ་ཕྲེང་བཅུ་པ་རྗེ་དམ་ཚིག་ས་མ་ཡ་ནི། རབ་བྱུང་བཅུ་པའི་ཤིང་ཁྱི་( ༡༥༧༤)ལོའི་ཟླ་ལྔ་པའི་ཚེས་གཅིག་ཉིན། ཡབ་བཀྲ་ཤིས་དཔལ་བ་དང་ཡུམ་
ལྷ་མཚོའི་སྲས་སུ་མདོ་སྟོད་སྐྱེ་རྒུ་རུ་འཁྲུངས། ཆུང་དུས་ནས་བྱམས་དང་སྙིང་རྗེ་རང་ཆས་སུ་མངའ་ལ། དགུང་ལོ་ལྔ་ཡི་སྟེང་ཀློག་སོགས་བསླབས་པས་
ཚེགས་མེད་དུ་མཁྱེན། ཆུ་ལུག་ལོར་ཀརྨ་པ་སྐུ་ཕྲེང་དགུ་པ་དབང་ཕྱུག་རྡོ་རྗེས་དམ་ཚིག་གི་ཡང་སྲིད་དུ་ཐུགས་ཐག་བཅད། དེའི་ཕྱི་ལོ་འགྲོ་མགོན་རིམ་
བྱུང་གི་གསེར་ཁྲི་ལ་མངའ་གསོལ། དགུང་ལོ་བཅུ་བཞི་ཐོག་རྒྱལ་དབང་ཀརྨ་པ་དབང་ཕྱུག་རྡོ་རྗེ་སོགས་རིགས་ཀྱི་བདག་པོ་རུ་བསྟེན་ནས་སྡོམ་གསུམ་
དང་མན་ངག་བཅས་བསྩལ་བས་ཐོས་པའི་ཕ་མཐར་ཕྱིན། ཕྱིས་སྒྲུབ་པ་སྙིང་པོ་མཛད་མཐར་མཚན་བཟང་གི་ལྟས་དང་བཅས་རབ་བྱུང་བཅུ་གཅིག་
པའི་ས་ཡོས་( ༡༦༣༩)ལོར་སྐུ་ཡི་བཀོད་པ་བསྡུས་སོ། །
སྐུ་ཕྲེང་བཅུ་གཅིག་པ་ཀརྨ་བསྟན་འཛིན་མཆོག་གྲུབ་ནི་རབ་བྱུང་བཅུ་གཉིས་པ་ལྕགས་བྱི་ལོའི་( ༡༧༢༠)ཟླ་གཉིས་པའི་ནང་། ཡབ་བསོད་ནམས་
དཔལ་དང་ཡུམ་ལྷ་སྒྲོན་གྱི་སྲས་སུ་སྒ་ཁྲི་འདུ་རུ་འཁྲུངས། དགུང་ལོ་ལྔ་ཡི་སྟེང་རྗེ་བྱང་ཆུབ་རྡོ་རྗེས་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། ས་བྱའི་
ལོར་གསེར་ཁྲི་ལ་མངའ་གསོལ། སྐུ་ན་ཆུང་དུས་ནས་ཡི་གེ་འབྲི་ཀློག་དང་དབྱངས་རོལ་མོ། ཐིག་རྡུལ་ཚོན་སོགས་ཚེགས་མེད་དུ་མཁྱེན། རྒྱལ་དབང་
བྱང་ཆུབ་རྡོ་རྗེ་དང་། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་སོགས་བསྟེན་ཅིང་དབང་དང་རྗེས་གནང་བཅས་ལྷག་མེད་དུ་བཞེས་ཏེ་སེམས་ཅན་སྨིན་གྲོལ་
ལ་བཀོད། ཕྱིས་དཀའ་ཚེགས་ཀྱིས་གནས་རི་བསྐོར་བ་སོགས་བྱ་བ་ལས་ཀྱི་འཁོར་ལོས་དུས་འདའ་བར་མཛད། མཐར་དགུང་ལོ་ཞེ་གཅིག་དུས་ཞི་བར་
གཤེགས།
སྐུ་ཕྲེང་བཅུ་གཉིས་པ་ཀརྨ་བསྟན་འཛིན་རྣམ་དག་དཔལ་བཟང་ནི། རབ་བྱུང་བཅུ་གསུམ་པའི་ཆུ་རྟ་ལོའི་( ༡༧༦༢)ཟླ་བདུན་པའི་ནང་། ཡབ་
མགོན་པོ་ཚེ་དབང་དང་ཡུམ་བཀྲ་ཤིས་མཚོ་མོའི་སྲས་སུ་སྐུ་འཁྲུངས། རྗེ་བདུད་འདུལ་རྡོ་རྗེས་དམ་ཚིག་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་།
དགུང་ལོ་བདུན་གྱི་ཐོག་གསེར་ཁྲིར་བཀོད། རྗེ་བདུད་འདུལ་རྡོ་རྗེ་སོགས་བསྟེན་ཏེ། ཕྱག་ཆེན་ནཱ་རོ་ཆོས་དྲུག་སོགས་ཀྱི་དབང་དང་གདམས་ངག་
གསན། དམ་པ་འདི་ཉིད་རྙེད་བཀུར་སོགས་ལ་ཞེན་པ་མེད་ཅིང་། སྔོན་གནས་རྗེས་དྲན་གྱི་གསུང་འབྱོན་སོགས་ངོ་མཚར་བའི་རྣམ་ཐར་མང་དུ་མཆིས།
ཕྱིས་དགུང་ལོ་ཞེ་བདུན་སྟེང་དགོངས་པ་རྫོགས། དམ་པ་འདི་ཉིད་ལ་གསུང་ལས་སྐྱེས་པའི་སློབ་མ་རྗེ་དབོན་རྒན་ཡང་སྲིད་ཀརྨ་ངེས་དོན་མཆོག་གྲུབ་
གཙོས་མང་དུ་བྱོན།
སྐུ་ཕྲེང་བཅུ་གསུམ་པ་ཀརྨ་ངེས་དོན་བསྟན་འཛིན་ནི། རབ་བྱུང་བཅུ་བཞི་པ་ལྕགས་རྟ་( ༡༨༡༠)ལོར་སྒ་སྟོད་ཨ་ཁྲོ་ལྷ་རྩེ་གྲོང་དུ་ལྷ་རྩེ་བེ་ཅང་གི་
ཁྱིམ་དུ། ཡབ་བསོད་ནམས་ལྷ་དཔལ་དང་ཡུམ་བཀྲ་ཤིས་དཔལ་སྐྱིད་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་གཉིས་ཐོག་རྒྱལ་དབང་ཐེག་མཆོག་རྡོ་རྗེས་
འགྲོ་མགོན་གོང་མའི་ཡང་སྲིད་དུ་ཐུགས་ཐག་བཅད་དེ་གསེར་ཁྲི་ལ་མངའ་གསོལ། རིམ་བཞིན་རྒྱལ་དབང་ཐེག་མཆོག་རྡོ་རྗེ་དང་སི་ཏུ་པདྨ་ཉིན་བྱེད་
སོགས་སྐྱེས་ཆེན་དུ་མའི་ཞབས་རྡུལ་གཏུགས་ནས་དབང་ལུང་མན་ངག་སོགས་གསན། དགུང་ལོ་བཅོ་བརྒྱད་སྟེང་དཔལ་སྤུངས་བཤད་གྲྭར་ཕེབས་ཏེ་
ལོ་ལྔ་ཙམ་སློབ་གཉེར་ལ་བརྩོན། ཕྱིས་འདི་ཕྱོགས་སུ་ཕེབས་ནས་ཆོས་སྦྱིན་གྱིས་འགྲོ་དོན་དཔག་མེད་མཛད་དེ་དགུང་གྲངས་དོན་གསུམ་ཐོག་སྐུ་
གཤེགས།
སྐུ་ཕྲེང་བཅུ་བཞི་པ་ཀརྨ་ཆོས་རྒྱལ་བཤད་སྒྲུབ་ནི། རབ་བྱུང་བཅོ་ལྔ་པའི་ཤིང་བྱ་( ༡༨༨༥)ལོར་དཔའ་རོང་ཞེས་པའི་གྲོང་དུ། ཡབ་ཞིང་སྐྱོང་དང་
ཡུམ་དཔའ་སྐྱིད་ཀྱི་སྲས་སུ་འཇའ་འོད་ལྟས་དང་བཅས་སྐུ་འཁྲུངས། དགུང་ལོ་ལྔ་པའི་དུས་མཁའ་ཁྱབ་རྡོ་རྗེས་དམ་ཚིག་གོང་མའི་ཡང་སྲིད་དུ་ངོས་
འཛིན་མཛད། བདུན་གྱི་ཐོག་ཞབས་པད་གསེར་ཁྲི་ལ་བཀོད། རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་མདུན་ནས་སྡོམ་པ་གསུམ་གྱི་བཀའ་དྲིན་ནོད། འཇམ་
མགོན་ཀོང་སྤྲུལ་སོགས་དམ་པ་དུ་མའི་ཞབས་པད་བསྟེན་ཅིང་ཟབ་ལམ་ནཱ་རོ་ཆོས་དྲུག་དང་ཕྱག་ཆེན་གཏེར་མཛོད་སོགས་གསན། བསླབ་ཁྲིམས་
རྣམས་མིག་འབྲས་ལྟར་གཅེས་སྤྲས་སུ་མཛད། གདུལ་བྱ་རྣམས་ལ་ཡུན་རིང་དུ་ཆོས་ཀྱི་འཁོར་ལོ་ཟབ་རྒྱས་གང་ལ་གང་འཚམས་ཀྱིས་བསྐོར། བླ་མ་ཡི་
དམ་ཆོས་སྐྱོང་དུ་མས་ཞལ་མངོན་དུ་བསྟན། ཁྱད་པར་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་བར་གྲགས། དམ་པ་འདི་ཉིད་ལ་སློབ་མ་
མང་དུ་བྱུང་ལ། ལྷག་པར་སྒ་ཁྲ་འགུ་དགོན་དུ་གཏེར་མཛོད་དབང་ལུང་གནང་སྐབས་སེར་སྐྱ་སྟོང་ལས་བརྒལ་བ་ཡོད་སྐད་འདུག དེ་ལྟར་སློབ་ཚོགས་
གྲངས་མང་བསྐྱངས་མཐར་དགུང་གྲངས་དྲུག་ཅུ་ནང་དགོངས་པ་ཆོས་དབྱིངས་སུ་བསྡུས།
སྐུ་ཕྲེང་བཅོ་ལྔ་པ་རྗེ་ཀརྨ་ཚུལ་ཁྲིམས་ནི། རབ་བྱུང་བཅུ་དྲུག་པའི་ས་གླང་( ༡༩༤༩)ལོར་ཡབ་བཟོད་པ་མཐར་ཕྱིན་དང་ཡུམ་དཔལ་ཆེན་དབྱངས་
འཛོམ་གྱི་སྲས་སུ་ཇ་རོང་ལྷ་ཡུལ་དཀྱིལ་འཁོར་དུ་འཁྲུངས། ལྷུམས་སུ་ཞུགས་རྗེས་ཡུམ་ལ་སྔར་མེད་ཀྱི་བདེ་དགས་ཁྱབ་པ་དང་རྨི་ལམ་དུ་ཡང་སྤྱན་
རས་གཟིགས་ཀྱི་སྐུ་རྙེད་པ་སོགས་ལེགས་པའི་མཚན་མ་མང་དུ་བྱུང་ཞིང་། སྐུའི་མཚན་དཔེ་བཞད་མ་ཐག་དྲི་བཟང་པོས་ཁྱིམ་ཀུན་ཁྱབ་པ་སོགས་མི་
ཀུན་ཧ་ལས་པ་གྱུར། སི་ཏུ་རིན་པོ་ཆེས་གོང་མའི་སྐུ་སྐྱེ་ཡིན་ཞེས་བཀའ་ལུང་གནང་། དགུང་ལོ་བདུན་གྱི་དུས་སུ་གོང་མ་རིམ་བྱུང་གི་གསེར་ཁྲི་བྱིན་
རླབས་ཀྱི་ཨ་ག་རུའི་དྲི་བསུང་འཐུལ་བའི་ཚངས་དབང་གཙུག་གི་ཅོད་པན་དུ་ཞབས་ཟུང་བཀྲ་ཤིས་ཀྱི་རེ་ཁར་མཛེས་པར་བཀོད་དོ། །བསླབ་གསུམ་
ལུང་རྟོགས་ཀྱིས་ཕྱུག་པའི་ཡོངས་འཛིན་དགེ་བའི་བཤེས་གཉེན་དུ་མ་དང་། ཁྱད་པར་དུ་ཀརྨ་པ་རིག་པའི་རྡོ་རྗེ་དང་འཇམ་མགོན་ཀོང་སྤྲུལ། སི་ཏུ་
རིན་པོ་ཆེ་སོགས་བསྟེན་ཏེ་ལུང་རྟོགས་ཀྱི་བསྟན་པས་ཐུགས་རྒྱུད་ཡོངས་སུ་གཏམས་པར་གྱུར། དེ་ནས་རིམ་བཞིན་ཟིང་འཁྲུག་སོགས་ཡོལ་ཏེ་ཆོས་
ལུགས་སླར་གསོ་བྱུང་བའི་སྐབས་འདིར། དགོན་པའི་གཞི་གསར་སྐྲུན་སོགས་བྱ་བ་ལས་ཀྱི་འཁོར་ལོ་བླ་ལྷག་ཏུ་བསྐོར། ད་ལྟ་སྐུ་ཚེ་བརྟན་ཅིང་མཛད་
ཕྲིན་རྒྱས་བཞིན་པའོ། །
སྤྲུལ་སྐུ་བསྟན་འཛིན་ཞེས་པ་ནི། རྗེ་དམ་ཚིག་རིན་པོ་ཆེའི་དབོན་ཡིན་པས་ན་དབོན་རྒན་བསྟན་འཛིན་ཞེས་རླུང་ལྟར་གྲགས་ཤིང་། དེ་ཉིད་སྐུ་ཡི་
ཕྲེང་བ་མང་ཙམ་བརྒྱུད་པ་ལས་སྐུ་ཐོག་དང་པོ་དབོན་རྒན་བསྟན་འཛིན་ནི། སྒ་ཁྲི་འདུར་ཡབ་བསོད་ནམས་དང་ཡུམ་ལྷ་སྒྲོན་གྱི་སྲས་སུ། རབ་བྱུང་
བཅུ་གཉིས་པའི་ཤིང་འབྲུག་( ༡༧༢༤)ལོར་འཁྲུངས། རྗེ་དམ་ཚིག་རིན་པོ་ཆེའི་སྤུན་ཆུང་ཡིན་ལ། དགུང་ལོ་ཆེས་ཕྲ་སྐབས་ནས་ཡོན་ཏན་གྱི་ཕྱི་མོ་འབྲི་
ཀློག་སོགས་འབད་མེད་ངང་མཁྱེན། རྗེ་སི་ཏུ་ཆོས་ཀྱི་འབྱུང་གནས་སོགས་མཁས་གྲུབ་དུ་མའི་ཞབས་རྡུལ་བསྟེན་ཅིང་། ནག་རྒྱལ་འཕགས་གསུམ། བདེ་
གསང་སོགས་དང་ཁྱད་པར་ནཱ་རོ་ཆོས་དྲུག་དང་ཕྱག་ཆེན་སོགས་ཀྱི་དབང་ལུང་མན་ངག་ཆོ་ག་ཕྱག་ལེན་དབྱངས་རྔ་རོལ་མོ་གར་འཆམ་སོགས་རང་
ལུགས་ཀྱི་ཕྱག་ལེན་མ་ནོར་བར་བྱང་ཆུབ་པར་མཛད། ཕྱིས་སྒྲུབ་གནས་ཁྱད་འཕགས་དཔའ་བོ་མཁའ་འགྲོ་སྤྲིན་བཞིན་གཏིབས་པ་རྗེ་དམ་ཚིག་རིན་པོ་
ཆེ་དང་ཅོ་ཆུང་བསམ་གཏན་སོགས་ཏིང་འཛིན་ཡུན་རིང་སྐྱོང་བའི་གནས་མཆོག་དེར་བསམ་གཏན་གྱི་འཁོར་ལོ་བླ་ན་མེད་པ་བསྐོར་ཏེ་དུས་འདའ་
བར་མཛད། བླ་མ་ཡི་དམ་སོགས་ཀྱིས་ཞལ་མངོན་དུ་བསྟན་ཅིང་ཁྱད་པར་སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱིས་རྗེས་སུ་བཟུང་བར་གྲགས། དེ་
ལྟར་གྲུབ་པའི་གོ་འཕང་ལ་མངའ་བརྙེས། མཐིང་ནག་ཅོད་པན་འཆང་བ་རྗེ་བདུད་འདུལ་རྡོ་རྗེས་མ་འོངས་སྐུ་ཡི་ཕྲེང་བ་འདྲེན་པའི་བཀའ་ལུང་
གནང་བ་སོགས་བསྔགས་བརྗོད་ཀྱི་མེ་ཏོག་ཐོར། མཐར་དགུང་ལོ་དྲུག་ཅུ་པ་རབ་བྱུང་བཅུ་གསུམ་པའི་ཆུ་ཡོས་( ༡༧༨༣)ལོར་གཤེགས།
དེའི་ཡང་སྲིད་ཀརྨ་ངེས་དོན་མཆོག་གྲུབ་ནི། ཚྭ་ཐང་ཞེས་པའི་གྲོང་དུ། ཡབ་མགོན་པོ་བཀྲ་ཤིས་དང་ཡུམ་མཚོ་སྐྱིད་ལྷ་མོའི་སྲས་སུ་ངོ་མཚར་ལྟས་
དང་བཅས་རབ་བྱུང་བཅུ་གསུམ་པའི་ཤིང་སྦྲུལ་ཕྱི་ལོ་( ༡༧༨༥)ལོར་སྐུ་འཁྲུངས། དགུང་ལོ་ལྔ་ཡི་ཐོག་རྗེ་ཐེག་མཆོག་རྡོ་རྗེས་གོང་མའི་ཡང་སྲིད་ཡིན་
པའི་བཀའ་ཤོག་གནང་། ལྕགས་ཁྱི་ལོར་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ། རིམ་བཞིན་རྗེ་ཐེག་མཆོག་རྡོ་རྗེ་དང་། སི་ཏུ་པདྨ་ཉིན་བྱེད་
སོགས་རིགས་བདག་ཏུ་བསྟེན་ཏེ་དབང་དང་མན་ངག་སོགས་བུམ་པ་གང་བྱོའི་ཚུལ་དུ་ཞུས། སྐུ་གོང་མས་བསྟེན་ཅིང་སྒྲུབ་པའི་བླ་མ་ཡི་དམ་ཆོས་སྐྱོང་
སོགས་ཀྱི་ལྗགས་བསྙེན་གྲངས་མང་བསྐྱལ། མཐར་དགུང་གྲངས་ཞེ་བཞི་ཐོག་དགོངས་པ་ཞི་བའི་དབྱིངས་སུ་གཤེགས།
དེ་རྗེས་སྐུ་ཕྲེང་གསུམ་པ་ཀརྨ་སྒྲུབ་བརྒྱུད་བསྟན་འཕེལ་ནི། རབ་བྱུང་བཅུ་བཞི་པའི་ལྕགས་སྟག་( ༡༨༣༠)ལོར་ཇ་གྲོང་ལྷ་ཡི་དཀྱིལ་འཁོར་དུ། མ་
ཐུང་ཞེས་པའི་ཁྱིམ་དུ་ཡབ་ཚེ་དབང་ཀུན་དགའ་དང་ཡུམ་གསེར་མཚོའི་སྲས་སུ་འཁྲུངས། དགུང་ལོ་བཞི་ཡི་དུས་སུ་རྗེ་ཐེག་མཆོག་རྡོ་རྗེས་གོང་མའི་
ཡང་སྲིད་དུ་ངོས་འཛིན་གནང་སྟེ་ཁྲི་ལ་བཀོད། དེ་ནས་ཀློག་སོགས་ཐུན་མོང་གི་རིག་གནས་ཀུན་ལ་སྦྱངས་པ་མཛད། དགུང་ལོ་བཅུ་གཅིག་སྟེང་རྗེ་
མཐིང་དམར་ཅོད་པན་འཆང་བ་སོགས་སྐྱེས་ཆེན་དུ་མས་རྗེས་སུ་བཟུང་སྟེ་དབང་ཁྲིད་མན་ངག་བཅས་ལྷག་མེད་དུ་བསྩལ། དེ་རྗེས་ཐོས་དོན་ལ་སྒྲུབ་
པ་སྙིང་པོ་བྱས་ཏེ་གྲུབ་པའི་གོ་འཕང་ལ་མངའ་བརྙེས། བར་སྐབས་ཤིག་རྗེ་འདི་ཉིད་ཉག་རོང་དུ་གདུལ་བྱར་ཕེབས་སྐབས་གྲིབ་རྐྱེན་བྱས་ཏེ་སྤྱན་ཞར།
མཐར་དགུང་གྲངས་དོན་གཉིས་པ་རབ་བྱུང་བཅོ་ལྔ་པའི་ལྕགས་གླང་( ༡༩༠༡)ལོར་སྐུའི་བཀོད་པ་རེ་ཞིག་བསྡུས་སོ། །
སྐུ་ཕྲེང་བཞི་པ་ཀརྨ་ངེས་དོན་བསྟན་འཛིན་ཕྲིན་ལས་རབ་རྒྱས་ནི། སྒ་ཨ་ཁྲོ་དཔོན་ཚང་དུ། ཡབ་འཛམ་གླིང་དང་ཡུམ་ཆོས་དཔལ་གྱི་སྲས་སུ་རབ་
བྱུང་བཅོ་ལྔ་པའི་ཆུ་ཡོས་( ༡༩༠༣)ལོར་སྐུའི་མཚན་དཔེ་གསར་དུ་བཞད། དགུང་ལོ་བཞི་ཡི་དུས་ནས་ཀློག་སོགས་བསླབས་པས་ཚེགས་མེད་དུ་མཁྱེན།
ཆུ་ཡོས་ལོར་གོང་མ་འགྲོ་མགོན་རིན་པོ་ཆེའི་ཡང་སྲིད་དུ་རྗེ་སི་ཏུ་པདྨ་ཉིན་བྱེད་ཀྱིས་ངོས་འཛིན་གནང་སྟེ་གོང་མ་རིམ་བྱོན་གྱི་གསེར་ཁྲི་ལ་མངའ་
གསོལ། དེ་ནས་རིམ་བཞིན་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་མཁས་གྲུབ་དུ་མའི་ཞབས་པད་དྲི་མ་མེད་པའི་ཟེའུ་འབྲུ་ལ་སྤྱི་བོས་རེག་སྟེ།
དབང་དང་མན་ངག་སོགས་ཞུས་པས་ཐུགས་རྒྱུད་ཡོངས་སུ་ཕྱུག་པར་གྱུར། དགུང་ལོ་བཅུ་གསུམ་ནས་ཉེར་ལྔའི་བར་དཔལ་སྤུངས་བཤད་གྲྭ་རུ་གཞུང་
ལུགས་རབ་འབྱམས་ལ་ཐོས་པ་མཛད་པས་མཁས་པའི་རྒྱལ་ས་ཐོབ། ཉེར་དྲུག་ཐོག་རྗེ་དམ་ཚིག་རིན་པོ་ཆེ་དང་མཉམ་དུ་དབུས་གཙང་གི་གནས་ཆེན་
རྣམས་བསྐོར་བ་མཛད། མཐར་རབ་བྱུང་བཅུ་དྲུག་པའི་ལྕགས་རྟ་ལོར་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏོ། །
སྐུ་ཕྲེང་ལྔ་པ་རྗེ་ཀརྨ་བསྟན་འཛིན་ནི་སྒ་པ་རིན་ཆེན་ཚོ་དྲུག་གི་ནང་ཚན་ཨ་ཁྲོ་དཔོན་ཚང་དུ། ཡབ་དཀོན་མཆོག་ལྷག་བསམ་དང་ཡུམ་བཀྲ་ཤིས་
མཚོ་མོའི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་ལུག་( ༡༩༣༡)ལོར་འཇའ་ཤར་བ་སོགས་ངོ་མཚར་བའི་ལྟས་དང་བཅས་འཁྲུངས། ཆུང་དུས་ནས་འབྲི་
ཀློག་སོགས་ཐོགས་མེད་དུ་མཁྱེན། དགུང་ལོ་ལྔ་ཡི་དུས་སི་ཏུ་རིན་པོ་ཆེས་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་ན་ཡང་སྒྱོགས་དུང་ཁྲི་པ་ཡིན་ཟེར་
ནས་རྩོད་གཞི་ཆེར་བྱུང་བས་དེ་སྐབས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དགུ་པ་དེ་ཉིད་སྒ་སྟོད་སྐྱེ་རྒུ་མདོ་རུ་ཕེབས་པ་དང་བསྟུན། དམ་ཚིག་རིན་པོ་ཆེ་
ཞབས་པད་བསྙེན་ཏེ། དེ་དོན་རྣམས་ལེགས་པར་ཞུས་ཤིང་ཐུགས་ཐག་གཅོད་རོགས་ཀྱི་ནན་ཞུས་མཛད། ཕན་ཚུན་ལྷན་འཛོམས་ཀྱི་དབུས་སུ་འཁྲུལ་
མེད་ཡིན་ལུགས་ཀྱི་བཀའ་བྱུང་བས་སོམ་ཉི་དང་བྲལ་བར་བྱས། ས་སྟག་ལོར་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲི་ལ་མངའ་གསོལ། དགུང་
ལོ་བཅུ་པའི་དུས་ནས་རིམ་བཞིན་སི་ཏུ་པདྨ་དབང་མཆོག་དང་། རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེ། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ། དིལ་མགོ་
མཁྱེན་བརྩེ། སངས་རྒྱས་གཉན་པ་སོགས་སྐྱེས་ཆེན་དུ་མའི་ཞབས་རྡུལ་སྤྱི་བོས་བླངས་ཏེ་རྫོགས་རིམ་ཕྱག་རྒྱ་ཆེན་པོ་དང་ཟབ་ལམ་ནཱ་རོ་ཆོས་དྲུག་
གཙོས་བསྐྱེད་རྫོགས་ཀྱི་རིམ་པ་རྣམས་ལྷག་མེད་དུ་བཞེས། དེ་རྗེས་སྒྲུབ་པ་ཁོ་ནས་དུས་འདའ་བར་མཛད་ཅིང་ཤིན་ཏུ་ལྐོག་གྱུར་རྣམས་ཀྱང་གསུང་
མཛད་པ་སོགས་གསང་བའི་རྣམ་ཐར་མཐའ་ཡས། མེ་བྱ་( ༡༩༥༧)ལོར་ཉེན་གཡོལ་དུ་རྒྱ་གར་ལ་ཕེབས་ཏེ་འགྲོ་དོན་དཔག་མེད་མཛད་ཅིང་། ད་དུང་
དབྱིན་ཡུལ་སོགས་སུ་ཕེབས་ཤིང་། ཕྱིས་འདི་ཕྱོགས་སུ་ཐེངས་བཅུ་ཕྲག་ལ་ཉེ་བར་བྱོན་ཏེ་ཐེངས་རེ་ལ་གྲྭ་མང་དང་དགོན་པ་ལ་བདོག་པའི་གནང་
སྦྱིན་དཔག་མེད་མཛད། ཞིང་འབྲོག་གི་སྡེ་པ་སོ་སོའི་བུ་ཕྲུག་རྣམས་སློབ་གྲྭར་མངགས་དགོས་པའི་སྐུལ་བརྡ་དང་། རང་མི་རིགས་ཀྱི་སྐད་དང་རིག་
གནས་སོགས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གྱི་ཆེད་དུ་ཐུགས་ནུས་ཆེན་པོ་བཏོན། ལྷག་པར་རང་དགོན་གྱི་གྲྭ་ཁང་ཆེ་ཆུང་གི་འགྲོ་སྒོ་
སོགས་མཐུན་རྐྱེན་སྦྱར་བར་མ་ཟད། སྐུ་གསུང་ཐུགས་རྟེན་བཞེངས་པ་སོགས་ཆོས་དང་ཟང་ཟིང་གཉིས་ཀྱི་སྒོ་ནས་བཀའ་དྲིན་སྐྱོང་བར་མཛད་དོ། །
དེ་ལྟར་སྤྲུལ་སྐུ་རྣམ་གཉིས་ཀྱིས་བསྟན་དགོན་འདི་བསྐྱངས་པས་མཁས་དང་གྲུབ་པའི་སློབ་མ་ཡང་མང་པོ་བྱུང་། ཐུན་མོང་དང་ཐུན་མོང་མ་ཡིན་
པའི་རིག་གནས་སྤྱི་དང་། ཁྱད་པར་བཟོ་རིག་པའི་གནས་རྣམས་ཕུལ་དུ་ཕྱིན་པ་གནས་བཟང་དགེ་འདུན་( ཕྱི་ལོ་༡༨༣༠ནས་༡༩༠༠)ཞེས་བཟོ་རྒྱལ་བི་
ཤྭ་ཀརྨའི་སྤྲུལ་པར་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་སོགས་སྐྱེས་ཆེན་དུ་མས་བསྔགས་པའི་མེ་ཏོག་ཐོར། དངུལ་ཞོ་བདུན་( གསུམ་ཡང་ཟེར་)ཅན་གྱི་
ཊཾ་ཀའི་སྒོར་ཐིག་གི་ཁྱོན་ལ་གསང་འདུས་དང་རྒྱལ་བ་རྒྱ་མཚོ་སོགས་དཀྱིལ་འཁོར་ཆ་ཚང་ཞིང་ཤིན་ཏུ་བཀྲ་བའི་བརྐོས་དང་རི་མོ་བྱེད་ཐུབ། སློབ་མ་
ཡང་གནམ་མདའི་ཀར་འབྲུག་དང་བླ་མ་ལྷོ་དགའ་སོགས་ཁྱད་དུ་འཕགས་པ་མང་པོ་བྱུང་། གྲུབ་པའི་སྐྱེས་བུ་དམ་པ་བླ་རྒན་དཀར་བསོད་ཅེས་ཡི་
དམ་གྱི་ཞལ་གཟིགས་ཤིང་ལྷ་འདྲེ་བྲན་དུ་བཀོལ། དེ་རྗེས་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་གྲགས་པའི་སྐྱེས་བུ་དམ་པ་བློ་ལྡན་སོགས་
མཁས་དང་གྲུབ་པའི་སྐྱེས་ཆེན་དམ་པ་མང་དུ་བྱུང་བ་དང་དེའི་སྐབས་གྲྭ་པ་ཡང་མང་པོ་བཞུགས། ཕྱིས་སུ་འགྱུར་བ་སྣ་ཚོགས་བྱུང་བས་དར་རྒྱས་དེ་
ཙམ་ཆེན་པོ་ཞིག་ཀྱང་མ་བྱུང་།
དགོན་འདིར་རྒྱལ་དབང་ཀརྨ་པ་ཆོས་གྲགས་རྒྱ་མཚོའི་ཞབས་ཀྱིས་བཅགས་ཤིང་ཞྭ་དམར་ནག་གཉིས་དང་། ཡི་དམ་རྡོ་རྗེ་ཕག་མོ། མགོན་པོ་བེར་
ནག་ཅན་བཅས་གཅིག་ཏུ་འདུས་པའི་གོས་ཐང་ཕྱག་ཐམ་དུ་མ་ཡོད་པ་ཞིག་དང་། ཉིད་ཀྱི་ཕྱག་རྗེས་གསལ་བའི་དུང་དཀར་བཅས་གནང་། སི་ཏུ་རིན་
པོ་ཆེ་དང་འཇམ་མགོན་རྣམ་གཉིས་སོགས་དམ་པ་མང་པོས་ཞབས་ཀྱིས་བཅགས་ཤིང་བྱིན་རླབས་ཀྱི་མེ་ཏོག་ཐོར།
དེ་ལྟར་རབ་རྒྱལ་ས་ཁྱི་ལོའི་དུས་ངན་གྱིས་འཇིག་པའི་ཡར་སྔོན་དུ་དགོན་འདིར་སྤྲུལ་སྐུ་༢དང་གྲྭ་པ་༣༦( ཡིག་ཚགས་ལྟར་) ནཱ་རོ་པཎ་ཆེན་གྱི་
ཐུགས་དམ་རྟེན་ཛྷཻ་ཀྵིམ་ལས་གྲུབ་པའི་རྡོ་རྗེ་ཕག་མོ། ཨོ་རྒྱན་རིན་པོ་ཆེའི་སྐུ་ཚབ་ཉེར་ལྔ་ཞེས་གྲགས་པ་ལས་གཅིག གདུང་རྟེན་ལྕགས་རྩེ་ཅན་སོགས་
སྐུ་དང་ཐུགས་ཀྱི་རྟེན་༣༡༠ལྷག གསུང་རབ་པོད་༡༥༠༠ལྷག ཞལ་ཐང་༣༥༠ལྷག རོལ་སིལ་ཆ་༣༠དང་། གསེར་དངུལ་བཀྲ་མའི་རྒྱ་གླིང་ཆ་༥ རྐང་གླིང་
ཆ་༤ རག་དུང་ཆ་༢ ཏིང་བདུན་ཚར་ཆ་༧ བུམ་པ་ཆ་༥ མགྲོན་ཆས་ཆ་༣སོགས་མཆོད་ཆས་སྣ་གྲངས་༧༣༠ལྷག འདུ་ཁང་གསུམ་ལ་ཀ་བ་༥༤ ལྷ་
ཁང་ཀ་བ་༣༠ ཇ་ཁང་དང་མཛོད་ཁང་ཀ་བ་༢༠ གྲྭ་ཤག་༡༠བཅས་ལ་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༢༧༣༠ དགོན་པའི་སྤྱི་རྩ་ལ་ས་ཞིང་ཁལ་
༢༠༠ལྷག ནོར་༡༥༠ རྟ་དྲེལ་༢༠ ར་ལུག་༡༠༠ལྷག ཐབ་ཆས་ཆ་ཚང་། ཞི་ཁྲོ་སོགས་ལོ་རེར་རྒྱུན་ཚོགས་ཉིན་༨༣བཅས་ཡོད།
སྐབས་བཅུ་གཅིག་པ་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་ནས་མགོ་ཚུགས་ཏེ་མི་རིགས་ཆོས་ལུགས་དད་མོས་རང་དབང་གི་
སྲིད་ཇུས་སོགས་རིམ་བཞིན་དོན་འབབ་བྱུང་སྟེ། ༡༩༨༨ལོའི་ཟླ་༣ཚེས་༨ཉིན་ཆོས་སྒོ་འབྱེད་པའི་ཆོག་མཆན་ཐོབ་པ་ལ་གཏན་ཚད་བླ་གྲྭ་༢༠ཡིན། དམ་
ཚིག་སྤྲུལ་སྐུ་དང་དགེ་རྒན་ཆོས་བསམ་དབུར་བཞུགས་པའི་དད་ལྡན་སེར་སྐྱ་ཕོ་མོ་ཐུན་མོང་གིས་ཉམས་གསོ་ཞུས་པས་འདུ་ཁང་ཀ་བ་༡༦ ལྷ་ཁང་ཀ་
བ་༣༠ ཇ་ཁང་དང་མཛོད་ཁང་ཀ་བ་༢ གྲྭ་ཤག་༡༡བཅས་ལ་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༡༢༣༠ སྐུ་འདྲ་༩༠ ཞལ་ཐང་༧༥ གསུང་རབ་པོད་
༧༡༠ སིལ་རོལ་སོགས་མཆོད་ཆས་སྣ་གྲངས་༣༥༠ ཞི་ཁྲོ་སོགས་ལོ་རེར་རྒྱུན་ཚོགས་ཉིན་༢༠བཅས་ཡོད།