กก

༄༅། །གནམ་ཕུ་དགོན།

༄༅། །གནམ་ཕུ་གནམ་ལུང་རྣམ་རྒྱལ་གླིང་།
དགོན་གནས་འདི་ནི་མདོ་ཁམས་སྒ་སྟོད་དུ་གནམ་གྱི་ཁུ་སྐྱོང་རྒོད་མགོ་ཞེས་རི་གྲགས་པ་ཅན་དེའི་འགྲམ་དུ་བཞུགས། རབ་བྱུང་བཞི་པའི་ལྕགས་སྤྲེལ་
( ༡༢༦༠)ལ་ཆོས་རྒྱལ་འགྲོ་མགོན་འཕགས་པའི་ཞལ་ལུང་བཞིན་སྒ་ཨ་གཉན་དམ་པ་ཀུན་དགའ་གྲགས་པས་ཁྲི་འདུ་སྐལ་བཟང་དགོན་དང་ལྷན་དུ་
དགོན་གནས་འདི་ཡང་བཏབ་ཅིང་དཔལ་ལྡན་ས་སྐྱ་པའི་རིང་ལུགས་འཛིན་པ་སྟེ། ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གི་རྟོགས་བརྗོད་ལས། བླ་
ཆེན་འཕགས་པའི་གདན་ས་གནམ་ལུང་རྣམ་རྒྱལ་གླིང་སོགས་གསུངས། དེ་སྐབས་ཀྱི་དགོན་གནས་གནམ་ཕུར་བཞུགས།
མཚུར་ཕུའི་རྟ་ནག་རབ་འབྱམས་ཞེས་མཁས་ཤིང་གྲུབ་པའི་སྐྱེས་ཆེན་དམ་པ་དེའི་སྐབས་སུ་དགོན་སྡེ་འདི་དར་རྒྱས་སུ་སོང་བས་གྲྭ་སྟོང་ཕྱེད་ལས་
བརྒལ་བར་གྲགས། རྗེས་སུ་ས་འགུལ་གྱི་གནོད་འཚེ་ཆེན་པོ་བྱུང་ནས་ཐུབ་པ་གཟི་འོད་འབར་བ་དང་། རྡོ་ལ་བཞག་པའི་ཞབས་རྗེས་མཚུར་མདར་
བཞུགས། ཉི་འོད་འབར་བ། ཟླ་འོད་འབར་བ། ཉེ་བའི་སྲས་ཆེན་བརྒྱད་ཀྱི་གསེར་སྐུ་དང་། ས་སྐྱ་གོང་མ་རྣམ་ལྔའི་གསེར་སྐུ། འཕགས་པ་སྤྱན་རས་
གཟིགས་ཕྱག་སྟོང་སྤྱན་སྟོང་སོགས་ལི་སྐུ། ཙནྡན་ལས་གྲུབ་པའི་མགོན་པོ་སྟག་ཞོན། རྔ་ནག་པོ་དགྲ་ངུ་། རྗེ་མར་པའི་ཞལ་འགྲམ། དུང་དཀར་ལྡན་བཀྲ་
ཤིས་རང་འབར་སོགས་རྟེན་རྩ་ཆེན་རྣམས་མ་གཏོགས་ས་འོག་ཏུ་ཤོར་ནས་དགོན་གནས་སྟོང་ལ་ཉེ་བར་གྱུར། དེའི་གྱང་རལ་དང་ལྡེབས་རིས་ཀྱི་ཚོན་
རྩི་སོགས་ད་ལྟ་མཇལ་རྒྱུ་ཡོད།
མཚུར་ཕུ་རྟ་ནག་རབ་འབྱམས་པའི་ཕུལ་དུ་བྱུང་བའི་དངོས་སློབ་གཉིས་ལས་བླ་མ་ཨ་འཇམ་ནི། རྟ་ནག་རབ་འབྱམས་པ་ཉིད་ཀྱིས་དགོན་འདིའི་
སྤྲུལ་པའི་སྐུར་མངའ་གསོལ། དེ་ནས་སྐུའི་ཕྲེང་བ་བརྒྱད་ཙམ་བརྒྱུད་པར་གྲགས་ཀྱང་། རིག་གསར་སོགས་གོད་ཆག་རབ་དང་རིམ་པ་བྱུང་རྐྱེན། དགོན་
པའི་ལོ་རྒྱུས་དང་བླ་མའི་རྣམ་ཐར། བཀའ་བཅའ་ཡིག རྟེན་གྱི་དཀར་ཆག་སོགས་བརླགས་པས་སྐུ་ཕྲེང་ཕྱི་མ་གཉིས་ཀྱི་མཚན་ཐོ་ཙམ་ལས་མི་གསལ།
སྐུ་ཕྲེང་བདུན་པ་དེ་རོང་པོ་དགེ་ཚང་གཡུ་གསར་དུ་འཁྲུངས། དགུང་ལོ་གཞོན་དུས་ནས་ཐུན་མོང་གི་རིག་གནས་སྤྱི་དང་ཁྱད་པར་དཔལ་ས་སྐྱའི་
ལམ་འབྲས་བུ་དང་བཅས་པའི་ཆོས་སྐོར་ལ་གསན་སྦྱངས་ཉམས་ལེན་གནད་དུ་སྨིན་པའི་སྒོ་ནས་མཚུར་ཕུ་བྲག་དཀར་ལྷ་རྩེའི་ཕུག་ཏུ་བཅད་རྒྱར་
བཞུགས། དགོན་སྡེ་དང་གདུལ་བྱར་གྱུར་པའི་ཡོན་བདག་རྣམས་ལ་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད་ཅིང་། དུད་འགྲོ་རི་དྭགས་རྣམས་ཀྱང་མི་
འཇིགས་པའི་སྦྱིན་པས་བསྐྱངས། མཐར་དགུང་ལོ་མཐོན་པོར་སོན་ཏེ་འོད་གསལ་ཆོས་ཀྱི་དབྱིངས་སུ་གཤེགས།
སྐུ་ཕྲེང་བརྒྱད་པ་ནི། སྤུ་རོང་ཤར་གཡེལ་ཚང་དུ། ཡབ་ཡར་འཕེལ་དང་ཡུམ་ལྷ་ཕྲུག་གི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་ལུག་( ༡༩༣༡)ལོར་
འཁྲུངས། ས་སྐྱའི་ཁྲི་ཆེན་གྱིས་བླ་མ་གོང་མའི་ཡང་སྲིད་དུ་ཐུགས་ཐག་བཅད། ཁྲ་རིགས་སྤྲུལ་སྐུས་ཁྲི་འདོན་གྱི་མཛད་སྒོ་སོགས་བཀའ་དྲིན་བསྐྱངས།
ས་ཁྱིའི་དུས་ཟིང་སྐབས་ཉེན་གཡོལ་དུ་ཕེབས། འདམ་གཞུང་ནས་དམག་གིས་བཟུང་སྟེ་ཟི་ལིང་བཙོན་ཁང་དུ་དགོངས་པ་རྫོགས།
སྐུ་ཕྲེང་དགུ་པ་ནི། སྒ་སྐྱེ་རྒུ་མདོར་ཡབ་ཤ་རུ་ཀརྨ་བསམ་གྲུབ་དང་ཡུམ་བཀྲ་ཤིས་དཔལ་མཚོའི་སྲས་སུ། རབ་བྱུང་བཅུ་དྲུག་པའི་མེ་སྦྲུལ་
( ༡༩༧༧)ལོར་སྐུ་བལྟམས། མཚན་འཆི་མེད་རྡོ་རྗེ་ཞུ། ད་ལྟ་རིག་གནས་སྤྱི་ལ་གསན་བསམ་མཛད་བཞིན་བཞུགས།
བླ་མ་ཆོས་དར་ཉིད་ཀྱང་མཚུར་ཕུ་རྟ་ནག་རབ་འབྱམས་པའི་དངོས་སློབ་ཡིན་ལ། དགོན་འདིའི་སྤྲུལ་པའི་སྐུར་མངའ་གསོལ། ས་ཁྱིའི་དུས་ཟིང་བར་
སྐུ་ཕྲེང་བརྒྱད་བརྒྱུད་ཀྱང་གོང་ལྟར་སྐུ་ཕྲེང་ཕྱི་མ་གཉིས་ལས་མཛད་ཕྲིན་སོགས་མི་གསལ།
སྐུ་ཕྲེང་བདུན་པ་ནི། རོང་པོ་ཧོར་པ་ཚང་དུ་སྐུ་འཁྲུངས། བསྟན་པ་འཛིན་སྐྱོང་ལ་སྐུ་དྲིན་ཆེ་ཞིང་དགུང་ལོ་མཐོན་པོར་བཞུགས་ཞེས་པ་ལས་མཛད་
ཕྲིན་ཁ་གསལ་མ་མཐོང་།
སྐུ་ཕྲེང་བརྒྱད་པ་ནི། རོང་པོ་བེ་ཅང་ཚང་གི་ཡབ་ཁྲི་དགེ་དང་ཡུམ་ལྷ་སྒྲོན་གྱི་སྲས་སུ། རབ་བྱུང་བཅུ་དྲུག་པའི་ཤིང་ཕག་( ༡༩༣༥)ལོར་འཁྲུངས། ས་
སྐྱའི་ཁྲི་འཛིན་ལ་ཐེངས་གཉིས་ཞུས་པ་སྔ་ཕྱི་གཅིག་མཚུངས་ཀྱིས་བླ་མ་གོང་མའི་ཡང་སྲིད་དུ་ཐུགས་ཐག་བཅད། ཁྲ་རིགས་སྤྲུལ་སྐུས་ཁྲི་འདོན་སོགས་
ཀྱི་མཛད་སྒོ་ལ་བཀའ་དྲིན་ཆེ་བར་བསྐྱངས། དཔལ་ཨེ་ཝཾ་ཆོས་ལྡན་དུ་ཕེབས་ཏེ་ངག་དབང་མཁས་གྲུབ་རྒྱ་མཚོ་ལས་བསྙེན་རྫོགས་དང་ལམ་འབྲས་ཀྱི་
ཆོས་སྐོར་སོགས་བཀའ་ཆོས་མང་དུ་ཞུས་ཤིང་། སྐྱེ་དགོན་མཁན་ངག་དགའ་ལས་ཀྱང་གཞུང་ཆེན་བཅུ་གསུམ་སོགས་གསན་བསམ་ལེགས་པར་མཛད།
ཕྱིས་སུ་བླ་བྲང་གི་དངོས་ཆས་རྣམ་དགོན་པར་གཏན་འཇོག་དང་། གྲྭ་མང་ལ་ཚོགས་འགྱེད་གནང་ནས་རི་ཁྲོད་མཛད། ས་ཁྱི་ལོར་ཉེན་གཡོལ་དུ་
ཕེབས་སྐབས་ཨ་མདོ་སྟོད་དུ་བཞུགས། རིག་གསར་མ་ཚུགས་གོང་ལམ་ལས་སུ་ཕེབས་ཏེ་སྐུ་སྲོག་བཏང་།
སྐུ་ཕྲེང་དགུ་པ་ནི། ཡབ་ངག་དབང་ཚེ་རིང་དང་ཡུམ་སྡོམ་བཟའ་སྒྲོལ་དགའི་སྲས་སུ། རབ་བྱུང་བཅུ་བདུན་པའི་ལྕགས་རྟ་( ༡༩༩༠)ལ་སྐྱེ་རྒུ་མདོར་
འཁྲུངས། མཚན་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་ཞུ། ད་ལྟ་ཐོས་བསམ་ལ་འབད་བཞིན་པའོ།
སྐབས་ཤིག་ལ་མགོན་པོ་སྟག་ཞོན་དེ་རྐུན་མས་ཁྱེར་ནས་གནམ་འཕྲང་དུ་སླེབས་སྐབས། དམ་ཉམས་ཁྱོད་ཀྱིས་ང་མ་ཁྱེར་ཅེས་གསུང་བྱོན་པར་
གྲགས་ཤིང་རྐུན་མའི་ལག་ནས་ཤོར་ཏེ་ཆུར་ལྷུང་། དེ་ཕྱིར། གནམ་མདའི་མགོན་པོ་སྟག་ཞོན་ཏེ། བདག་པོས་མ་འཆུམས་རྐུན་མས་ཁྱེར། རྐུན་མས་མ་
འཆུམས་ཆུ་ཡིས་ཁྱེར། ཟེར་བའི་དཔེ་དེ་བྱུང་། དེ་ནས་དགོན་ས་དགོན་གསེབ་ཏུ་སྤོས་ནས་ང་བརྒྱད་ལོའི་འཁྲུག་ཟིང་དང་རིག་གསར་གྱི་སྐབས་བར་
གཞིས་ཆགས།
དུལ་མོ་ཆོས་རྗེ་བཀྲ་ཤིས་འོད་ཟེར་གནམ་ཕུར་འཁྲུངས་པ་ཡབ་མེད་པས་གཞི་བདག་ཆེན་པོ་ཁུ་སྐྱོང་གི་སྲས་སུ་གྲགས། སྐུ་ན་ཕྲ་མོའི་སྐབས་ནས་
དམ་པའི་རིགས་སད་དེ་གསན་སྦྱོང་དང་། འོད་གསལ་( འོད་ཟེར་ཡང་བྱ)སྒྲུབ་ཕུག་ཏུ་སྐུ་མཚམས་ལ་བཞུགས་ནས་གྲུབ་པར་མངའ་བརྙེས་ཏེ་འདམ་
དཀར་དགོན་དུ་ཁྲིར་བཀོད། ཁྱི་ལོ་སྟག་ཟླའི་ཚེས་བརྒྱད་ལ་འོད་གསལ་སྒྲུབ་ཕུག་ནས་ཁུ་སྐྱོང་གི་བསང་མཆོད་སྔོན་ཚེ་ཚོགས་གཉིས་མ་མཛད། རབ་
བྱུང་བཅུ་གཉིས་པར། ཤར་ཆེན་རིན་ཆེན་མི་འགྱུར་རྒྱལ་མཚན་ཕེབས་ཤིང་ཁུ་སྐྱོང་གི་བསང་སོགས་མཛད། རབ་བྱུང་བཅུ་གཉིས་པའི་ལྕགས་བྱ་ལ་
( ༡༧༤༡)ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་ཕེབས་ནས་བཅའ་ཁྲ་སོགས་མཛད། རྟོགས་བརྗོད་ལས། སྔོན་དགོན་སྡེ་བྱིན་རླབས་ཆེ་བ་འདུག་རུང་
བར་སྐབས་ཉམས་ཆགས་ཆེ་ཞིང་། དགོན་དེར་གསེར་སྐུ་འགངས་ཆེ་ཞིང་བླ་ཆེན་འཕགས་པའི་འཕྱར་དར་མགོན་པོ་སྟག་ཞོན་འཁོར་ངེས་པ་བཞུགས་
པ་དང་། དགོན་གནས་དེ་ཡང་མགོན་པོ་སྟག་ཞོན་ལ་གཏད་འདུག་གསུངས། མེ་སྟག་( ༡༧༤༦)ལོའི་ཟླ་གསུམ་པར་བླ་མ་ཁག་ཁོང་གི་སྐུ་མདུན་དུ་
ཕེབས་ནས་བཀའ་དབང་སོགས་ཞུས། ལྕགས་ལུགས་( ༡༧༥༡)ལ་ཡང་བླ་མ་གསར་རྙིང་ཁག་གིས་ཆོས་འབྲེལ་ཞུས་ཤིང་རྟེན་ལ་རབ་གནས་སོགས་
མཛད། ཆུ་བྱ་( ༡༧༥༣)ལ་བླ་མ་བསྟན་འཛིན་འཇམ་དབྱངས་སྐུ་ཁམས་བསྙུངས། ཤིང་ཁྱི་( ༡༧༥༤)ལོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་ལ་འབུལ་
ཆེན་བཏེགས། རབ་ཚེས་ཆུ་སྟག་( ༡༩༠༢)ལ་ཁྲ་རིགས་དཔལ་སྤྲུལ་གྱིས་བསང་མཆོད་འཇའ་འོད་ཟེར་མའི་མཆོད་སྤྲིན་ཞེས་པ་ཞིག་མཛད།
དུས་ཟིང་གིས་ཉམ་དམས་སུ་གྱུར་པའི་ཡར་སྔོན་དུ་འདུ་ཁང་ཀ་བ་༢༠ཅན། མགོན་ཁང་ཀ་བ༨ གྲྭ་ཤག་༡༨ ཇ་ཁང་ཀ་བ་༤བཅས་འཛུགས་སྐྲུན་རྒྱ་
ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༡༣༦༠ སྤྲུལ་སྐུ་གཉིས། གྲྭ་པ་༢༥( ཡིག་ཚགས་ལྟར) ཐུབ་སྐུ་གཟི་འོད་འབར་བ་སོགས་སྐུ་དང་ཐུགས་ཀྱི་རྟེན་༡༥༠ཙམ། ཞལ་
ཐང་༦༠ལྷག མཆོད་ཆས་གཞན་དག་སྣ་གྲངས་༡༥༠༠ལྷག ཞིང་ཁལ་༢༠ རྟ་དྲེལ་༡༥ ནོར་༢༤༠ དགུ་ཆེན་སོགས་རྒྱུན་ཚོགས་ཉིན་༥༨ཡོད།
༡༩༨༨ལོའི་ཟླ་༣ཚེས་༨ལ་གོང་རིམ་ནས་ཆོས་ལུགས་དད་མོས་ཀྱི་སྲིད་ཇུས་དོན་འབབ་བྱུང་སྟེ་ཆོས་སྒོ་དབྱེ་བའི་ཆོག་མཆན་ཐོབ་པའི་གཏན་ཚད་
གྲྭ་པ་༨ ད་ལྟ་འདུ་ཁང་ཀ་བ་༢༠ ཇ་ཁང་དང་མཛོད་ཁང་ལ་ཀ་བ་༣ གྲྭ་ཤག་བཅས་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༨༢༠ སྐུ་འདྲ་༦༠ གསུང་
རབ་པོད་༡༢༥ ཞལ་ཐང་༢༣ མཆོད་ཆས་གཞན་དག་སྣ་གྲངས་༡༢༠ ནོར་༤༥ ར་ལུག་༡༠ རྟ་༡ དགུ་ཆེན་སོགས་ལོ་རེར་རྒྱུན་ཚོགས་ཉིན་༨༡བཅས་
ཡོད།