กก

༄༅། །འདམ་ཐོག་དགོན།

༄༅། །གཡག་འདམ་ཐོག་དགོན་བདེ་ལྡན་བསམ་གྲུབ་ཆོས་དགའ་གླིང་།
འདན་སྟོད་ཀྱི་ཕྱོགས་སུ་དཔལ་ས་སྐྱའི་མཆོད་གཞིས་སུ། སྲིབ་སྟོད་དང་། སྲིབ་སྨད། ཉི་སྟོད། ཉི་སྨད་བཅས་སྡེ་ཚོ་བཞི་དང་། འབུར་ལེགས་དགོན།
གཤམ་འགུལ་དགོན། འདམ་ཐོག་དགོན་ཏེ་དགོན་པ་གསུམ་ལ་རྫོང་དམར་སྡེ་དགོན་བདུན་ཞེས་གྲགས་པ་འབྲི་ཆུའི་འགྲམ་གཉིས་སུ་ཡོད་པ་ལས།
འདམ་ཐོག་དགོན་འདི་འབྲི་ཆུའི་གཡས་འགྲམ་དུ་ཡོད་པ་སྔར་ཆབ་མདོའི་ཁོངས་སུ་གཏོགས་པ་རབ་རྒྱལ་ས་ཁྱིའི་( ༡༩༥༨)རྗེས་སུ་མཚོ་སྔོན་གྱི་སྡེ་
རིས་སུ་གྱུར། སྔོན་ས་སྐྱ་པའི་སྐབས་སུ་སོག་པོ་དབུས་ལེགས་རྒྱལ་པོའི་སྲས་གཡག་སྟོན་ཀུན་དགའ་བཟང་པོས་ཕྱག་བཏབ་སྟེ། ངོར་མཁན་ཆེན་དཔལ་
ལྡན་ཆོས་སྐྱོང་གི་རྟོགས་བརྗོད་ལས། སྔོན་ལྡན་མ་བཀའ་བཅུ་ཀུན་དགའ་བཟང་པོས་བཏབ་པ་ཕྱིས་སུ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་དང་མཐུ་
སྟོབས་དབང་ཕྱུག་གི་གདན་སར་གྱུར་པ། མཐུ་སྟོབས་དབང་ཕྱུག་གི་རྟེན་ཁྱད་པར་ཅན་དང་། གུར་མགོན་གྱི་སྐུ་བྱིན་ཅན་ཐོག་ཚད་གང་། གསེར་
གདུང་ཁྱད་འཕགས་གཉིས་སོགས་རྟེན་མང་དུ་བཞུགས་ཤིང་། དགོན་པའི་མདུན་དུ་པུ་ཏྲ་བྷ་ཊ་ཡིན་ཟེར་བ་ཕ་བོང་ཉམས་དོད་པ་ལྔ་དྲུག་ཙམ་ཡོད་
པའི་འདམ་ཐོག་དགོན། ཞེས་གསུངས་པས་གཡག་སྟོན་ཀུན་དགའ་བཟང་པོ་དང་ལྡན་( འདན)མ་བཀའ་བཅུ་ཀུན་དགའ་བཟང་པོ་ནི་སྐྱེས་བུ་གཅིག་
ཡིན་པ་མངོན། སོག་པོའི་བཀའ་ཤོག་ཀྱང་ཕྱི་དུས་བར་ཡོད། དཔལ་ས་སྐྱའི་འཁོན་གདུང་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ཆེད་དུ་འདིར་ཕེབས་
པས་དགོན་པ་དར་རྒྱས་ཆེན་པོ་བྱུང་། ས་སྐྱའི་མཁར་དཀར་དམར་ཞེས་པའང་ཕལ་ཆེར་འདིའི་སྔོན་རྗེས་སུ་བཏབ། དེ་ལས་མཁར་དཀར་པོ་འབུར་
ལེགས་དགོན་དང་དམར་པོ་འདིར་ཡོད། རབ་བྱུང་བཅུ་གཉིས་པའི་ས་བྱ་( ༡༧༢༩)ཟླ་བ་བཅུ་པ་དང་། ལྕགས་ཕག་( ༡༧༣༡) ལྕགས་སྤྲེལ་
( ༡༧༤༠)ལྕགས་བྱ་( ༡༧༤༡) ཤིང་གླང་( ༡༧༤༥) ས་སྦྲུལ་( ༡༧༤༩) ཤིང་ཁྱི་( ༡༧༥༤) ས་སྟག་( ༡༧༥༨) བཅས་ཐེངས་དུ་མ་ལ་ངོར་མཁན་
ཆེན་དཔལ་ལྡན་ཆོས་སྐྱོང་ཕེབས་ཏེ་དབང་རབ་གནས་དང་ལུང་མན་ངག་སོགས་མཛད།
སྔ་མའི་དགོན་གནས་བཀྲ་ཤིས་འཁྱིལ་ཐང་དུ་བཞུགས་ཀྱང་ས་གཡོས་ཀྱི་འཇིགས་པས་དགོན་པ་ཞིག་རལ་དུ་གྱུར་ཅིང་སྐུ་གསུང་ཐུགས་རྟེན་མང་
པོ་ས་འོག་ཏུ་ཤོར། དེ་ནས་བདེ་ལྡན་ཁུག་འདིར་སྤོས་ཏེ་གཙུག་ལག་ཁང་ཀ་བ་སོ་དྲུག་ཅན་འདི་བཞེངས། ཆོ་ག་ཆོས་སྤྱོད་དང་། འདོན་རྟ་དབྱངས་
སོགས་ངོར་ཨེ་ཝཾ་ཆོས་ལྡན་གྱི་ཕྱག་ལེན་བཞིན་མཛད། གཞི་གསུམ་གྱི་ལག་ལེན་དང་འདུལ་བའི་བཅས་ཁྲིམས་དམ་ཞིང་། སྔགས་ཀྱི་སྐོར་ལ་དཔལ་ཀྱེེ་
རྡོར་སྒྲུབ་མཆོད་གཙོས་རྒྱུད་སྡེའི་སྒྲུབ་མཆོད་དང་། ས་ལུགས་ཕུར་པའི་སྒྲུབ་མཆོད་གར་འཆམ་དང་བཅས་པ། མགོན་ཁང་ཁག་བཞི་ལས་ས་བསྐོང་
དང་ངོར་བསྐོང་གི་ཕྱག་རྒྱུན་ཚད་ཐུབ་མཛད། རྟེན་གྱི་གཙོ་བོ་ལ་རམ་ཆེན་ཐུབ་པ་ཞེས་རྒྱ་གར་ཤར་ལི་ལས་གྲུབ་པའི་སྟོན་པའི་སྐུ་མདའ་ཚད་མ་ཁྱད་
འཕགས། འདམ་ཐོག་མགོན་པོ་རང་བྱོན། ཐུབ་སྐུ་བཀྲ་ཤིས་འོད་འབར། འགྲོ་མགོན་ཆོས་འཕགས་ཀྱིས་རྒྱ་ནག་ནས་གདན་དྲངས་པའི་གྲས་ལམ་
འབྲས་བླ་བརྒྱུད་རྒྱ་ནག་ལི་མ་སོགས། རིན་ཆེན་འབྱུང་ལྡན་གྱི་སྐུ་ཐོག་རྩེག་གཉིས་ཅན། དུས་གསུམ་སངས་རྒྱས་དང་ས་སྐྱ་གོང་མ་རྣམ་ལྔའི་སྨན་སྐུ་
སོགས། གསུང་རྟེན་ལ་གསེར་བྲིས་ཀྱི་བཀའ་འགྱུར་ཚར་གསུམ། དངུལ་བྲིས་ཀྱི་བསྟན་འགྱུར་ཚར་གཉིས། གསེར་དངུལ་སྦྲགས་མས་བྲིས་པའི་ས་སྐྱའི་
ཆོས་སྐོར་སོགས་པོད་༩༠ལྷག སྣག་དང་མཚལ་གྱི་བཀའ་བསྟན་འགྱུར་དང་བཀའ་འབུམ་སོགས། ཐུགས་རྟེན་ལ་བཀའ་གདམས་མཆོད་རྟེན་དང་།
འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱི་གདུང་རྟེན་ཐོག་རྩེག་གཉིས་ཅན། གཞན་ཡང་དགོན་པའི་ཉེ་འགྲམ་གྱི་མཆོད་རྟེན་ལ་ཞེས་པར་སྔོན་རྒྱ་བཟའ་
ཀོང་ཇོ་བོད་དུ་ཕེབས་སྐབས་བཞེངས་པར་གྲགས་པའི་མཆོད་རྟེན་ཁང་རྩེག་བཅུ་གསུམ་ཅན་དབྱིབས་རྒྱལ་རྩེ་དཔལ་འཁོར་མཆོད་རྟེན་དང་འདྲ་ཟེར་
བ་ད་ལྟ་རྨང་ཙམ་ལས་མེད། སྔར་དགོན་ནང་དུ་རྒྱུན་བཞུགས་ཀྱི་སྤྲུལ་སྐུ་མེད་ཀྱང་། ནང་ཆེན་བེའུ་རུ་བླ་ཆུང་དགོན་གྱི་སྤྲུལ་སྐུ་འཇམ་དབྱངས་མཐུ་
སྟོབས་དཔལ་འབར་མཆོག་དགུང་ལོ་ཆུང་ངུའི་སྐབས་ནས་དགོན་ནང་དུ་བཞུགས་མ་བདེ་པར་སྒ་ཁོག་སོགས་སུ་ཕེབས་ནས་མཁན་ཆེན་བསམ་གཏན་
བློ་གྲོས་དང་། རྩ་རྭ་བླ་མ་འཇམ་དབྱངས་བསྟན་འཕེལ། རྫོང་སར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དཔལ་སྤུངས་སི་ཏུ་པདྨ་དབང་མཆོག གནས་གསར་
བཀྲ་འཕེལ། སྒ་སྟོན་ངག་དབང་ལེགས་པ་སོགས་གསར་རྙིང་རིས་མེད་ཀྱི་བླ་མ་མང་པོ་ལས་མདོ་སྔགས་གཞུང་ལུགས་ཀྱི་དབང་ཁྲིད་ལུང་སོགས་
གསན་བསམ་མང་དུ་མཛད་ནས་ཡུལ་འདིའི་འབྲི་ཆུའི་ཕར་ཕྱོགས་ཀྱི་ལྷ་ལུང་ནང་ཞེས་ལྷ་ལུང་དཔལ་གྱི་རྡོ་རྗེའི་བཞུགས་གནས་སུ་གྲགས་པ་དེར་
བཅད་རྒྱ་ལོ་མང་མཛད། དེ་ནས་རིམ་གྱིས་དགོན་འདིར་ཕེབས་ནས་འདུ་ཁང་དུ་རིན་ཆེན་འབྱུང་ལྡན་གྱི་སྐུ་གསེར་ཟངས་ལས་གྲུབ་པ་ཐོག་རྩེག་
གཉིས་ཅན་གསར་དུ་བཞེངས། སྒྲུབ་ཁང་གསར་བཞེངས་ཀྱིས་གྲྭ་པ་ལྔ་རེ་སྐུ་མཚམས་བཞུགས་པའི་ཐེབས་རྩ་བཅས་བཞག མགོན་ཁང་ཆེན་མོ་གསར་
བཞེངས་སུ་མགོན་པོ་གུར་ལྷ་བརྒྱད་ཀྱི་སྐུ་ཐོག་རྩེག་གསུམ་ཅན་སོགས་བཞེངས། གཞན་ཡང་གྲྭ་སློབ་རྣམས་ལ་དབང་ལུང་མན་ངག་མང་དུ་གསུངས་
ཤིང་གསུང་རྩོམ་པོད་འགའ་མཛད་ཀྱང་དུས་ཟིང་སྐབས་སུ་བརླགས་ཏེ་ད་ལྟ་ཉུང་ཤས་ལས་མེད། རབ་བྱུང་བཅུ་དྲུག་པའི་ས་ཁྱི་དུས་ཟིང་བྱུང་ནས་
བསྟན་པ་ཉམ་དམས་པའི་སྔོན་དུ་གྲྭ་པ༡༨༠( ཡིག་ཚགས་ལྟར) འདུ་ཁང་ཀ་བ་༣༦ ལྷ་ཁང་བཞི་ལ་ཀ་བ་༤༢ ཁང་པ་གཉིས་ལ་ཀ་བ་༡༢ གྲྭ་ཤག་
༩༥བཅས་ལ་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༤༦༥༠སྐུ་འདྲ་༣༩༠ལྷག གསུང་རབ་པོད་༡༧༠༠ལྷག ཞལ་ཐང་༥༠ལྷག རོལ་མོ་དང་སིལ་སྙན།
དུང་། རྒྱ་གླིང་སོགས་མཆོད་ཆས་སྣ་གྲངས་༧༠༠ལྷག ལོ་རེར་དྲུག་ཅུ་དང་ཕུར་སྒྲུབ་སོགས་རྒྱུན་ཚོགས་ཉིན་༢༠༢ ཞིང་ཁལ་༡༠༠༠རྟ་དྲེལ་༡༠ ནོར་
༣༠ལྷག་བཅས་ཡོད།
༡༩༦༢ལོར་ཆོས་དད་ཀྱི་སྲིད་ཇུས་ཉི་ཚེ་བ་ཡུད་ཙམ་བྱུང་ནས་ཆོག་མཆན་ཐོབ། དེ་སྐབས་གྲྭ་པ་༨དང་། སྐུ་འདྲ་༡༥ གསུང་རབ་པོད་༡༤༩༠ རོལ་
མོ་སོགས་མཆོད་ཆས་སྣ་གྲངས་༢༢༦ ཞིང་ཁལ་༡༥ ནོར་༨ འདུ་ཁང་ཀ་བ་༡༦ ཁང་པ་ཀ་བ་༤ གྲྭ་ཤག་༨བཅས་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་
མ་༤༨༠ཡོད།
སྐབས་བཅུ་གཅིག་པ་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ནས་མི་རིགས་དང་ཆོས་ལུགས་དད་མོས་ཀྱི་སྲིད་ཇུས་སོགས་རིམ་བཞིན་དོན་
འབབ་ཀྱིས། ༡༩༨༥ལོའི་ཟླ་༡ཚེས་༢༨ཉིན་དགོན་པར་ཆོས་སྒོ་འབྱེད་པའི་ཆོག་མཆན་ཐོབ་པས་གཏན་ཚད་གྲྭ་པ་༣༠ཡིན། རྒན་ཚེ་བརྟན་རྡོ་རྗེ་སོགས་
སེར་སྐྱ་རྒན་གཞོན་སྤྱི་མཐུན་གྱིས་ཉམས་གསོ་ཞུས་པ་ལ་འདུ་ཁང་ཀ་བ་༣༦ ལྷ་ཁང་བཞི་ལ་ཀ་བ་༤༢ཇ་ཁང་སོགས་གཉིས་ལ་ཀ་བ་༡༢ གྲྭ་ཤག་
༥༠བཅས་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༣༣༠༠ ཐར་མདོའི་ཤིང་པར་སྐུ་འདྲ༩༡ གསུང་རབ་པོད་༩༠༠ ནོར་༦༠ ཐབ་ཆས་ཆ་ཚང་བཅས་ཡོད།