༄༅།
།རྡོ་རྡོ་དགོན།
|
༄༅། །དཔལ་ཆོས་གླིང་རྡོ་རྗེ་བསམ་འགྲུབ་བདེ་ཆེན་དར་རྒྱས་གླིང་།
ཆོས་སྡེ་འདི་ནི་མདོ་ཁམས་སྟོད་ཀྱི་ཟུར་མང་།
རབ་སྨད་ཡུལ་ཚོའི་མོ་གྲོང་ནས་ཤར་དུ་སྤྱི་ལེ་༡༦བགྲོད་པའི་སར་བཞུགས་ཤིང་།
དཔལ་ལྡན་ས་ངོར་གྱི་
ལུང་རྟོགས་བསྟན་པའི་ཕྱག་ལེན་དྲི་མ་མེད་པ་འཛིན་པ་ཆོས་གླིང་རྡོ་རྗེ་བསམ་འགྲུབ་བདེ་ཆེན་དར་རྒྱས་གླིང་སྟེ་བསྡུས་མིང་ལ་རྡོ་རྡོ་དགོན་ཞུ།
དེ་
ཡང་རྡོ་རྡོ་ཞེས་མཚན་ཐོགས་པའི་དོན་ནི།
སྔོན་གླིང་གི་ཕུ་ནུ་དཔའ་ཐུལ་རྣམས་རྨ་ཡུལ་དུ་མ་ཕེབས་གོང་།
སྟོད་གླིང་གསེར་པ་ཆེ་བརྒྱད་ཀྱི་ནང་
གསེས་ལྡོང་ཨ་དཔལ་གྱི་གནས་ཡུལ་ཡིན་པ་ད་ལྟའི་དགོན་པའི་བྱང་ཤར་ཕྱོགས་སུ་རྒྱང་གྲགས་གཅིག་མ་སླེབས་ཙམ་གྱི་རྡོ་རྡོ་མར་འགག
བྲག་གཡང་
གཟར་ཅན་གྱི་ངོས་ལ་བྲག་སྟེགས་སུ་རྡོ་ཆུང་ངུ་ཤ་སྟག་བརྩིགས་པའི་མཁར་རྫོང་ཞིག་རལ་དུ་སོང་བ་ཞིག་ཡོད་པ་ནི་ལྡོང་ཨ་དཔལ་གྱི་རྡོ་མིན་རྡེའུ་
མཁར་ཡིན་པ་དང་།
དགོན་པའི་ནུབ་བྱང་དུ་གྱང་ཁོ་ཟེར་བའི་ས་ཆ་སླ་ངའི་དབྱིབས་འདྲ་བ་ཞིག་ཡོད་པ་དེ་སྔོན་ལྡོང་ཨ་དཔལ་གྱི་རྟ་གཡུ་བྱ་རྟེའུ་
འདོགས་ས་ཡིན་པས་མིང་དེ་ལྟར་ཐོགས་ཞེས་གྲགས།
ཆོས་རྒྱལ་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་གྱིས་རབ་བྱུང་ལྔ་པའི་མེ་ཡོས་(
༡༢༦༧)ལ་ཕྱག་བཏབ་སྟེ། དེ་ཡང་ཧོར་གོང་མ་ཆེན་པོས་
གདན་དྲངས་པ་ལྟར་རབ་བྱུང་བཞི་པའི་ཤིང་འབྲུག་(
༡༢༤༤)ལ་འཇམ་མགོན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དང་། ཆོས་རྒྱལ་འགྲོ་མགོན་
འཕགས་པ།
འགྲོ་མགོན་ཕྱག་ན་རྡོ་རྗེ་བཅས་ཧོར་ཡུལ་དུ་ཆིབས་བསྐྱོད་ནས་དམ་ཆོས་ཀྱི་སྣང་བས་ཧོར་ཡུལ་གསལ་བར་མཛད།
ལྕགས་ཕག་
(
༡༢༥༡)ལ་འཇམ་མགོན་ས་སྐྱ་པཎྜི་ཏ་ཞི་བར་གཤེགས་ཏེ་འགྲོ་མགོན་འཕགས་པས་ཧོར་གོང་མའི་དབུ་བླ་མཛད་ནས་བོད་དུ་ཞབས་སོར་སྐྱོད་པའི་
སྐབས་སུ།
ད་ལྟའི་དགོན་པའི་བྱང་ཤར་གྱི་རྒྱང་གྲགས་མཚམས་སུ་རྡོ་རྡོ་འགག་ཅེས་ཤིན་ཏུ་དོག་པའི་བྲག་གཉིས་བར་ནས་ཆུ་བོ་བཞུར་བ་དེར་།
དགེ་
བསྙེན་དང་ལམ་འདྲེ་མ་རུང་པ་ཞིག་གནས་པས་རྒྱུན་པར་ལམ་མགྲོན་དག་ལ་གནོད་འཚེ་བྱས་ཏེ།
སྐབས་འགར་བྲག་གཉིས་ཁ་རྡེབ་པ་དང་སྐབས་
འགར་ཆུ་བོ་རྒྱས་ནས་མི་ཕྱུགས་ཆུས་ཁྱེར་བ་སོགས་བྱེད་པ་ན།
མངོན་སྤྱོད་ཀྱིས་འདྲེ་སྲིན་དེ་བཀུགས་ནས་ལམ་རྒྱུད་དུ་བྲག་ཕུག་གཅིག་ཏུ་མནན།
རྡོ་
ཡིས་བྲག་ཁུང་ཁ་བརྒྱབ་པ་དང་རྩིག་རྡོ་འདམ་བཞིན་སྦྱར་བ་ད་ལྟ་མཇལ་དུ་ཡོད་ཅིང་།
དགེ་བསྙེན་གཡག་རག་པ་ཞོན་མཁན་ཞིག་ཡོད་པ་དེས་ཀྱང་
སྲོག་གི་སྙིང་པོ་ཕུལ་ནས་འགྲོ་བ་ཀུན་ལ་གནོད་པ་མི་བྱེད་པ་དང་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཁས་བླངས་པས་སྒྱོག་པོ་ཟེར་བའི་གཞི་བདག་ཏུ་
མངའ་གསོལ་ཅེས་གྲགས། དགོན་སྡེ་འདིའི་ཡུལ་ལྷའི་བསང་མཆོད་དུ་འདི་ཉིད་ཡོད།
འཕྲང་འགག་དེ་ནས་ཅུང་ཞིག་ཕེབས་ཏེ་ཉི་འགྲུས་ཞེས་ད་ལྟའི་
དགོན་གནས་ནས་རྒྱང་གྲགས་ཕྱེད་ཙམ་གྱི་ས་ན།
འདིར་དགོན་པ་ཞིག་བཏབ་ན་དགོངས་ཏེ་གདིང་བ་ས་ལ་འཕངས་པས་གྲྭ་པ་ཞིག་གིས་རིན་པོ་ཆེའི་
གདིང་བ་སར་ལྷུང་འདུག་ཟེར་ནས་ཡར་བླངས་ཏེ་ཕུལ་བས་གནས་དེར་རྟེན་འབྲེལ་མ་འགྲིགས།
དེ་ནས་ཤར་མདའ་ལྟོང་ལྟར་ཕྱེས་པ། ལྷོ་ཕྱི་ནང་ལྔ་
རུ་ཟུམ་པ།
གཡས་གཡོན་གྱི་ཆུ་གཉིས་གཡུ་འབྲུག་མ་བུ་འདྲེས་པ་བཞིན་ལྷོའི་མདུན་ཐང་དུ་བཞུར་བ།
རྒྱབ་རི་ཁེར་ཆོག་རྡོ་རྗེ་ལེགས་པ། གཡས་གཡོན་
གཉིས་ནས་མཇལ་ན་གླང་ཆེན་ནོར་བུས་བརྒྱན་འདྲ།
མདུན་ནས་མཇལ་ན་རྒྱལ་པོ་ལ་ཐོད་ཅན་གདན་ལ་བཞུགས་འདྲ། གཡས་རི་ལ་རི་གཡང་ནགས་
རྒྱལ་ཕྱུག་མོ་ཞེས་བཙུན་མོས་བྲང་རྒྱན་བཏགས་འདྲ།
གཡོན་རི་བྲག་དཀར་ཉི་མ་ལྷ་རྩེ་ཞེས་གངས་སེང་གནམ་དུ་འཕྱོ་འདྲ།
མདུན་རི་སོབ་རོང་རིན་
ཆེན་སྤུངས་པ་ཞེས་ཁྲོ་ཕུར་གྱེན་དུ་བསླངས་འདྲ།
གནམ་བཀོད་ལེགས་འཁོར་ལོ་རྩིབས་བརྒྱད་འདྲ་བ།
ས་བཀོད་ལེགས་པདྨ་འདབ་བརྒྱད་འདྲ་བའི་
དབུས། བཀྲ་ཤིས་ཤིང་ཉམས་དགའ་བ། ཐོས་ན་ཡིད་སྨོན་འཆོར་ལ་མཐོང་ན་སྤྲོ་བ་འཕེལ་བ།
ཁོར་ཡངས་ཤིང་བག་བྲོ་བ། ས་ཡི་དགེ་བཅུ་ཡོངས་སུ་
ཚང་བ་ད་ལྟའི་དགོན་གནས་འདིར་ཕེབས་པ་དང་བུད་མེད་ཅིག་གིས་གྲོ་མ་རྐོ་བཞིན་ཡོད་པ་ལ།
ཉིད་ཆིབས་ལས་བཞོལ་ཏེ་བདག་གིས་འདིར་ལྷ་ཁང་
ཞིག་བཞེང་དགོས་པས་ཁྱོད་ཕར་སོང་གསུངས་པས།
བུད་མེད་དེས་མ་འདོད་པའི་སྒོ་ནས་ང་ཡི་གྲོ་མ་བརྐོ་སའི་མུ་ནང་དུ་ཁྱེད་ཀྱིས་ཀ་བ་བརྒྱ་ཅན་གྱི་
ལྷ་ཁང་བཞེང་ས་འདུག་ཟེར་ནས་མོ་ཡར་ལངས་ཏེ་སོང་བས་རྟེན་འབྲེལ་ཤིན་ཏུ་ལེགས་དགོངས་ནས་དགོན་ས་འདི་བཏབ་པ་དང་།
ནང་རྟེན་དུ་
སངས་རྒྱས་མར་མེ་མཛད་ཀྱི་རིང་བསྲེལ་མཐོ་ཚད་མི་ཡི་ལག་སོར་ལྔ་ལ་ཉེ་བ།
ལག་པས་ཁྱུད་ནུས་ཙམ་རིང་བསྲེལ་གྱི་ཨ་མ་ཡང་ཞུ་ཞིང་། རྒྱུན་པར་དེ་
ལས་རིང་བསྲེལ་ཆེ་བ་ལུག་རིལ་ཙམ་དང་ཆུང་བ་ཏིལ་འབྲུ་ཙམ་འཁྲུངས་པ། (
འདི་༡༩༥༩ལོར་རང་དགོན་གྱི་སྤྲུལ་སྐུ་ཆོས་གླིང་ཤཀ་གྲགས་སྐུ་
གཤེགས་ཁར་ཉིད་ཀྱིས་གསོལ་བ་དང་མི་གཞན་ལ་གནང་བ་སོགས་མཛད་ཅིང་ལྷག་མ་གར་ཡོད་ཆ་མ་འཚལ།)
ཧོར་གྱི་རྒྱལ་པོས་ཆོས་དུང་དཀར་མོ་རྒྱང་གྲགས་ཆ་གཅིག་ཕུལ་བ་ལས།
གཅིག་དགོན་འདིར་འཕྲོད་ཐབས་བྱ་གསུངས་པ་ལྟར་ཉིད་ཕེབས་ནས་ལོ་
གཉིས་འགོར་བའི་གཟའ་སྐར་དགེ་བའི་ཉིན་ཆོས་དུང་འདི་མཁའ་ལས་བབས་ཏེ།
དགོན་དཀྱིལ་དུ་གྱེན་ལ་ལངས་ནས་བཞུགས་པ་བླ་གྲྭ་ཀུན་གྱིས་
མཇལ་བ་འགྲོ་མགོན་ཆོས་རྒྱལ་འཕགས་པས་རྫུ་འཕྲུལ་གྱི་སྒོ་ནས་གནང་བ་མཁྱེན་ཏེ་བདག་གཉེར་བྱས།
ཆོས་དུང་འབབ་ས་དེར་རྡོ་ཡི་སྟེགས་བུ་ལ་
པད་སྤུངས་བཟོས་ཏེ་དུང་ཐོ་ཞེས་མཚན་གསོལ།
དེ་ཕྱིན་མི་ནོར་ལ་ཉེར་འཚེ་བྱུང་སྐབས་འདུས་སྡེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་གསུང་
བཞིན་ཆོས་དུང་འདི་བུས་ན་ཉེར་འཚེ་མཐའ་དག་ལས་གྲོལ།
དུང་གཤོག་གསོལ་རྩིས་ཐེངས་གསུམ་ཞུས་ཀྱང་མ་བཞེས། རྗེས་མའི་ཚེ་བུ་ག་བརྟོལ་བ་ན་
མགར་བ་ལ། ཨ་ཚ་དམ་ཉམས་ཞེས་པའི་མི་སྐད་བརྗོད་པར་གྲགས།
བུ་ག་བརྟོལ་བ་ད་ལྟ་མཇལ་དུ་ཡོད། དཀར་ཡོལ་རིན་ཆེན་འབྲུག་བརྒྱ་མ་ཞེས་ཕྱི་
ནང་གང་ནས་བལྟས་ཀྱང་འབྲུག་ཆ་གཅིག་དཀར་ཡོལ་གྱི་མཐའ་རུ་སྣང་ཡང་ཕྱི་ནང་གཉིས་ཀར་འབྲུག་རིས་བྲིས་མེད་པ།
མིང་ལ་དཀལ་ཡོལ་
བཏགས་ཀྱང་དོན་དུ་རྒྱུ་ཅི་ལས་གྲུབ་པ་སུས་ཀྱང་ཁ་ཚོན་མ་ཆོད་པ་ཞིག
འདི་ཆོས་འཕགས་ལ་ཕུལ་བའི་ཞུ་གསོལ་གཉིས་ཏེ། གཅིག་ནི་མི་སྤྱིར་བཏང་
བ་ཞིག་གིས་ཕུལ་ཅེས་པ་དང་། ཞུ་གསོལ་གཞན་ཞིག་ནི།
ཧོར་གྱི་རྒྱལ་པོ་མུང་ཁེས་རབ་བྱུང་བཞི་པའི་ཆུ་བྱི་(
༡༢༥༢)ལོར་ཉམས་སད་དུ་གསོལ་སྣོད་
འདིར་དུག་དྲངས་པ་འཕགས་པས་མཁྱེན་ཏེ། རིན་ཆེན་འབྲུག་བརྒྱ་ཡིད་འོང་ལྡན་པ་རུ།
།དཔག་བསམ་ཤིང་གི་བཅུད་ཀྱིས་ལེགས་བསྐངས་ནས། །ལྕེ་
བདེ་བློ་གསལ་འགྲོ་རྣམས་འཇོམས་མཛད་པའི། །རྩ་བའི་བླ་མ་མཉེས་ཕྱིར་མཆོད་པ་འབུལ།
།ཅེས་བྱིན་གྱིས་བརླབས་ཏེ་དུག་བདུད་རྩི་རུ་བསྒྱུར་བར་
གྲགས།
རོལ་མོ་ཚངས་པའི་སྒྲ་དབྱངས་བྱ་ཁུར་མའམ་བསྡུས་མིང་ལ་བྱེས་རོལ་བྱ་ཁུར་མ་ཡང་ཟེར་བ།
རོལ་མོའི་སྦུབས་ངོས་སུ་བྱ་སྡེར་གྱིས་བཅངས་
རྗེས་གསལ་བ་ཆོས་འཕགས་བྱེས་སུ་ཕེབས་སྐབས་འཛིན།
ཧོར་རྒྱལ་པོས་ཆོས་འཕགས་ལ་ཕུལ་བའི་གདུགས་དཀར་མོ་རྩིབས་བརྒྱ་མ་ཞེས་རྩིབས་བརྒྱ་
དང་ལྡན་ཅིང་འཚེམ་འཐག་ལས་གྲུབ་པ།
རྔ་དྲེལ་རྗེས་མ་ཞེས་རྔ་ཡི་ངོས་སུ་དྲེལ་གྱི་རྗེས་ཅན།
གཞན་ཡང་རྒྱ་གླིང་དང་མཆོད་ཆ་སྣ་ཚོགས་ཆོས་རྒྱལ་
འགྲོ་མགོན་འཕགས་པས་གནང་བ་རྣམས་རྒྱུན་པར་གཏན་སྒམ་དུ་བཞུགས་སུ་གསོལ།
དཔལ་ས་སྐྱའི་གོང་མ་རིན་པོ་ཆེ་དང་ངོར་ཨེ་ཝཾ་ཆོས་ལྡན་པའི་
ཁྲི་ཆེན་རྣམས་ཕེབས་སྐབས་གཡང་སྐྱབས་བཅས་ཏེ་གཏན་སྒམ་སྒོ་ཕྱེས་ནས་མཇལ་བ་ལས་དམ་ཕྲུག་གི་རྒྱ་བཏབ་ཡོད།
གཞན་ཡང་ཆོས་འཕགས་ལ་
ཧོར་གྱི་གོང་མས་ཕུལ་བའི་གོས་ཆེན་ལ་རྒྱ་བོད་ཧོར་གསུམ་སྐད་ཤན་སྦྱར་གྱིས་འཚེམ་བཟོ་བྱས་ནས་ཆོས་གླིང་རྡོ་རྡོ་དགོན་འདི་ཉིད་གཞན་ལས་ལྷག་
པའི་ཆེད་རྟགས་དང་།
བླ་མ་རྒྱལ་སྲས་ཏེ་ལས་ཚན་བཅུ་གསུམ་གྱི་ནང་ཚན་ཆོས་གླིང་རྡོ་རྗེ་འབྱུང་གནས་ལ་རམ་པཀྴིའི་ཐོབ་ཐང་བདག་རྐྱེན་གྱི་
བཅའ་ཡིག་བཅས་ཡོད་ཕྱིར་རྒྱལ་རབས་རིམ་བྱུང་གི་གཟིགས་སྐྱོང་ཡོད།
ཆོས་འཕགས་ཕེབས་སྐབས་འབོ་ཐོག་རེ་རེ་བཏབ་སྟེ་ཤིང་གི་དངོས་གྲུབ་
གནང་བ་ནས་འབོ་ལོ་ཡར་འདབ་མར་འདབ་ཅེས་དགོན་སྡེ་ལ་ཤིང་ཇི་ཙམ་དགོས་ཀྱང་ཡོད་ཅིང་།
དེ་ཕྱིན་ས་ལ་བྱིན་ཆགས། བྱིན་ལ་གཡང་ཆགས་
ནས་དགོན་པ་ལ་ཞིང་ཁལ་༩༠༠ལྷག་ཡོད་པ་ལ་བཙའ་སད་སོགས་ཀྱི་གནོད་པ་མེད།
དགོན་སྡེ་འདིའི་སྤྲུལ་སྐུ་རིམ་བྱོན་ནི།
བླ་མ་ཆོས་གླིང་རྒྱལ་སྲས་ལ་ཆོས་གླིང་པཀྴི་རྡོ་རྗེ་འབྱུང་གནས་དང་།
རྒྱལ་སྲས་ཐོག་རྡུགས། རབ་ཤིས་ཁྲ་
འཇིགས་སོགས་དང་།
ཆོས་གླིང་རྒྱལ་སྲས་སྐུ་ཕྲེང་བཅོ་བརྒྱད་པ་ངག་དབང་དམ་ཆོས་རྒྱལ་མཚན་དགུང་ལོ་བཅོ་ལྔ་པ་ལ་དཔལ་ས་སྐྱའི་བདག་ཆེན་
རིན་པོ་ཆེས་ངོས་འཛིན་གནང་།
རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉིན་ཁྲི་ལ་མངའ་གསོལ།
དགུང་ལོ་བཅུ་བདུན་བར་འབྲི་ཀློག་དང་ཆོས་སྤྱོད་
སྐོར་གསན་སྦྱངས་མཛད།
གླེ་མདའི་བླ་མ་བྱང་ཆུབ་རྡོ་རྗེ་ལས་ས་སྐྱའི་ཞེན་པ་བཞི་བྲལ་དང་སྣང་གསུམ་རྒྱུད་གསུམ་བཅས་ལམ་འབྲས་ཚོགས་བཤད།
མགོན་པོ་དང་འཇིགས་བྱེད་ཀྱི་བསྐྱེད་རྫོགས་སོགས་གདམས་ངག་མང་དུ་ཞུས།
ཀྱེེ་རྡོར། ཀུན་རིག ས་འཇམ་སྦགས་སྒྲུབ་སོགས་ལོ་གསུམ་ལ་སྒྲུབ་པ་
མཛད། ཤང་དགོན་གྱི་ཁྲོམ་ཐར་མཁན་པོ་ཡེ་ཤེས་བཟང་པོ་ལས་ལམ་འབྲས་ཚོགས་བཤད་དང་།
སྒྲུབ་ཐབས་ཀུན་བཏུས་སོགས་ཞུས། ངོར་ཀླུ་ལྡིང་
མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མ་ལས་དབང་གདམས་ངག་མཐའ་ཡས་པ་གསན།
དགུང་ལོ་ཉེར་གཉིས་པ་ལ་རྒྱ་ནག་པེ་ཅིང་དུ་ཕེབས་ཏེ་
བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ལས་མཁན་ཆེན་པདྨ་ཚེ་དབང་དང་།
བསོད་རྒྱལ། ཤར་གདོང་། ཤིང་བཟའ། ཤེས་རབ། ཚེ་རྣམ། གྲགས་པ།
དགེ་འདུན་རྒྱ་མཚོ། ཆུང་བདག
བློ་བརྟན་བཅས་དགེ་རྒན་དུ་བསྟེན་ནས་ས་དགེ་བཀའ་རྙིང་རིས་མེད་ཀྱི་གདམས་ངག་དང་།
རྒྱ་ཡིག་དང་ཆབ་སྲིད་
སོགས་ཐུན་མོང་གི་རིག་གནས་བཅས་གསན་བསམ་མཛད་ནས་ད་ལྟ་སྐྱེ་རྒུའི་བསོད་ནམས་ཀྱི་དཔལ་དམ་པར་བཞུགས་བཞིན་པའོ།
།
བླ་མ་ཤཱཀྱ་གྲགས་པ་དང་བཀྲ་ཤིས་དོན་འགྲུབ་སོགས་ཤཀ་གྲགས་སྐུ་ཕྲེང་བཅུ་བཞི།
རག་ར་སྤྲུལ་སྐུ་ཀུན་དགའ་ཆོས་རྒྱལ་སོགས་སྐུ་ཕྲེང་དྲུག་བྱོན།
བསྟན་འཛིན་གྱི་སྐྱེས་བུ་དམ་པ་མང་དུ་བྱོན་པ་ལས་མཆོག་ཏུ་གྱུར་པ་ནི་མཁན་པོ་མཁྱེན་རབ་མཐར་ཕྱིན་ཏེ།
ཁོང་ཉིད་རབ་བྱུང་བཅོ་ལྔ་པའི་
དཀྱིལ་ཙམ་ལ་ཤར་རྒྱག་ནང་ཞེས་པར་ཡབ་པད་ཆུང་དང་ཡུམ་ག་སྒོང་གི་སྲས་སུ་འཁྲུངས།
ཆུང་ངུ་ནས་དམ་པའི་རིགས་སད་ཅིང་ཁྱིམ་དབུལ་བས་
ཕྱག་ཕྲེང་མེད་ཀྱང་སྣལ་མ་ལ་མདུད་པ་བརྒྱ་མཛད་དེ་མ་ཎི་གསུང་།
དགུང་ལོ་ལྔ་དྲུག་ལ་འབྲི་ཀློག་མཐར་ཕྱིན་པས་བཅུ་གཅིག་པ་ལ་རང་དགོན་དུ་
གཙུག་ཕུད་ཕུལ་ཏེ་དགེ་བསྙེན་གྱི་སྡོམ་པ་བཞེས།
སློབ་ལ་དགྱེས་ཕྱིར་ཟུར་མང་མཁན་པོ་པདྨ་རྣམ་རྒྱལ་གྱི་མཚན་གསན་མ་ཐག་མི་ཕྱེད་པའི་དད་པ་
འཁྲུངས་ཏེ་རྣམ་རྒྱལ་རྩེའི་ཆོས་གྲྭར་ཕེབས།
དགུང་ལོ་བཅོ་ལྔ་ནས་བཟུང་མཁན་པད་རྣམ་ལས་མདོ། འདུལ་བ། མངོན་པ།
ས་སྐྱའི་ཞེན་པ་བཞི་བྲལ། ས་
པཎ་གྱི་མཁས་འཇུག་དང་སྡོམ་གསུམ་རབ་དབྱེ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་ལ་གསན་བསམ་མཛད།
དགུང་ལོ་ཉེར་གཉིས་
པ་ལ་ངོར་ཨེ་ཝྃ་ཆོས་ལྡན་དུ་ཕེབས་ནས་བསྙེན་པར་རྫོགས་ཤིང་ལམ་འབྲས་བུ་དང་བཅས་པའི་བཀའ་ཆོས་དབང་མན་ངག་རྣམས་གསན།
དེ་ནས་
སླར་ཕེབས་ཏེ་དགུང་ལོ་ཉེར་ལྔ་ནས་བཟུང་སྟེ་མཁན་པོ་པད་རྣམ་ལས་གསན་སྦྱངས་དཔྱིས་ཕྱིན་པ་མཛད།
དགུང་ལོ་ཞེ་གསུམ་པ་ལ་མཁན་དེ་ཉིད་
འདའ་ཁར་ཉིད་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ།
དགུང་ལོ་ཞེ་བཞི་པ་ལ་འབྲི་ཆུའི་ཕྱོགས་སུ་ཕེབས་ཏེ་མངོན་པའི་ཆོས་སྐོར་གསན།
ཞེ་ལྔ་པ་ནས་ཟུར་
མང་བཤད་གྲྭ་མི་ལོ་ཉེར་གཅིག་ཙམ་བསྐྱངས་པས་ཟུར་མང་གར་དབང་དང་། བསྟན་སྤྲུལ།
འབྲུག་སྤྲུལ། ལྷོ་ཀུན་བཟང་། གནས་མདོ་ཁྲ་འཇིགས། རྡོ་
དགོན་མཁན་པོ་ཀུན་དགའ་རྣམ་རྒྱལ། ཟུར་མང་མཁན་པོ་ལེགས་བརྩེ།
མཁན་འཇམ་དབྱངས་མཁྱེན་རབ། མཁན་ཕུར་དྷིས། མཁན་འཆི་མེད་རབ་
བརྟན། མཁན་ཆོས་དབྱིངས་བཟང་པོ། མཁན་ཚེ་རིང་འགྱུར་མེད། མཁན་འགྱུར་གྲགས།
མཁན་ཀརྨ་ཚེ་བརྟན། མཁན་པདྨ་བཀོད་པ། འབྲུག་ཡུལ་
མཁན་པོ། མཁན་སྐྱོ་བྲག་མི་འགྱུར།
ཤང་ཐོ་སྤྲུལ་སྐུ་སོགས་མཁས་གྲུབ་གཉིས་ལྡན་གྱི་སློབ་མ་མང་པོ་བྱུང་།
ཟུར་མང་བཤད་གྲྭ་སླར་གསོ་དང་བཤད་
གྲྭའི་གཙུག་ལག་ཁང་རྒྱ་བསྐྱེད་མཛད། རྫོགས་ཆེན་ཀ་དག་ཁྲེགས་ཆོད་དང་།
སྒྲ་གཞུང་། སྙན་ངག་འགྲེལ་བ། རྩིས་གཞུང་སོགས་ཕྱག་རྩོམ་གླེགས་བམ་
དུ་མ་མཛད་ཀྱང་།
ད་ལྟ་ཉམས་མགུར་སྣ་ཚོགས་དང་མངོན་པའི་ས་བཅད་རིན་ཆེན་ཕྲེང་བ་སོགས་ཁ་ཤས་ལས་མ་བཞུགས་པར་འཇའ་གཟུགས་སུ་
དེངས།
དེ་ནས་རང་དགོན་དུ་ཕེབས་ཏེ་བྲག་དཀར་ལྷ་རྩེ་ལ་བཅད་རྒྱར་བཞུགས་པས་ཉམས་རྟོགས་ཀྱི་ཡོན་ཏན་མང་དུ་འཁྲུངས།
དཔལ་ས་སྐྱའི་
བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་ཕེབས་སྐབས་གསུང་གླེང་མཛད་པས་གོང་མ་རིན་པོ་ཆེ་ཐུགས་ཤིན་ཏུ་དགྱེས་ཏེ།
ངོར་པའི་མཁན་
ཆེན་དགོས་ཚུལ་གྱི་བཀའ་ལུང་བསྩལ་ཀྱང་དུས་དབང་གིས་ཕེབས་མ་ཐུབ།
མཁན་ཆེན་ཉིད་ཀྱི་ཐུགས་བཞེད་ལྟར་འདུ་ཁང་ཀ་བ་དྲུག་ཅུའི་ས་ཁྱོན་
ཅན་གསར་བཞེངས་དེ་ས་ཁྱི་ལོའི་སྟོན་ཀར་གྲུབ་སྟེ་རབ་གནས་མཛད་རྗེས་གཟུགས་སྐུའི་བཀོད་པ་བསྡུས་པའི་གདུང་ལས་རིང་བསྲེལ་སོགས་བྱོན།
ཞག་ཤས་སོང་རྗེས་དགོན་ནང་དུ་དམག་སླེབས་པས་སྐྱེ་འཆིར་རང་དབང་ཐོབ་པ་ཀུན་གྱིས་སྒྲོགས་སོ།
།
དགོན་པ་ཐོག་མར་བཏབ་ནས་བཞེངས་པའི་ལྷ་ཁང་གསེར་ཁང་ཞེས་པ་ལ་ཀ་བ་༢༠
ཁྱམས་ངོས་དང་ཐང་ཁང་ཡུག་གཅིག་གྱང་གསེར་ཤར་བྱུགས་
བྱས་པ་ལ་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་འབུམ་ཕྲག་གཅིག་དང་། ཡི་དམ།
ཆོས་སྐྱོང་སོགས། ཐང་ཁང་ལ་དྲུག་པ་རྡོ་རྗེ་འཆང་ཆེན་དང་། རྒྱ་གར་གྲུབ་
ཆེན་བརྒྱད་ཅུ། རྒྱན་དྲུག་མཆོག་གཉིས། ས་སྐྱ་གོང་མ་རྣམ་ལྔ་སོགས།
སྒོ་ཁྱམས་སུ་རྒྱལ་ཆེན་སྡེ་བཞི་དང་རི་རབ་ཆོས་འཁོར། སྲིད་པའི་འཁོར་ལོ། ཡུལ་
ལྷ་གཞི་བདག བཀའ་སྲུང་དམ་ཅན་སོགས་ཀྱི་བྲིས་སྐུ།
དུས་གསུམ་སངས་རྒྱས་ཀྱི་གསེར་སྐུ་ཐོག་རྩེག་ཕྱེད་གཉིས་རེ།
སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་རང་
བྱོན། གསེར་དངུལ་གྱིས་བྲིས་པའི་འབུམ་པུ་ཏི་བཅུ་གཉིས།
གཞན་གསེར་གདུང་སོགས་དང་རྒྱལ་སྲས་སྤྲུལ་སྐུ་ཐོག་རྡུགས་ཀྱི་ཐོག་ཆུ་འོད་ཆེམ་མེར་
ཡོད་པ་སོགས་བཞུགས། ལྷ་ཁང་འབྲིང་བ་ལ་ཀ་བ་༢༨
གྱང་ངོས་སུ་སངས་རྒྱས་ཤཱཀྱ་ཐུབ་པའི་སྐྱེས་རབས་རྣམ་ཐར་རྒྱས་པ་དང་།
རིགས་ལྔའི་ཞིང་
བཀོད། ཡི་དམ་ཀྱེེ་ཡི་རྡོ་རྗེ། དཔལ་གསང་བ་འདུས་པ། འཁོར་ལོ་བདེ་མཆོག
མཁའ་འགྲོ་མ་སེངྒེའི་གདོང་པ་ཅན། ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད།
གུར་ལྕམ་དྲལ་གསུམ། རྡོ་རྗེ་འཆང་ལ་རྒྱ་གར་གྲུབ་ཆེན་བརྒྱད་ཅུས་བསྐོར་བ།
ས་སྐྱ་གོང་མ་རྣམ་ལྔ། ངོར་ཨེ་ཝཾ་ཆོས་ལྡན་གྱི་བླ་བརྒྱུད། སྒོ་ཁྱམས་སུ་
རྒྱལ་ཆེན་སྡེ་བཞི་དང་རི་རབ་ཆོས་འཁོར། སྲིད་པའི་འཁོར་ལོ།
ཡུལ་ལྷ་གཞི་བདག་སོགས་ཀྱི་བྲིས་སྐུ། ཟངས་གསེར་ལས་གྲུབ་པའི་སངས་རྒྱས་གཙོ་
འཁོར་གསུམ་མི་ཚད་ཙམ་རེ་དང་། གསེར་གདུང་།
ཡི་དམ་ཀྱེེ་རྡོར་གྱི་ལི་སྐུ་མི་ཚད་ཙམ། བཀའ་གདམས་མཆོད་རྟེན།
རྒྱལ་བའི་བཀའ་བསྟན་འགྱུར་
སོགས་བཞུགས། ལྷ་ཁང་ཆེ་བ་ལ་ཀ་བ་༦༠ཅན་རབ་རྒྱལ་ཤིང་རྟ་(
༡༩༥༤)ནས་བཞེངས་པ་ས་ཁྱི་( ༡༩༥༨)ལ་གནམ་རྒྱན་དང་། མདོ་གཅལ། ཚོན་
བཟོ་སོགས་མ་གཏོགས་ཕལ་ཆེར་གྲུབ། གཞན་ཀུན་རིག་ལྷ་ཁང་དང་། མི་ལའི་ལྷ་ཁང་།
དཔེ་མཛོད་ཁང་བཅས་སུ་སྐུ་གསུང་ཐུགས་རྟེན་ཁྱད་པར་ཅན་
སྣ་ཚོགས་དང་། བཀའ་གསར་རྙིང་གི་པོད་སྣ་ཚོགས། ས་ངོར་གྱི་གསུང་རྣམ་ཐར་སྣ་ཚོགས།
ཁྱད་པར་བོད་ཀྱི་མཁས་དབང་རིས་མེད་ཀྱི་གསུང་འབུམ་
སྣ་ཚོགས་བཅས་བཞུགས།
གཞན་ཡང་མགོན་ཁང་སྒྲུབ་ཁག་དང་། བུམ་ཁང་སྒྲུབ་ཁག ངོར་པའི་སྒྲུབ་ཁག
ལྷ་རྗེའི་སྒྲུབ་ཁག རག་རའི་སྒྲུབ་ཁག ཁ་སྟག་སྒྲུབ་ཁག་བཅས་སྒྲུབ་
ཁག་དྲུག་བཞུགས་པ་ལས་མགོན་ཁང་སྒྲུབ་ཁག་ཁོ་ནའི་རྟེན་ལའང་།
གུར་ལྕམ་དྲལ་གསུམ་དང་པུ་ཊ་མིང་སྲིང་བཅས་ཀྱི་སྐུ་བརྙན་ཚད་ལྡན་སྨན་
འདག་ལ་བཟོས་ཏེ་ངོར་ཨེ་ཝཾ་ཆོས་ལྡན་ནས་གདན་དྲངས་པའི་ཞལ་འབག་གསོལ་ཏེ་བཞེངས་པ་དང་།
དཔལ་ས་སྐྱ་ནས་གདན་དྲངས་པའི་དམ་རྫས་
ལས་བཟོས་པའི་དམ་ཅན་པུ་ཊའི་ཞལ་འབག ཡི་དམ་རྡོ་རྗེ་གཞོན་ནུའི་ཞལ་འབག
གཞན་ཡང་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་འབག ལི་མའི་སྐུ་འདྲ་
གྲངས་མང་། བཀའ་གདམས་པའི་མཆོད་རྟེན། ཟངས་གསེར་ལས་གྲུབ་པའི་བླ་མ་དང་ཡི་དམ།
སངས་རྒྱས། བྱང་སེམས། ཆོས་སྐྱོང་བཅས་ཀྱི་སྐུ་འདྲ།
གནའ་བོའི་ཁྲབ། རྨོག ཕུབ། མདུང་། སྟ་རེ། ཤང་ལང་། མདའ། གཞུ། མེ་བོའུ།
གྲི་སོགས་གོ་ཆ་སྣ་ཚོགས། གཅན་གཟན། རི་དྭགས། སྒོ་ཕྱུགས་སོགས་ཀྱི་
གསོབ་སོགས་མཆོད་རྫས་མ་ཚང་བ་མེད་པ་ཡོད་དོ། །
དགོན་པའི་སྒྲིག་འཛུགས་ནི། བླ་བྲང་དང་། སྤྱི་ཆེན།
དགོན་གཞུང་ཞེས་གཙོ་བོ་སྡེ་ཚན་གསུམ་ཡོད། དེ་ལས་བླ་བྲང་གིས།
བླ་བྲང་ཁག་གསུམ་དང་
མགོན་བླ་གཉིས་ལ་ཉིན་བཞིན་ཇ་མེ་མདུན་དུ་སྐྱེལ་བ་དང་། འབྲུ་རིགས། མར། ཇ།
ཤ་བཅས་ཀྱི་ཟས་ཕོགས་སྤྲོད་དགོས། དགོན་འདིའི་རྟ་དྲེལ་ཡོངས་
རྫོགས་འཚོ་བ་དང་།
དགུ་ཆུང་ཚོགས་པའི་སྐབས་དགེ་འདུན་རྣམས་ལ་བསོད་སྙོམས་འབུལ་དགོས་པས།
བླ་མ་གསུམ་དང་མགོན་བླར་ཕུལ་བའི་དངོས་
པོ་ཕྱེད་སུམ་ཆ་གཅིག་ཐོབ་སྐལ་ཡོད། སྤྱི་ཆེན་གྱིས།
བུམ་ཁང་སྒྲུབ་ཁག་ལ་ནམ་རྒྱུན་ཇ་མེ་སྤྲོད་པ་དང་། ལོ་རེ་བཞིན་འབྲུ་རིགས་དང་།
ཇ་མར། ཤ་
བཅས་ཀྱི་ཕོགས་སྤྲོད་རྒྱུ།
དམར་ཆེན་ཞེས་པའི་དུས་མཆོད་སྐབས་དགེ་འདུན་ལ་བསོད་སྙོམས་འབུལ་དགོས་པས་དགོན་པ་ལ་རིམ་གྲོ་མཆོད་འབུལ་གྱི་
ཡོན་ཕུལ་བ་རྣམས་དབང་།
དགོན་གཞུང་ཞེས་བླ་བྲང་དང་སྤྱི་ཆེན་གང་ལའང་མ་ལྟོས་པར་དགོན་གཞུང་ལ་འབུལ་བསྟོད་ཞབས་ཏོག་ཡོད་པ་རྣམས།
དགོན་པའི་ཕྱག་མཛོད་ཆེན་མོས་རྩིས་ལེན་ཐོ་འགོད་དང་།
སྤྱོད་བཟང་གཞུང་དྲང་ཅན་གྱི་གྲྭ་པ་ཞིག་ལ་བདག་གཉེར་བྱེད་དུ་བཅུག་སྟེ་དགོན་གཞུང་
གིས་རྟེན་བཞེངས་སོགས་འགྲོ་གྲོན་རྣམས་གཏོང་བ་མི་ཆེན་བླ་དཔོན་ཐུན་མོང་གིས་གོ་བསྡུར་བྱེད།
ས་ཁྱི་ལོའི་དུས་ཟིང་གི་ཡར་སྔོན་དུ་བླ་གྲྭ་༡༡༣( ཡིག་ཚགས་ལྟར)དང་།
འདུ་ཁང་གསུམ་ལ་ཀ་བ་༡༩༢ ལྷ་ཁང་ཁག་བདུན་ལ་ཀ་བ་༨༦ ཇ་ཁང་
སོགས་ཁག་བཅུ་གསུམ་ལ་ཀ་བ་༥༠
གྲྭ་ཤག་༦༥བཅས་ལ་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༨༥༡༠
སྐུ་འདྲ་༨༠༠ལྷག གསུང་རབ་པོད་༢༠༥༠ལྷག
ཞལ་ཐང་༡༥༠༠ལྷག མཆོད་ཆས་སྣ་གྲངས་༢༣༠༠ལྷག
དགོན་གཞུང་གི་སྤྱི་རྩ་ལ་ས་ཞིང་ཁལ་༩༠༠སྐོར་དང་། ནོར་༢༠༠ལྷག རྟ་དྲེལ་༧༠ཙམ།
དགུ་
ཆེན་སོགས་ལོ་རེར་རྒྱུན་ཚོགས་ཉིན་༡༥༨ཡོད།
སྐབས་བཅུ་གཅིག་པ་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཀྱི་ཚུན་དུ་མི་རིགས་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་སོགས་རིམ་
བཞིན་དོན་འབབ་བྱུང་བ་དང་བསྟུན་ཏེ།
༡༩༨༨ལོའི་ཟླ་༣ཚེས་༨ཉིན་ཆོས་སྒོ་འབྱེད་པའི་ཆོག་མཆན་ཐོབ་པ་ལ་གཏན་ཚད་བླ་གྲྭ་༢༠ཡིན།
སེར་སྐྱ་
ཐུན་མོང་གིས་ཉམས་གསོ་ཞུས་པས་འདུ་ཁང་ཀ་བ་༦༠ ཇ་ཁང་དང་མཛོད་ཁང་ཀ་བ་༦
གྲྭ་ཤག་༢༣བཅས་ལ་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་
༢༢༢༠ ནོར་༡༣ སྐུ་འདྲ་༦༤ ཞལ་ཐང་༡༠༩ གསུང་རབ་པོད་༢༩༠ མཆོད་ཆས་སྣ་གྲངས་༡༥༨
དགུ་ཆེན་སོགས་ལོ་རེར་རྒྱུན་ཚོགས་ཉིན་༢༧བཅས་
ཡོད།
|
|