༄༅།
།གནས་མདོ་དགོན།
|
༄༅། །སྡམ་ཁའི་གནས་མདོ་དགོན།
མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་རྫོང་རབ་སྨད་སྡམ་ཁའི་གྲོང་ཚོའི་ཁོངས་གཏོགས་གནས་མདོ་དགོན་ནི།
ཡུལ་ཚོ་ནས་ལེ་དབར་སོ་ལྔ་ཙམ་བགྲོད་པའི་
སར་མཆིས།
ཐོག་མར་དགོན་འདི་ཕྱག་འདེབས་པ་པོ་ནི་རྗེ་བཙུན་ཀརྨ་ཆགས་མེད་ཀྱི་རྩ་བའི་བུ་ཆེན་བཞིར་གྲགས་པ་ལས་བླ་མ་རིག་འཛིན་རྒྱ་མཚོ་
ཞེས་རྗེ་ཉིད་དང་ལྷན་དུ་གནས་མཆོག་དཔལ་རི་རྩེར་བཞུགས་སྐབས་རྗེ་ཉིད་ཀྱིས་འདི་ནས་བྱང་གི་ཕྱོགས་སུ་རི་སེངྒེ་འདྲ་བའི་འགྱིང་ཞོལ་ལ་དགོན་
པ་ཕྱག་འདེབས་དགོས་ཞེས་ལུང་བསྟན་པར།
དེ་ནས་མི་རིང་བར་བྱང་ཕྱོགས་སུ་ཕེབས་ནས་སྡམ་ཁའི་ཁྲ་འོད་ཀྱི་ས་ཆར་དཔྱད་ལེགས་པར་དགོངས་
ཏེ་ཕྱག་བཏབ་པར་གྲགས།
དུས་ནམ་བཏབ་པ་ཡིད་རྟོན་འཆའ་རུང་བའི་ལོ་རྒྱུས་ཡིག་ཆ་དང་གནའ་རྒྱུན་གང་ཡང་མེད་ཀྱང་།
རགས་རིམ་ཙམ་རྩིས་
ན་ད་སྔོན་བླ་རབས་བརྒྱད་དགུ་ཡིན་པས་ཕྱི་ལོའི་དུས་རབས་བཅུ་དྲུག་ཡས་མས་སུ་བཏབ་པ་ཡིན་ནམ་སྙམ།
སྐབས་དེར་བཞེངས་པའི་ལྷ་ཁང་ཀ་བ་
བརྒྱད་ཅན་གཅིག
དེའི་ནང་རྟེན་དུ་རྒྱ་གར་ཤར་ལི་ཞེས་གྲགས་པའི་རིན་ཐང་བརྗོད་མི་ཤེས་པར་ཁྲུ་གང་ཙམ་གཅིག
ཐུགས་རྗེ་ཆེན་པོ་གསང་བ་
འདུས་པའི་སྐུ། པད་འབྱུང་གི་སྐུ་གསེར་ལས་བསྐྲུན་པ་མདའ་ཚད་ཙམ་དང་།
རྡོ་ནག་ལས་བཟོས་པའི་མགོན་པོ་ཕྱག་བཞི་པ་ཁྲུ་གང་ཙམ། ཡང་རྡོ་ནག་
ལས་བཟོས་པའི་དུད་སོལ་མའི་སྐུ་ཁྲུ་གང་ཙམ་དང་། གཞན་ཡང་སྨན་བླ་མཆེད་བརྒྱད་དང་།
མར་མི་དྭགས་གསུམ། གྲུབ་བརྙེས་ཀརྨ་ཆགས་མེད་ཀྱི་སྐུ་
ང་འདྲ་མ་སོགས་ནི་སྨན་འདག་ལས་གྲུབ་པ་དང་།
གཞན་ཟངས་རག་ལས་གྲུབ་པའི་སྐུ་རྟེན་ཆེ་ཆུང་དང་མཆོད་རྫས་སོགས་མང་དུ་བཞུགས།
གསུང་
རྟེན་ལ་ཤོག་ནག་ལ་གསེར་དངུལ་གྱིས་བྲིས་པའི་འབུམ་ཆ་གཅིག
མཚལ་ཁོ་ནས་བྲིས་པའི་རཏྣ་གླིང་པའི་ཆོས་སྐོར་པོད་བཞི་དང་ཆགས་མེད་ཆོས་
སྐོར་སོགས་གསུང་པོད་མང་དུ་བཞུགས། དེའི་ལྷ་ཁང་ལ་གསང་འདུས་ལྷ་ཁང་གྲགས།
ཡང་བླ་མ་རིག་འཛིན་རྒྱ་མཚོའི་སྐུ་ཚེ་སྨད་དུ་ལྷ་ཁང་ཀ་བ་ཉེར་
ལྔ་ཅན་ཞིག་བཞེངས། དེའི་ནང་གི་རྟེན་གསུམ་སྐོར་ལ།
འཇམ་དབྱངས་ཀྱི་སྐུ་གསེར་ལས་བསྐྲུན་པ་རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་དང་།
སྟོན་
པ་ཤཱཀྱ་ཐུབ་པ་དང་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐུ་བརྙན་སྨན་འདག་ལས་བཟོས་པ།
གཞན་ཡང་རིན་འཛིན་རྒྱ་མཚོ་སྐུ་ཕྲེང་དང་པོའི་སྐུ་དམར་
གདུང་དང་དེ་རྗེས་སྐུ་ཕྲེང་གསུམ་གྱི་གདུང་འབུམ་འཇོག་ས་སྨན་འདག་ལས་བཟོས་ནས་ཚོན་དང་གསེར་བྱུག་པ་རེ་རེ་ལ་མི་ཚད་ཙམ་བཞུགས།
བཀའ་འགྱུར་ཚར་གཅིག བསྟན་འགྱུར་ཚར་གཅིག
མཚལ་གྱིས་བྲིས་པའི་འབུམ་ཚར་གཅིག་བཅས་དང་སྐབས་དེར་གྲྭ་པའི་ཞལ་གྲངས་༨༠ལྷག་
བཞུགས།
སྐུ་ཕྲེང་གཉིས་པའི་མཚན་དང་མཛད་ཕྲིན་མི་གསལ།
སྐུ་ཕྲེང་གསུམ་པ་ཚྭ་སྤྲུལ་ལེགས་བཤད་ཆོས་ཀྱི་ཉི་མ་མཆོག་ནི།
ནང་ཆེན་སྤྲེལ་ཚྭ་རྒྱུད་དུ་ཡབ་པད་རྣམ་དང་ཡུམ་དྲི་མེད་མཚོའི་སྲས་སུ་འཁྲུངས་
ཤིང་ཕྱིས་ཚྭ་སྤྲུལ་ཞེས་པའི་མཚན་ཐོགས་པར་མངོན།
གནས་ནང་དཔའ་བོ་རིན་པོ་ཆེ་ཡང་འདི་ཚང་ལ་འཁྲུངས།
ཚྭ་སྤྲུལ་སྐུ་ཕྲེང་བཞི་པ་ཀརྨ་ཆོས་དབྱིངས་དྲི་མེད་འོད་ཟེར་མཆོག་ནི།
རབ་ཤིས་སྡམ་ཁའི་གྲོང་སྡེར་ཡབ་ཀརྨ་རྡོ་རྗེ་དང་ཡུམ་སྒྲོལ་མ་ལྷ་མོའི་སྲས་སུ་
འཁྲུངས།
ཀརྨ་པ་ཡེ་ཤེས་རྡོ་རྗེས་ཚྭ་སྤྲུལ་སྐུ་ཕྲེང་བཞི་པར་ངོས་འཛིན་གནང་སྟེ་མངའ་གསོལ།
སྐུ་ཕྲེང་ལྔ་པ་བློ་བཟང་ཆོས་ཀྱི་བཤད་སྒྲུབ་མཆོག་ནི།
ནང་ཆེན་སྡོམ་ནང་དུ་ཡབ་ཚེ་རིང་རྒྱ་མཚོ་དང་ཡུམ་པད་ཆུང་གི་སྲས་སུ་འཁྲུངས།
ཆགས་མེད་
རིན་པོ་ཆེས་ངོས་འཛིན་མཛད།
ནར་སོན་སྐབས་བླ་མ་མང་པོ་བསྟེན་ཏེ་མཁས་གྲུབ་གཉིས་ལྡན་གྱི་བླ་མ་ཞིག་བྱུང་།
གསུང་རྩོམ་ཡང་ཐོར་བུ་བཞུགས།
འདུ་ཁང་ཀ་བ་༤༢ཅན་ཞིག་གསར་བཞེངས་སོགས་མཛད་ཕྲིན་རླབས་ཆེ།
སྐུ་ཕྲེང་དྲུག་པ་ཀརྨ་བཤད་སྒྲུབ་ལེགས་པའི་རྡོ་རྗེའི་རྣམ་ཐར་མི་གསལ།
སྐུ་ཕྲེང་བདུན་པ་ཀརྨ་བཤད་སྒྲུབ་ནི། རབ་ཤིས་རི་དམར་དུ་འཁྲུངས།
སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས་ངོས་འཛིན་གནང་སྟེ་ཁྲིར་མངའ་གསོལ། འདི་
པ་སྐབས་དབྱར་གནས་དང་བཤད་གྲྭ་གསར་འཛུགས།
འདུ་ཁང་ཞིག་གསོ་སོགས་ཀྱི་གཙོ་འགན་བཞེས་ནས་དགོན་འདི་ཉིད་ལ་བླ་ན་མེད་པའི་མཛད་
རྗེས་ཆེས་མང་པོ་ཞིག་བཞག་ཡོད།
སྐུ་ཕྲེང་བརྒྱད་པ་ད་ལྟ་རྒྱ་གར་ལ་བཞུགས་བཞིན་པའོ། །
ཆོས་གྲགས་དཔལ་བཟང་སྐུ་ཕྲེང་དང་པོ་ཁྱུང་ཚྭ་ངག་དབང་དྲི་མེད།
སྐུ་ཕྲེང་གཉིས་པ་ཀརྨ་ཤེས་རབ་ཆོས་ཀྱི་རྡོ་རྗེ་མཆོག་ནི།
ཟུར་མང་ཕྱོགས་སུ་ཡབ་ཚེ་རིང་ནོར་བུ་དང་ཡུམ་ཆོས་དབྱིངས་ལྷ་མོའི་སྲས་སུ་འཁྲུངས།
ཆགས་མེད་སྐུ་ཕྲེང་གཉིས་པས་ངོས་འཛིན་གནང་སྟེ་མངའ་གསོལ།
སྐུ་ཕྲེང་གསུམ་པ་ཀརྨ་བསམ་གཏན་ཆོས་གྲགས་དཔལ་བཟང་ནི།
ཡབ་ཚེ་དབང་དོན་གྲུབ་དང་ཡུམ་པད་སྒྲོན་གྱི་སྲས་སུ་འཁྲུངས། ཀརྨ་པ་ཡེ་ཤེས་རྡོ་
རྗེས་ངོས་འཛིན་གནང་སྟེ་མངའ་གསོལ།
འདི་པ་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པའི་མཁས་པ་ཆེན་པོ་ཞིག་བྱུང་།
གསུང་རྩོམ་པོད་གསུམ་
ཙམ་ཡོད་སྐད་འདུག་ཀྱང་ད་ལྟ་ཐོར་བུ་ཁ་ཤས་ལས་མ་མཆིས།
སྐུ་ཕྲེང་བཞི་པ་ཀརྨ་འོད་གསལ་སྣང་བའི་གོ་ཆ་ནི་ནང་ཆེན་སྡོམ་པ་ཕྱོགས་སུ་འཁྲུངས།
ཆགས་མེད་སྐུ་ཕྲེང་བཞི་པས་མངའ་གསོལ་མཛད། འདི་པ་
དགུང་གྲངས་སུམ་ཅུ་ནས་བཟུང་སྟེ་བསྟན་འགྲོའི་སྤྱི་རིམ་དུ་ཚེ་མཚམས་ལ་བཞུགས་ནས་གྲུབ་བརྙེས་ཞིག་བྱོན།
སྐུ་ཕྲེང་ལྔ་པ་ཀརྨ་ཚུལ་ཁྲིམས་དྲི་མེད་རྡོ་རྗེ་དཔལ་བཟང་པོ།
སྐུ་ཕྲེང་དྲུག་པ་ནི།
ཆབ་མདོ་ངམ་རྒྱུད་དུ་ཡབ་ཀརྨ་དོན་ཡོད་དང་ཡུམ་ཚེ་རིང་མཚོ་མོའི་སྲས་སུ་བལྟམས།
སི་ཏུ་ཆོས་འབྱུང་གིས་མངའ་གསོལ། འདི་
པས་སྒྲུབ་སྡེ་རྩ་འཛུགས།
འདུ་ཁང་ཆེ་བ་ཞིག་གསོའི་སྐབས་སུ་ཚྭ་སྤྲུལ་རིན་པོ་ཆེ་དང་ལྷན་དུ་འགན་བཞེས་པ་སོགས་དགོན་འདི་ལ་མཛད་རྗེས་བླ་
ལྷག་ཏུ་ཆེ་བ་གནང་།
སྐུ་ཕྲེང་བདུན་པ་ནི།
རབ་ཤིས་རྡོ་ར་ཕྱོགས་སུ་ཡབ་དགེ་རྩེ་ཀརྨ་དང་ཡུམ་པ་བཟའ་དར་མཚོའི་སྲས་སུ་བལྟམས།
ཀརྨ་པ་མཁའ་ཁྱབ་རྡོ་རྗེས་ངོས་
འཛིན་གནང་སྟེ་ཁྲིར་མངའ་གསོལ།
དགུང་གྲངས་ཆུང་ངུའི་དུས་ནས་སྦྱངས་འབྲས་ལེགས་པོ་བྱས་ཤིང་དེ་ནས་ཤར་སྡེ་དགེ་དཔལ་སྤུངས་སུ་ཕེབས་ཏེ་
སྒྲུབ་སྡེ་ལ་ལོ་མང་དུ་བཞུགས།
སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་ཐུགས་སྲས་སུ་གྱུར།
གནས་དགོན་དུ་ཡར་ཕེབས་ཏེ་དགེ་འདུན་སྡེ་སྤྱི་དང་ཁྱད་པར་
སྒྲུབ་ཁང་སོགས་ལ་བཤད་ལུང་དབང་ཁྲིད་བྱས་ཏེ་བཀའ་ཁྲིམས་གཙང་མར་མཛད།
རང་དགོན་སྒྲུབ་ཁང་ལ་ལོ་གསུམ་བཞུགས་ཤིང་སྐུ་ན་ཕྲ་བའི་
སྐབས་སུ་ཞི་བར་གཤེགས།
སྐུ་ཕྲེང་བརྒྱད་པ་ཀརྨ་ངག་དབང་བློ་གསལ་ཏིང་འཛིན་ནི།
ཡབ་རབ་ཤིས་དཔོན་ཁྲ་འཇིགས་དང་ཡུམ་ལེབ་བཟའ་ཀུན་བཟང་གི་སྲས་སུ་རབ་རྒྱལ་
མེ་ཕག་ལོར་འཁྲུངས།
སི་ཏུ་པདྨ་དབང་མཆོག་རྒྱལ་པོས་རབ་ཤིས་དཔོན་ཚང་གི་བུ་ཆེ་བ་ཕག་ལོ་པ་འདི་ཉིད་མདོ་ཁམས་གནས་མདོ་དགོན་པའི་སྤྲུལ་
སྐུ་ཆོས་གྲགས་དཔལ་བཟང་གི་ཡང་སྲིད་འཁྲུལ་བྲལ་ཡིན་གསུངས་ཏེ་ཁྲིར་མངའ་གསོལ།
དགུང་གྲངས་ཆུང་ངུའི་སྐབས་ནས་ལྷ་རོགས་ཀར་དགོན་གྱི་
ཁྲི་འཛིན་ཏེ་བཀའ་ཐམ་དང་གོ་ས་བླངས།
དེ་རྗེས་དུས་ཟིང་སྐབས་འོ་རྒྱལ་ཆེན་པོ་བྱུང་།
ཕྱིས་ཡང་དར་བསྟན་པ་དབུ་བརྙེས་པ་ནས་བཟུང་བསྟན་
དགོན་འདི་ཉིད་ཉམས་གསོ་བླ་ན་མེད་པར་མཛད་ཅིང་ད་ལྟ་འཚོ་བཞེས་ལགས།
བྱང་ཆུབ་སྤྲུལ་སྐུ་སྐུ་ཕྲེང་དང་པོ་ཀརྨ་ཡན་ལག་མཆོག་ནི་དཔལ་ནཱ་རོ་པའི་སྐྱེ་བར་གྲགས་ཤིང་།
གྲུབ་པའི་སློབ་དཔོན་ཆེན་པོ་ཞིག་བྱོན། ཞབས་རྗེས་
ད་ལྟའང་མཇལ་དུ་ཡོད་དོ། །
སྐུ་ཕྲེང་གཉིས་པ་ཀརྨ་དོན་ཡོད་འོད་ཟེར་ནི།
དཔའ་བོ་རིན་པོ་ཆེ་ཡིས་ངོས་འཛིན་མཛད།
སྐུ་ན་ཆུང་ངུའི་དུས་ནས་འཇིག་རྟེན་པའི་ཆོས་ལ་ཞེན་
ཆགས་སྤངས་ཏེ་དགུང་གྲངས་བཞི་བཅུ་ལྷག་ཏུ་སྒྲུབ་པ་ཉམས་ལེན་མཛད་ནས་མཐར་དགུང་གྲངས་གྱ་དྲུག་པ་ལ་ངོ་མཚར་བའི་མཐོང་སྣང་དུ་མ་
བཅས་ཏེ་གཤེགས།
སྐུ་ཕྲེང་གསུམ་པ་ཀརྨ་བྱང་ཆུབ་ཡེ་ཤེས་འོད་ཟེར་ནི། རབ་ཤིས་རྫ་མདོར་འཁྲུངས།
ཏཱ་ཡི་སི་ཏུ་པདྨ་ཉིན་བྱེད་དབང་པོས་ངོས་འཛིན་མཛད། སྤྲུལ་སྐུ་
རྣམ་གཉིས་ལས་སློབ་གཉེར་དཔྱིས་ཕྱིན་པར་མཛད་དེ་བསྟན་དགོན་འདི་ཉིད་ལ་མཛད་པ་རྒྱ་ཆེའོ།
།
སྐུ་ཕྲེང་བཞི་པ་ནི། སྡམ་ཁ་རབ་ཤིས་ཚང་ལ་འཁྲུངས།
ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེས་ངོས་འཛིན་མཛད།
སྐུ་ན་ཆུང་ངུའི་དུས་ནས་ཞི་བར་
གཤེགས།
སྐུ་ཕྲེང་ལྔ་པ་ཀརྨ་བྱང་ཆུབ་བློ་གྲོས་བཟང་པོ་ནི།
ཀརྨ་པ་བཅུ་བདུན་པ་དང་ཏཱ་ཡི་སི་ཏུ་པདྨ་དོན་ཡོད་ཉིན་བྱེད་ཟུང་གིས་ཡབ་ཀར་བློ་དང་ཨ་
དགའི་སྲས་འདི་ཉིད་གནས་མདོ་བྱང་ཆུབ་སྤྲུལ་སྐུ་འཁྲུལ་བྲལ་ཡིན་པར་ལུང་གིས་ཟིན་པ་ད་ལྟ་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་
སློབ་གཉེར་བྱེད་བཞིན་པ་འདིའོ། །
རྒྱལ་དབང་ཀརྨ་པ་དང་།
སྐྱབས་རྗེ་སི་ཏུ་རིན་པོ་ཆེ་རྣམ་གཉིས་དགོངས་པ་གཅིག་མཐུན་གྱི་ངང་ནས་ཁྱུང་པོ་བེ་ཧུའི་ཚ་བོ་དྲི་མེད་འོད་ཟེར་ཞེས་
པ་དགེ་སློང་ནམ་མཁའི་སྙིང་པོའི་ཡང་སྲིད་འཁྲུལ་བྲལ་ཡིན་པར་གསུངས་ཏེ་སྤྲུལ་སྐུ་ཞིག་བསྩལ།
སྐབས་དེར་བཞེངས་པའི་ལྷ་ཁང་ཀ་བ་སུམ་ཅུ་ཅན་
ཞིག་མཆིས། དེའི་ནང་ལ་བཞུགས་པའི་རྟེན་གསུམ་གྱི་སྐོར་ལ།
ཤཱཀྱ་ཐུབ་པའི་སྐུ་མི་ཚད་ཕྱེད་གཉིས་ཙམ་དང་། གུ་རུ་སྣང་སྲིད་ཟིལ་གནོན།
རྒྱལ་བ་རྒྱ་
མཚོ། སྤྱན་རས་གཟིགས་རྣམས་མི་ཚད་ཙམ་དང་། གཞན་ཡང་དཔལ་འཁོར་ལོ་བདེ་མཆོག
སྒྲོལ་དཀར། རྗེ་དུས་གསུམ་མཁྱེན་པ། འགྲོ་མགོན་རས་ཆེན།
ཀརྨ་ཆགས་མེད་ཀྱི་སྐུ་བརྙན་བཅས་ནི་སྨན་འདག་ལས་བཟོས་པའི་སྐུ་རྟེན་དང་།
ཟངས་གསེར་ལས་བསྐྲུན་པའི་མདའ་ཚད་ཙམ་གྱི་སྐུ་གདུང་ཆ་
བརྒྱད་དང་། གསུང་རྟེན་བཀའ་འགྱུར་ཚར་༢ བསྟན་འགྱུར་ཚར་༡ འབུམ་ཚར་༢
གསེར་དངུལ་ལས་བྲིས་པའི་བཀའ་ཐང་སྡེ་ལྔ། མཚལ་གྱིས་བྲིས་པའི་
འབུམ་རྒྱས་འབྲིང་བསྡུས་གསུམ་སོགས་གསུང་རབ་མང་དུ་བཞུགས་པས་མིང་ལའང་གསུང་རབ་ལྷ་ཁང་ངམ་ཐུབ་ཆེན་ལྷ་ཁང་ཡང་ཟེར་སྲོལ་ཡོད།
དེའི་སྟེང་ཐོག་ལ་གསེར་གྱི་རྒྱ་ཕིབས་མི་ཚད་ཙམ་དང་སྤེན་རྒྱན་གྱི་ཕྱོགས་བཞིར་གསེར་ཟངས་ལས་བསྐྲུན་པའི་རྣམ་བཅུ་དབང་ལྡན་ཁྲུ་ཙི་ཕྱེད་དོ་
ཙམ་ཡོད།
དེར་བདོག་པའི་རྟེན་གསུམ་མདུན་ལ་ཉིན་མཚན་བར་མེད་དུ་མཆོད་ཀོང་བདུན་རེ་སྦར་བར་མ་ཟད་ད་དུང་མཆོད་པའི་རྣམ་གྲངས་
བསམ་གྱིས་མི་ཁྱབ་པ་ཡོད་དོ། །
སླད་མར་ཡང་གནས་མདོ་རིག་འཛིན་རྒྱ་མཚོ་སྐུ་ཕྲེང་ལྔ་པའི་སྐབས་སུ་སྐྱབས་མགོན་སི་ཏུ་རིན་པོ་ཆེ་དང་སྐུ་ཞབས་དཔའ་བོ་རྣམ་གཉིས་ཀྱིས་
དགོན་འདིའི་གྲྭ་ཆུང་གཅིག་ལ་ས་སྟེང་གི་སེམས་དཔའ་ཆེན་པོ་འདིས་བསྟན་འགྲོར་ཕན་ཐོགས་འབྱུང་བར་འགྱུར་གསུངས་ཏེ་ཁྲིར་མངའ་གསོལ་
གཟེངས་བསྟོད་མཛད་ནས་བྱང་ཆུབ་སྤྲུལ་སྐུ་ཞེས་པ་བསྩལ།
སྤྲུལ་སྐུ་གསུམ་བཞུགས་པའི་སྐབས་འདིར། སླར་འདུ་ཁང་ཀ་བ་༤༢ཅན་ཞིག་བཞེངས།
དེའི་ནང་བཞུགས་པའི་རྟེན་གསུམ་མཆོད་ཆའི་སྐོར་ལ།
དུས་གསུམ་སངས་རྒྱས་ཀྱི་སྐུ་བརྙན་ཁང་ཚད་ཙམ་དང་། གུ་རུ་སྣང་སྲིད་ཟིལ་གནོན།
སྤྱན་
རས་གཟིགས་ཕྱག་བཞི་པ། མར་མི་དྭགས་གསུམ།
ཀརྨ་པ་མི་བསྐྱོད་རྡོ་རྗེའི་སྐུ་བརྙན་སོགས་སྨན་འདག་དང་རིན་ཆེན་རིགས་ལས་བཟོས་པ་མི་ཚད་
ཙམ་དང་།
གཏེར་སྟོན་རོལ་པའི་རྡོ་རྗེའི་གཏེར་མ་པད་འབྱུང་གི་སྐུ་ལི་ནག་ལས་གྲུབ་པ་ཁྲུ་གང་ཙམ།
གཞན་ཡང་གནས་བརྟན་བཅུ་དྲུག སྤྱན་རས་
གཟིགས་ཕྱག་སྟོང་སྤྱན་སྟོང་། གུ་རུ་མཚན་བརྒྱད།
སྒྲོལ་དཀར་སྔོན་རྣམས་ཀྱི་སྐུ་ཟངས་གསེར་ལས་བསྐྲུན་པའི་སྐུ་རྟེན་དང་།
བཀའ་འགྱུར་ཚར་གཉིས།
བསྟན་འགྱུར་ཚར་གཉིས། འབུམ་ཚར་གསུམ།
རིན་ཆེན་གཏེར་མཛོད་སོགས་གསུང་རྟེན་མང་དུ་བཞུགས།
བླ་མ་བྱང་ཆུབ་དང་། ཆོས་གྲགས་དཔལ་བཟང་རྣམ་གཉིས་ཀྱི་གདུང་འབུམ།
ཟངས་གསེར་ལས་བསྐྲུན་ཅིང་གཟི་བྱུར་གཡུ་སྤོས་ཤེལ་སོགས་ཀྱིས་ཕྲ་
བརྒྱན་པ་མི་ཚད་ཙམ་དང་།
གཞན་ཡང་དུང་དམར་རྒྱ་གླིང་སོགས་མཆོད་ཆའི་རིགས་རྒྱུ་གསེར་དངུལ་དང་ཟངས་རག་ལས་བཟོས་པ་མང་དུ་མཆིས།
།
འདུ་ཁང་གི་ཐོག་ཁང་སྟེང་དུ་རྒྱ་ཕིབས་ཟངས་གསེར་ལས་བསྐྲུན་པའི་ཁང་ཚད་ཙམ་དང་།
ཕྱོགས་བཞིར་སྤེན་རྒྱན་བྱས་པར་ཟུར་གཉིས་དང་རྒྱབ་
ངོས་བཀྲ་ཤིས་རྟགས་བརྒྱད་མདུན་ངོས་རི་དྭགས་ཆོས་འཁོར་བཅས་ནི་ཟངས་གསེར་ལས་བཟོས་པ་ཤ་སྟག་གོ
།དེ་ལྟ་བུའི་གཙུག་ལག་ཁང་འདི་ཉིད་
ཐོག་མར་གཟའ་སྐར་བཟང་བའི་ཉིན་ཞིག་ལ་བཞེངས་མགོ་ཚུགས་ཏེ་ཐིག་གདབ་པ་དང་ས་རྐོ་སྐབས་འཇའ་དམར་སེར་ཤར་བས་ཕྱིས་འདུ་ཁང་གི་
མིང་ལ་དམར་འཇའ་མར་གྲགས།
འདུ་ཁང་དམར་འཇའ་མ་བཞེངས་གྲུབ་ནས་དབུ་ཚུགས་ཏེ་ལོ་གཅིག་གི་རིང་ལ་ཕག་རྒྱལ་རྣམ་གསུམ་དང་གསང་
འདུས་སྒྲུབ་པ། ཚེས་བཅུ་གཙོས་ཚོགས་པ་གཏན་ཆགས་ཉིན་༡༧༠ཡོད།
ཡང་དཔལ་ཀརྨ་པ་མཁའ་ཁྱབ་རྡོ་རྗེ་དང་གཏེར་ཆེན་མཆོག་གྱུར་གླིང་པ་སོགས་དམ་པ་དུ་མས་ཡང་ཡང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བར་
མཛད་པའི་ཨོ་རྒྱན་བསམ་གཏན་གླིང་པ་ཞེས་དུས་བབས་ཀྱི་གཏེར་ཆེན་ཞིག་བཞུགས་པར་ཁོང་གིས་སྔར་མེད་བཤད་སྒྲུབ་ཀྱི་སྡེ་བཙུགས་ཤིང་།
ལུང་
རྟོགས་ཀྱི་བསྟན་པ་དབྱར་མཚོ་ལྟར་བརྟས་པའི་མཛད་ཕྲིན་རླབས་ཆེན་ཞིག་བཞག
ཁོང་གི་སྲས་པདྨ་རིག་འཛིན་ཞེས་པའི་དགེ་བའི་བཤེས་གཉེན་
ཞིག་ཀྱང་བླ་བྲང་གཅིག་ལ་བཞུགས།
ཡང་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས།
དགོན་འདིར་བཞུགས་པའི་དགེ་བཤེས་དཔལ་རགས་ཞེས་པ་ཞིག་ལ།
ཟླ་མེད་སྟོན་པ་མི་ཡི་སེངྒེ་གསུངས་
ནས་ཆེ་བའི་ཡོན་ཏན་བརྗོད་དེ་ཁྲིར་མངའ་གསོལ་མཛད།
ཡང་སི་ཏུ་པདྨ་དབང་མཆོག་འདིར་ཕེབས་སྐབས་བྱིས་པ་ཆུང་ངུ་ཞིག་ལ་འདིས་བསྟན་
འགྲོར་ཕན་ཐོགས་འགྱུར་ངེས་རེད་གསུངས་ནས་ལྷ་རེག་གི་དར་དང་བཀའ་ཆོས་བསྩལ་ཏེ་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲིར་མངའ་གསོལ་
ཅིང་བླ་མ་ཁྲ་འཇིགས་གྲགས།
སྐབས་འདིར། མགོན་ཁང་༧དང་། སྒེར་སོ་སོའི་གྲྭ་ཤག་༡༠༥ གྲྭ་པ་༡༠༥
སྒྲུབ་ཁང་༢བཅས་ལ་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༧༠༩༠ དེའི་
ནང་རྟེན་ལ། ཚེ་དཔག་མེད་ཀྱི་སྐུ་ལི་མ། ཤཱཀྱ་ཐུབ་པའི་སྐུ་ལི་མ།
སྒྲོལ་མའི་གསེར་སྐུ། མར་མི་དྭགས་གསུམ་གྱི་གསེར་སྐུ་ཆ་གཉིས། གཞན་ཟངས་རག་
ལས་བསྐྲུན་པའི་སྐུ་བརྙན་མང་དུ་བཞུགས། འབུམ་ཆ་བཅུ་གཉིས།
རྒྱུད་སྡེ་རྣམས་ཀྱི་དཔེ་ཆ་གང་དགོས་དང་། མཆོད་ཆའི་རིགས་ཟངས་གསེར་ལས་
བཟོས་པའི་ཉེར་མཁོ་མང་དུ་བཞུགས།
ཡང་འདིར་གནས་མདོ་བླ་ཁག་བཞི་ཞེས་འཛིན་མའི་དཀྱིལ་འཁོར་ཡོངས་ལ་གྲགས་པའི་ཚ་དུད་སྤྲུལ་སྐུ་དང་།
དྲི་མེད་འོད་ཟེར། བྱང་ཆུབ་སྤྲུལ་སྐུ།
བསམ་གཏན་གླིང་པ་བཞི་ཡི་བླ་བྲང་དང་།
གཞན་བླ་མ་རྣམ་གཉིས་དང་མཁན་པོ་བཅས་ལ་རྟེན་གསུམ་སོགས་ཉེར་མཁོའི་རིགས་བགྲང་གིས་མི་ལང་
བ་ཞིག་མཆིས་ཀྱང་ཡིག་ཚོགས་ལ་འཇིགས་ནས་བཀོད་མེད།
འདིའི་ཡན་ང་བརྒྱད་ལོའི་སྔོན་གྱི་བྱུང་བའོ། །
དེས་ན་རྟེན་གསུམ་མཆོད་ཆ་དང་བདོག་པ་གྱ་ནོམ་པ་འདི་རྣམས་རིག་གསར་གྱི་འཐོར་རླུང་དྲག་པོས་ཕལ་ཆེར་ས་གས་རི་བསྙིལ་གྱི་དཀྱིལ་དུ་
བསྟིམས་མོད།
སྐབས་བཅུ་གཅིག་པ་ཐེངས་གསུམ་པའི་གྲོས་ཚོགས་སྐབས་ཆོས་ལུགས་དད་མོས་རང་དབང་ཡིན་པའི་སྲིད་ཇུས་བསྟར་ཏེ་ཕྱིས་རབ་
བྱུང་བཅུ་དྲུག་པའི་ཤིང་མོ་གླང་གི་ལོའི་མཆུ་ཟླ་བའི་དམར་ཕྱོགས་རྒྱལ་བ་གསུམ་པར་གོང་རིམ་ནས་ཆོག་མཆན་གནང་སྟེ་ཆོས་ལ་དཀར་བའི་ཡུལ་གྱི་
མང་ཚོགས་སྤྱི་དང་ཁྱད་པར་ཆོས་གྲགས་སྤྲུལ་སྐུས་དབུ་ཁྲིད་མཛད་དེ་གསར་བཞེངས་ཀྱི་རྟེན་དང་བརྟེན་པར་བཅས་པ་ལ།
འདུ་ཁང་༢ ཁྱོན་ཀ་བ་
༥༤ སྒྲུབ་ཁང་གཅིག་ལ་ཀ་བ་༨ དགོན་གཞུང་གི་ཁང་པ་དྲུག་ལ་ཀ་བ་༤༣
སྒེར་སོ་སོའི་གྲྭ་ཤག་༤༠བཅས་ལ་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་
༤༠༡༠ ཤཱཀྱ་ཐུབ་པའི་སྐུ་ཁྲུ་གང་ཙམ་གཙོས་སྐུ་བརྙན་དགུ་བཅུ་ལྷག
གསུང་པོད་༧༠༠ལྷག ཞལ་ཐང་༧༠ལྷག མཆོད་ཆའི་རིགས་ཉེར་མཁོ་གྲངས་
༦༠ལྷག ལོ་རེར་ཚོགས་པ་གཏན་ཆགས་ཚེས་བཅུའི་དུས་མཆོད་གཙོས་ཉིན་༩༠ ནོར་༨༠
ལུག་༡༥བཅས་ཡོད།
|
|