༄༅། །རབ་ཤིས་ཀླུང་ཤོད་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་།
དེ་ལ་འདིར་བོད་དང་བོད་ཆེན་པོ་ཞེས་རི་བོ་གངས་ཅན་གྱིས་ཡོངས་སུ་བསྐོར་བའི་ཞིང་ཁམས་བསིལ་ལྡན་སཱ་ལའི་སྨན་ལྗོངས་འདི་ལ།
ཕྱི་ཡི་ས་
ཚིགས་ཀྱི་སྒོ་ནས་དབུས་གཙང་ཁམས་གསུམ་དང་དམིགས་ཀྱིས་དབྱེ་བས་ཆོལ་ཁ་གསུམ་དུ་ཕྱེས་པའི་ནང་གསེས་མདོ་སྟོད་མི་ཡི་ཆོལ་ཁ།
དེ་ལའང་
སྟོབས་འབྱོར་དབང་ཤུགས་ཆེ་བའི་ས་སྐྱོང་ནང་ཆེན་རྒྱལ་པོའི་མངའ་ཁོངས་ལ།
དཔོན་མགོ་ཉེར་ལྔའི་ནང་ཚན་བསྟན་པའི་སྦྱིན་བདག་ས་སྐྱོང་དབང་
པོ་སྐུ་རྒྱལ་རབ་ཤིས་བེ་ཧུ་རྣམ་ཚང་གིས་བདག་ཏུ་བཟུང་བའི་རབ་ཤིས་ཤོག་ཆེན་བཅོ་བརྒྱད་ཀྱི་ས་ཡི་ལྟེ་བ་ཀླུང་པད་དཀར་ཐང་དུ་(
དེང་སང་ཡུལ་
ཤུལ་རྫོང་རབ་སྨད་ཡུལ་ཚོ་ཡང་དེར་ཡོད)ཆགས་པའི་ཀླུང་ཤོད་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་གི་བྱུང་བ་མདོ་ཙམ་བརྗོད་པར་བྱ་བ་ལ།
དང་པོ་གནས་ཀྱི་ཆེ་བ་ནི།
རབ་ཏུ་དགེ་ཞིང་བཀྲ་ཤིས་པའི་ཡུལ་ལྗོངས།
ཡན་ལག་བརྒྱད་ལྡན་གྱི་ཆུ་ཀླུང་ཆེན་པོ་དལ་གྱིས་འབབ་ཅིང་། ལྷ་ཤིང་ཤུག་
པ་སོགས་ཀྱིས་ཉེ་བར་མཛེས་པའི་རྒྱ་ཤོད།
འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྙིང་པོ་ཡི་གེ་དྲུག་མའི་རྡོ་སྤུངས་འགྲོ་བ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་
སར་བཞུགས་པའི་ཐང་ཆེན་དེར།
གཙུག་ལག་ཁང་དང་སྤྱོད་ལམ་བཞི་ཤོང་འདུལ་བ་དང་མཐུན་པའི་བསམ་གཏན་གྱི་ཁང་བུས་མཛེས་པར་བརྒྱན་པ་
ནི།
ཇི་ལྟར་ཀུན་གསལ་གྱི་ལམ་དུ་རྒྱུ་སྐར་ཕྲེང་བས་བརྒྱན་པ་ལྟར་སྐྱེ་བོ་ཀུན་ཡིད་དབང་འཕྲོག་ནུས་པ་ཐུན་མོང་གི་ཡུལ་དུ་གྱུར་པ་ཞིག་ཡིན་རུང་།
ཐུན་མོང་མ་ཡིན་པའི་གནས་ཀྱི་ངོ་མཚར་བཀོད་པ་ནི།
སྤྱིར་ཡུལ་ལ་དགེ་བཅུ་ཚང་ཞིང་།
ཕྱོགས་དང་ཕྱོགས་མཚམས་རྣམས་སུ་སའི་དཔྱད་ལ་དགེ་
བའི་མཚན་མ་དུ་མ་དང་ལྡན་པར་གསུངས་པ་ལས།
སྟེང་དུ་གནམ་དཔྱད་བཟང་བ་བཻཌཱུརྱ་ཡི་འཁོར་ལོ་རྩིབས་བརྒྱད།
འོག་གཞི་ས་དཔྱད་བཟང་བ་
ནོར་འཛིན་གྱི་གཞི་ལ་པདྨ་འདབ་བརྒྱད་ཀྱིས་ཉེ་བར་སྤྲས་ཤིང་མཛེས་པར་བྱས་པ་ནི།
དཔྱོད་ལྡན་སུས་ཀྱང་ལེགས་པར་བརྟག་ན། ལུང་པའི་སྲང་ཁ་
དང་རི་བོ་རྣམས་བསྣོལ་བའི་མཚམས་དང་ལའི་འགྲུལ་ལམ་བཅས་ལ་རྣམ་པ་གསལ་བར་འཆར་ཞིང་གྲངས་སུ་ངེས་སོ།
།རིང་བའི་རྒྱབ་རི་རྡོ་ཏི་གངས་
དཀར་དང་ཉེ་བའི་རྒྱབ་རི་གླང་ཆེན་འགྱིང་འདྲ་དང་འབྲེལ་བའི་བཀྲ་ཤིས་ལྷ་ལུང་ཕུའི་རྨོག་མགོ་(
ལྷ་ལུང་ནང་ཞེས་པ་ནི་སྒ་ལྷ་ལུང་དཔལ་གྱི་རྡོ་
རྗེས་གླང་དར་མ་བཀྲོངས་ནས་ལུང་པ་འདིར་ཡིབ་པས་ན་ལྷ་ལུང་ནང་ཞེས་ཐོགས།)བཀྲ་ཤིས་ལྷ་རྩེ་ཞེས་པ་འདི།
བཀའ་རབ་འབྱམས་དགེ་བའི་བཤེས་
གཉེན་ཆེན་པོ་ཞིག་གཉིས་འཐུང་དབང་པོས་གཏེགས་པའི་གསེར་ཁྲི་མཐོན་པོར་མི་འཇིགས་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ་ལ།
སྐལ་བ་དང་ལྡན་པའི་
གདུལ་བྱས་མཐའ་ནས་བསྐོར་ཏེ་དམ་ཆོས་བདུད་རྩིའི་རོ་མཆོག་མྱོང་བ་དེ་དྲི་ངད་འབུམ་ལྡན་གྱི་ལྷ་ཤིང་ཤུག་པ་སོགས་ཀྱིས་མཚོན་པར་གསུངས།
ཤར་གྱི་མདུན་རི་རྔ་རྡུང་རི་བོ་ཆེ་ནི།
བསྟན་པའི་སྦྱིན་བདག་ས་སྐྱོང་མི་ཡི་དབང་པོ་བཞུགས་གདན་འཇགས་པ་ལ།
གཡས་ནས་བཙུན་མོས་ཇ་ཆང་
སོགས་འདྲེན་ཅིང་།
གཡོན་ནས་བློན་པོས་ལུགས་གཉིས་ཀྱི་སྲིད་དོན་སྒྲུབ་པར་གཡས་གཡོན་གྱི་རི་གཉིས་ཀྱིས་ལེགས་པར་མཚོན།
མ་ཟད་ནགས་ལ་
རལ་གྲིའི་གཟུགས་སུ་ཡོད་པ་ནི།
སྤྱིར་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་མཚན་བརྗོད་པ་ལས།
འཇམ་དཔལ་གྱི་མཚན་ལན་གཅིག་བརྗོད་པ་ཕན་ཡོན་
ཆེ་བ་དང་། འཚང་རྒྱ་བ་ཐམས་ཅད་འཇམ་དབྱངས་ལ་བརྟེན་དགོས་པ་དང་།
ཁྱད་པར་དུ་བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་ལ་རྒྱུ་དུས་འབྲས་དུས་
གཉིས་ཀར་ཡེ་ཤེས་སེམས་དཔའ་འཇམ་དབྱངས་ཀྱི་ཞལ་དངོས་སུ་ཡོད་ཅིང་།
ཞི་དྲག་གཉིས་གང་གཙོ་བོར་བསྒྲུབ་ན་གཅིག་ཤོས་ཞོར་དུ་འགྲུབ་པ་
དང་།
ཕ་རྒྱུད་མ་རྒྱུད་གཞན་ལ་མེད་པའི་ཁྱད་ཆོས་མཐའ་ཡས་པ་མངའ་བར་གསུངས་པའི་རྗེ་བཙུན་ཟུར་ཕུད་ལྔ་པའི་ཕྱག་མཚན་གྱི་རྣམ་པ་འདིས་
ཀྱང་།
གསེར་མདོག་ཅོད་པན་འཆང་བ་ཡོངས་ཀྱིས་བླ་མ་ཡི་དམ་ཆོས་སྲུང་ཐམས་ཅད་འཇམ་དཔལ་དབྱངས་བྱེད་དགོས་པར་མཚོན་པར་གསུངས།
ཤར་རི་ཉི་ཟླའི་དཔལ་ལ་སྙེགས་པའི་ས་འཛིན་ལྷ་བྲག་དཀར་པོ་ལ་གཡས་སུ་འཁྱིལ་བ་སྐྱེ་བ་ལྔ་པའི་ཆོས་དུང་གིས་ཐོག་དྲངས་པའི་རྒྱལ་སྲིད་སྣ་
བདུན་གྱི་རང་བྱོན་དུ་གྲུབ་པ་དང་།
ཉེ་འདབ་དྭངས་ཤིང་གཙང་བའི་ཀླུང་ཆུ་དེ་དགུན་དུས་གྲང་རེག་གིས་མི་འགྱུར་བ་ནི།
ཇི་སྐད་དུ། ཆུ་བོ་གང་གི་
རྒྱུན་བཞིན་དུ། །ཡོན་ཆབ་རྒྱུན་ཡང་མི་འཆད་པར།
།རྒྱལ་བ་སྲས་དང་བཅས་ལ་འབུལ།
།ཞེས་པ་ལྟར་མཆོད་ཡོན་གྱི་ཚུལ་དུ་གནས་ཤིང་། བདག་པོས་
མ་བཟུང་བའི་མཆོད་པས་རྒྱལ་བ་སྲས་བཅས་མཉེས་པར་བྱེད་པའི་རྟེན་འབྲེལ་སོགས་ངོ་མཚར་བར་ཡོད་དོ།
།གཞན་ཡང་ཤར་ལ་སྟག་སྐྱ་བོའི་རྣམ་པ་
དང་།
ལྷོ་རི་ཕྲ་སྤུངས་ཀླུའི་ཕོ་བྲང་ལ་མ་མཁའ་འགྲོའི་ཚོགས་གཏོར་བཤམས་འདྲའི་གཡོན་ཟུར་མདའ་གཞུའི་རི་མོས་འཚང་རྒྱ་བ་ལ་ཐབས་ཤེས་
གཉིས་ལྡན་དགོས་པ་སོགས་མཚོན་ཞིང་།
བ་རི་ནང་ལ་ཡིག་དྲུག་དང་མཆོད་རྟེན་རང་བྱོན་རྣམས་བཞུགས།
ཉེ་འདབས་བདེ་ཆུ་བར་མེད་རྒྱུ་ཞིང་ཆུ་
གཉིས་དང་ཕྲད་པས་གཡུ་འབྲུག་མ་བུ་འཕྲད་འདྲ།
ནུབ་ཀྱི་བྲག་རི་དམར་ལྕོག་བྱ་དམར་མོ།
བྱང་ཕ་ཝང་རུས་སྦལ་གྱི་རྣམ་པ་སྟེ་སྲུང་བཞི་ཚང་ཞིང་།
ད་དུང་རྔ་རྡུང་ངོས་སུ་དུང་དཀར་གྱི་རི་མོ་དང་ཆུ་ཤེལ་གོས་དཀར་གྱོན་པའི་གླང་ཆེན་གྱི་དབྱིབས་འདྲ་བ་སོགས་སྡེ་འདིའི་བཤད་སྒྲུབ་གོང་འཕེལ་དུ་
འགྱུར་བའི་མཚན་མ་མང་དུ་ཡོད་ཀྱང་ཡིག་ཚོགས་ལ་འཇིགས་པས་མ་སྤྲོས་སོ།
།འོན་ཀྱང་དགོན་པའི་ཁོར་ཡུག་ཀུན་ཏུ་རྩྭ་ལྗང་ནེ་ཙོའི་འདབ་གཤོག་
བརྐྱངས་པའམ་རྨ་བྱའི་མགྲིན་པ་ལྟ་བུས་འཛིན་མར་ཡོངས་སུ་ཁེབས་ཤིང་།
སྐྱེ་རྒུ་ནད་ཀྱི་དུཿཁ་ལས་གྲོལ་བའི་སྨན་མཆོག་དུ་མའི་ཡལ་ག་ལ་ཆགས་
པའི་འདབ་ལྡན་ཀོ་ཀི་དང་འཇོལ་མོ་སོགས་བརྒྱ་སྟོང་མང་པོས་མགྲིན་སྙན་སྒྲོག་ཅིང་མཛེས་པའི་གར་གྱིས་རོལ་བ།
རྫ་བྲག་སྤང་རིའི་ཕྲེང་བ་ཚར་དུ་
དངར་བས་མིག་ལ་དགའ་བ་བསྐྱེད་པ།
དཀར་སེར་དམར་ལྗང་ཁ་དོག་སྣ་ཚོགས་པའི་རྐང་འཐུང་གི་ཕྲེང་བ་བཞད་ཅིང་འཁྲིགས་པས་ས་གཞི་མཛེས་
པ་ནི། པཉྩ་ལི་ཀའི་གོས་བཟང་པོས་ནོར་འཛིན་ཀླུབས་པའམ།
ལྷ་ལམ་ངོས་སུ་དབང་གཞུའི་རི་མོ་བཀྲ་བ་ལྟ་བུ།
དྲི་བསུང་བསིལ་བུར་ལྡང་བས་ཀུན་
ནས་བསྐྱེད་པ་ལས་བྷྲ་མ་ར་ཡིས་སྙན་པའི་སྒྲ་ཆུང་དར་དིར་དུ་སྒྲོག་པ།
བསིལ་དྭངས་རྙོག་པ་མེད་པའི་ཡན་ལག་བརྒྱད་ལྡན་གྱི་ཉལ་འགྲོ་དག་གི་སྒྲ་
ལྷུང་ལྷུང་སྒྲོག་ཅིང་།
འཛུམ་དཀར་གྱི་ལྦུ་ཕྲེང་ངོམ་བཞིན་དབང་སྔོན་ཞུན་མར་འཁྱིལ་འདྲའི་མཐའ་ཡས་ཆུ་གཏེར་དབང་པོའི་ཕྱོགས་སུ་བཞུད།
ཤྭ་བ་
སོགས་རི་དྭགས་ཁྱུ་རྣམས་སྐད་ཅིག་ཀྱང་རྒོལ་འཚེར་གྱི་འཇིགས་པ་མེད་ཅིང་བག་ཡངས་པོར་རྒྱུ་བའི་སྤྱོད་པ་ནི་ཤིས།
གནག་ཕྱུགས་སོགས་ཀྱིས་རི་
ལུང་གང་ཞིང་སྣོད་བཅུད་ཀྱི་འབྱོར་བས་སྐྱེ་རྒུའི་བདེ་སྐྱིད་སུམ་རྩེན་གྱི་ལོངས་སྤྱོད་ལ་ཅོ་འདྲི་བ།
ཞི་དུལ་སྡོམ་བརྩོན་དམར་སེར་ངུར་སྨྲིག་འཆང་བའི་
དགེ་འདུན་གྱི་ཚོགས་རྣམས་འཆད་རྩོད་རྩོམ་གསུམ་ལ་དབང་འབྱོར་བ།
བསླབ་པ་གསུམ་དང་རིམ་གཉིས་ཀྱི་ཡོན་ཏན་གྱིས་གཏམས་པ། བཤད་སྒྲུབ་
འཆད་ཉན་གྱིས་འགྲོ་ལ་ཕན་བདེའི་མཆོག་སྦྱིན་མཛད་པ་ནི།
གུར་ཀུམ་མེ་ཏོག་རྒྱས་པའི་ཚལ་ལས་ཡིད་དུ་འོང་བའི་དྲི་བསུང་འགྱེད་པ་ལྟ་བུ་སྣོད་
དང་བཅུད་ཀྱི་བསྔགས་པའི་རོལ་མོ་དབྱངས་སུ་སྒྲོགས་པས་སྐྱེ་རྒུའི་རོ་འཛིན་ངལ་བར་བྱེད་དོ།
།
གཉིས་པ་གནས་དེར་དགོན་སྡེ་ཇི་ལྟར་བཏབ་ཚུལ་ནི།
སྔོན་གྲུབ་པའི་དབང་ཕྱུག་སྒ་ལྷ་ལུང་དཔལ་གྱི་རྡོ་རྗེས་སྡིག་རྒྱལ་གླང་དར་མ་འུ་དུམ་བཙན་
པོ་ཕྱི་ལོ་༩༠༢ལོར་བསྒྲལ་ནས་བྲོས་པའི་ཚུལ་མཛད་སྐབས་ཞབས་ཀྱིས་བཅགས་ཤིང་།
ཕྱག་གིས་མེ་ཏོག་ཐོར་བ་སོགས་ཐུགས་བསྐྱེད་སྨོན་ལམ་བསམ་
གྱིས་མི་ཁྱབ་པས་བྱིན་གྱིས་བརླབས་ཏེ་སྦྲ་གུར་ལ་བརྟེན་པའི་དགོན་ཞིག་བཏབ་ནས།
རྒྱབ་རིའི་ལུང་པ་འདིའི་ནང་དུ་ཅུང་ཡིབ་པའི་ཚུལ་མཛད་པས་
ལྷ་ལུང་ནང་ཞེས་ཐོགས།
དེའི་སྔོན་བོན་དགོན་པ་ཞིག་ཡོད་པ་དེ་དང་འདྲེས་པའི་དགེ་འདུན་ཡང་བཅུ་ཕྲག་འགའ་རེ་བྱུང་བ་ཇེ་འཕེལ་དུ་གྱུར་ཏོ།
།
ཕྱི་ལོ་༡༣༩༠ལོའི་སྐོར་ལ་རབ་ཤིས་བན་བརྒྱ་མ་ཞེས་པ་འབྲི་གུང་བཀའ་བརྒྱུད་པའི་སྦྲ་དགོན་རབ་ཤིས་དཔོན་དང་མངའ་འབངས་ཡོངས་ཀྱི་མཆོད་
གནས་བྱེད་པ་ཞིག་ལོ་མང་ཙམ་གནས་ལ།
དེ་ཡང་གྲུབ་བརྒྱའི་འབྱུང་གནས་བཀའ་བརྒྱུད་རིན་པོ་ཆེའི་རིང་ལུགས་འཛིན་པ་མ་ཧཱ་ཀཱ་ལའི་རྣམ་འཕྲུལ་
ཁམས་སྐྱོ་མེའི་ཨག་ཚོམ་ཅན་ནས་བཟུང་། སྟོན་པ་རྣམ་བཞི།
ཇོ་བོ་ཆེན་པོ་ཡབ་སྲས་ཀྱི་སློབ་མ། སྒ་སྟོན་ཅོང་པུ་དང་།
ཆོས་སྐུ་རྡོ་རྗེ་མཆེད། དགེ་བའི་
བཤེས་གཉེན་ཡེ་རྩག་པ། སྒ་སྒོམ་མཆེད།
སྟོན་པ་རྡོ་རྗེ་རྒྱལ་མཚན་སོགས་ཀྱིས། རྡིང་ཐོག་མན་ཆོད།
རག་སྟག་ཡན་ཆོད་དུ་གནས་མ་ལག་བརྒྱ་དང་
བརྒྱད་ཅུར་བདག་གིར་མཛད་ནས་ཡུལ་སྡེ་ཀུན་གྱི་དཔོན་དུ་གྱུར།
ཨ་ཆེན་འདོམ་མཁར་བརྩེགས། དེ་དང་ལྷོའི་ལྕགས་སྒང་རིང་མོའི་བར།
གནས་བཞི་
དགུ་ཅུ་གོ་ལྔ། གདན་ས་བཅུ་གསུམ་འཛིན། རྒྱ་ཟི་ན། ག་ཇུ། ཐོག་ཇུ།
ཡུག་ཇུ་སོགས་སུ་སྤྱན་དྲངས། ལུགས་གཉིས་ཀྱི་གཟེངས་བསྟོད།
ལྷ་སྡེ་མི་སྡེ་ཕུལ་བ་
སོགས།
མགར་དགོན་བདེ་ཆེན་གླིང་གི་དཀར་ཆག་རིན་ཆེན་དོ་ཤལ་ལྡེབ་བཞི་པའི་རྒྱབ་གཟིགས་ན་རྒྱས་པར་གསལ།
ཁྱད་པར་ཁམས་སྐྱོ་རྡོ་རྗེ་སྙིང་པོ་
མངོན་ཤེས་དང་རྫུ་འཕྲུལ་མཐའ་ཡས་པས། ཀརྨ་པཀྴི། ཆོས་རྒྱལ་འཕགས་པ།
དམ་པ་ཀུན་དགའ་གྲགས་པ་སོགས་ལྷན་ཅིག་ཤར་ཕྱོགས་རྒྱ་ནག་གི་ཡུལ་
དུ། འཇམ་དབྱངས་གོང་མ་ཆེན་པོའི་དབུ་བླ་མཛད་དེ།
འཇིགས་བྱེད་བཀྲ་ཤིས་རབ་རྒྱས་སོགས་ཕུལ།
བོད་འདིར་ཡར་གདན་དྲངས་པ་སོགས་དང་།
ཁྲི་འདུའི་ལྷ་ཁང་ཀ་བརྒྱ་མ་སོགས་བཞེངས།
དེའི་ནང་དུ་བཞུགས་པ་སོགས་ཀྱིས་བསྟན་འགྲོའི་དོན་ཆེན་མཛད་པ་སོགས་དང་།
དེའི་རྗེས་ཞིག་ནས།
སྐྱོབ་པ་རིན་པོ་ཆེས་ལུང་བསྟན་པའི་མཁར་པ་བསོད་ནམས་རྒྱལ་མཚན་ལ།
མཁན་ཆེན་ཡོན་ཏན་དཔལ་གྱིས། རྗེ་ཙོང་ཁ་པའི་ལུང་བསྟན་དང་མཐུན་
པའི་སྐུ་བརྙན་ཕུལ་བ་སོགས་ཀྱིས་སྔོན་གནས་རྗེས་དྲན།
ཕྱིས་འབྱུང་ཁྱད་པར་ཅན་ལ་དགོངས་ནས་རི་བོ་དགེ་ལུགས་པའི་རིང་ལུགས་འཛིན་པའི་སྔ་
ཕྱིའི་ཁམས་མགྱོགས་བླ་རབས་བརྒྱད་ཅུའི་མཚན་ནི་གོང་གི་དཀར་ཆག་དེ་དང་རོང་སྤྲུལ་ཆེ་ཆུང་རྣམ་ཐར།
ཨ་ཕྱིའི་གསོལ་ཀ་སོགས་ལས་གསལ།
རབ་བྱུང་བཅུ་པའི་ས་སྟག་(
ཕྱི་ལོ་༡༥༧༨)ལ་ཁམས་མགྱོགས་སྐུ་མདུན་ནམ་མཁའི་སྙིང་པོ་དང་།
ནང་སོ་ཆོས་སྐྱོང་རྣམ་རྒྱལ་སོགས་ཀྱིས་དགེ་
ལུགས་པར་བསྒྱུར་མཛད།
རྒྱལ་དབང་ཐམས་ཅད་མཁྱེན་པ་སྐལ་བཟང་རྒྱ་མཚོའི་བཀའ་ལུང་ལྟར།
ཁམས་མགྱོགས་སྐལ་བཟང་ཕྲིན་ལས་ལྷུན་གྲུབ་
དགོན་འདིའི་ཁྲི་པ་ལ་མངའ་གསོལ་ཏེ།
དམ་པ་དེ་ཉིད་ཀྱིས་གསང་ཆེན་རྒྱུད་སྨད་གྲྭ་ཚང་གི་ཕྱག་བཞེས་ལྟར།
གསང་བདེ་འཇིགས་སོགས་ཀྱི་ཆོ་གས་
མཚོན་པའི་དགེ་ལྡན་པའི་རིང་ལུགས་རྣམ་པར་དག་པ་གོང་འཕེལ་དུ་བཏང་།
ཇ་བརྩེགས་སྣར་དཔོན་པོ་ཡབ་ཡུམ་སྲས་བཅས་སོགས་ཡི་དམ་རྡོ་རྗེ་
འཇིགས་བྱེད་ཀྱི་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་སོགས་མཛད།
དེ་དུས་ལྷ་ངོ་བསྟན་སྐབས་ཐམས་ཅད་ཀྱིས་རྟེན་དང་བརྟེན་པའི་དཀྱིལ་
འཁོར་བཀྲ་ལམ་མེར་མཐོང་བར་མཛད།
དེ་རྗེས་སྐུ་རིམ་སེར་འདུས་ཆེན་མོ་ཞེས་པའི་དུས་མཆོད་ཟླ་གཅིག་ལྷག་ལ་ལོ་ལྟར་འཇིགས་བྱེད་ཁྲི་རེ་རེ་
གསུང་བའི་སྲོལ་བཙུགས།
དེ་ནས་རབ་ཤིས་དཔོན་བླ་མ་དཀར་རིལ་སོགས་ཀྱི་ཐུགས་བསྐྱེད་ལ་བརྟེན་ནས།
རུ་སར་སྐྱབས་མགོན་ཡང་སྲིད་བ་ར་བླ་མ་
འཇམ་དབྱངས་དབང་ཕྱུག་དང་། བེ་འོ་རབ་འབྱམས་བསམ་འཕེལ་སོགས་དང་།
ས་སྐྱོང་མི་ཡི་དབང་པོ་རབ་ཤིས་དཔོན་ཁུ་བོ་འཇིགས་མེད་དཀོན་
མཆོག་ཚེ་ཐར་དང་།
དབོན་བེ་ཧུ་སྐལ་བཟང་མགོན་པོ་རྣམས་ཐུགས་ནང་འོ་མའི་རྒྱ་མཚོ་གཅིག་འདྲེས་སུ་མཛད་ནས།
རྟེན་གཞི་གཙུག་ལག་ཁང་དང་
བཅས་པའི་དགོན་གནས་གསར་བསྐྲུན་མཛད་རྒྱུ་ཐུགས་ཐག་བཅད།
དེ་ནས་གསང་བདག་ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་ཁམས་མགྱོགས་བློ་བཟང་ཐུབ་
བསྟན་རྒྱ་མཚོ་དཔལ་བཟང་པོ་( རྭ་ཉག་དགོན་པའི་བླ་མ)གདན་དྲངས་ཏེ།
དམ་པ་དེ་ཉིད་ཀྱིས་ས་འདུལ་དང་རབ་གནས་ཤིས་བརྗོད་སོགས་ཀྱིས་
བྱིན་གྱིས་བརླབས་པར་མཛད་དེ།
དཀར་ཕྱོགས་ལ་མངོན་པར་དགའ་བའི་ལྷ་མི་མཐུ་ཆེན་ལ་གྱ་ནོམ་པའི་བརྔན་ཆ་ཟད་མི་ཤེས་པས་ཚིམ་པར་མཛད།
ནག་ཕྱོགས་པ་རྣམས་ཚར་བཅད་ཅིང་བཀའ་བསྒོས་དམ་བཞག་གནང་།
རྒྱལ་བ་སྲས་བཅས་དགྱེས་པའི་མཆོད་སྤྲིན་སྤྲོས།
རབ་བྱུང་བཅུ་གསུམ་པའི་ཆུ་
ཕོ་རྟ་(
ཕྱི་ལོ་༡༧༦༢)ལོར་དགོན་གནས་གཙུག་ལག་ཁང་སོགས་གསར་བསྐྲུན་བགྱིས་པའི་དབུ་བཙུགས་ཏེ།
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བློ་བཟང་
གྲགས། །འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ཁྲོ་བོའི་རྒྱལ།
།ཆོས་ཀྱི་རྒྱལ་པོ་ཕྱི་ནང་གསང་གསུམ་གྱིས།
།བསྟན་འགྲོའི་དོན་ཆེན་འགྲུབ་པར་བྱིན་གྱིས་
རློབས། །ཞེས་སོགས་གསུངས་ཏེ་ཐུགས་སྨོན་རྒྱ་ཆེར་གནང་།
དེ་ཉིན་བེ་འོ་རབ་འབྱམས་བསམ་འཕེལ་མཆོག་གིས་བསྟན་པ་རིན་པོ་ཆེའི་ཆོས་འབྱུང་རྒྱ་
ཆེར་བཤད་པ་སོགས་རྟེན་འབྲེལ་ཕུན་སུམ་ཚོགས་པའི་བཤད་ཚུལ་མང་དུ་ཡོད།
མི་རྗེ་རབ་ཤིས་བེ་ཧུ་རྣམ་ཚང་གི་སྦྲ་མལ་དུ་འདུ་ཁང་ཀ་བ་སོ་དྲུག་གཙང་ཁང་བཅས་པ་ཀ་བ་བརྒྱ་ཕྲག་ལ་ཉེ་བ་དེའི་སྟེང་ཉིས་རྩེག
དེའི་སྟེང་ཇོ་
ཁང་ཀ་བ་བཞི་ཅན་སུམ་རྩེག
དེ་སྟེང་གསེར་ཟངས་ལས་གྲུབ་པའི་རྒྱ་ཕུབ་སོགས་ཀྱིས་མཛེས་པར་བྱས་པ་རུང་ཁང་ཐོག་འོག་བཅས་བཞེངས།
དེ་
སྐབས་ཁམས་མགྱོགས་རིན་པོ་ཆེ་ཁོང་གིས་རྡོ་གཏེར་བཞེས་པ་དང་།
ཉིན་མོ་མི་ཡིས་བརྩེགས་པ་ལས་མཚན་མོར་ལྷ་འདྲེས་བརྩེགས་པ་མཐོ་བ་སོགས་
བཤད་རྒྱུན་མང་ཙམ་ཡོད།
རྣམ་རྒྱལ་མཆོད་རྟེན་ཞེས་པ་ཕྱག་མཆོད་སྐོར་སོགས་བྱས་པས་བད་ཀན་སོགས་ཞི་ཞིང་ཐར་པའི་གོ་འཕང་སྟེར་བ་ཞིག་
དང་། ད་དུང་དེར་སྐུ་གདུང་ཆ་བརྒྱད་སོགས་རྟེན་གསུམ་མང་དུ་བཞེངས་ཏེ།
རབ་ཤིས་རྒྱལ་འབངས་ཤོག་ཁག་བཅོ་བརྒྱད་ཐམས་ཅད་ཀྱི་འདི་ཕྱིའི་
སྐྱབས་གནས་གཅིག་པུའི་མཆོད་གནས།
བུ་ཕྲུག་འོས་ཚད་དགོན་པ་འདིའི་གྲལ་དུ་འཁོད་པའི་གཏན་ཁེལ་དང་།
རྒྱལ་དབང་འཇམ་དཔལ་རྒྱ་མཚོས་
དགའ་ལྡན་ཆོས་འཁོར་གླིང་ཞེས་པའི་མཚན་གསོལ་དང་བཅས་ཏེ་བཀའ་ཤོག་ཉི་འོག་མ་ཞེས་པ་ཡང་སྒར་དགོན་ཟུང་ལ་བསྩལ་བར་གྲགས།
དགའ་
ལྡན་གཙང་པ་མཁན་ཆེན་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གིས་ཟབ་རྒྱས་ཆོས་འཁོར་རྒྱ་ཆེན་བསྐོར།
ལབ་སྐྱབས་མགོན་སྐུ་ཕྲེང་བཅུ་པ་མདོ་
རྒྱུད་རྒྱ་མཚོ་དང་དཔོན་ཨེར་ཁེ་ཐཱ་ཇིའི་རྣམ་གཉིས་མཆོད་ཡོན་བྱས་པ་ནས་བཟུང་།
སྐུ་ཕྲེང་བཅུ་གཅིག་པ་འདུལ་འཛིན་དཔལ་འབྱོར་རྒྱལ་མཚན།
བཅུ་གཉིས་པ་དབང་ཆེན་དགྱེས་རབ་རྡོ་རྗེ།
བཅུ་གསུམ་པ་འཇམ་དབྱངས་བློ་བཟང་རྒྱ་མཚོ་དཔལ་བཟང་པོ་སོགས་ཀྱིས་དབང་ལུང་ཁྲིད་མན་ངག་
བཅས་བུམ་པ་གང་བྱོའི་ཚུལ་དུ་གནང་།
མ་ཚད་ཆབ་མདོ་ལྕགས་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་འགའ་རེས་ཀྱང་དབང་ལུང་སོགས་བསྩལ།
རབ་བྱུང་བཅུ་གསུམ་ས་ཁྱི་(
ཕྱི་ལོ་༡༧༧༨)ལོའི་བར་དགོན་བདག་ཁམས་མགྱོགས་རྣམ་ཚང་ཡིན་ལ་ཁྲི་པ་ཡང་མཛད་པས་འདུ་ཁང་སྦུག་གི་ཁྲི་ལ་
ཁམས་མགྱོགས་ཁྲི་དམར་ཞེས་པའི་ཐ་སྙད་བྱུང་ངོ་། །
གསུམ་པ།
རྩེ་བླ་སྐུ་བཅུ་གསུམ་གྱི་བྱུང་བ་ཤིན་ཏུ་མདོར་བསྡུས་སུ་འགོད་པ་ལ།
ཁམས་མགྱོགས་རྣམ་ཚང་རབ་བྱུང་བཅུ་གསུམ་པའི་ས་ཕག་( ཕྱི་ལོ་
༡༧༧༩)ལོར་གསང་ཡུམ་བཞེས་པ་ལ་བརྟེན་ནས།
པཎ་ཆེན་རིན་པོ་ཆེ་དཔལ་ལྡན་ཡེ་ཤེས་དང་ཆབ་མདོ་ལྕགས་སྤྲུལ་ངག་དབང་ཕྲིན་ལས་དཔལ་
བཟང་པོ་རྣམ་གཉིས་ཀྱིས་རྗེ་ལྷོ་བྲག་མར་པ་དང་དགའ་ལྡན་ཁྲི་རབས་བཅུ་པ་ལྡན་མ་ཡེ་ཤེས་སོགས་ཀྱི་སྐུ་སྐྱེ་ཚད་མའི་ལུང་གིས་ཟིན་པའི་སྐྱབས་
མགོན་ཀུ་ལུ་རིན་པོ་ཆེ་ཁྲི་པ་ལ་མངའ་གསོལ།
སྐུ་ཐོག་རིམ་བྱོན་རྣམས་ཀྱང་དགོན་འདིའི་ཁྲི་པ་ལ་གཏན་ཁེལ་གྱི་ཐུགས་ཐག་བཅད།
ཁོང་ནི་རྫོང་ཁྲམ་
གྱི་བསམ་གཏན་ཁང་བུར་བཞུགས་པའི་རྣལ་འབྱོར་པ་གྲུབ་པའི་རྟགས་མཚན་བདོ་བ་ཞིག་ཡོད་པར་ཕྱིས་དགོན་འདིར་བཞུགས་ནས་(
ཕྱི་ལོ་
༡༨༢༥སྐོར་ལ་)གཤེགས།
སྐུ་ཕྲེང་གཉིས་པ་སྐྱབས་མགོན་རིན་པོ་ཆེ་ནི།
ཕྱི་ལོ་༡༨༢༩སྐོར་ཙམ་ལ་འཁྲུངས།
དམ་པ་དེ་ཉིད་ནི་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་
གསུམ།
མཁས་བཙུན་བཟང་གསུམ་སོགས་དམ་པའི་ཡོན་ཏན་དགུའི་བདག་ཉིད་ཅན་ཞིག་ཡིན་པ་དང་།
ཁྱད་པར་བསྟན་པའི་རྩ་བ་སོ་སོར་ཐར་པ་ལ་
གཅེས་སྤྲས་ཤིན་ཏུ་ཆེ་བས་ཕམ་ལྷག་ལྟ་ཞོག
སྐུ་ཚེ་དེ་ལ་ཉེས་ལྟུང་ཕྲ་མོས་ཀྱང་གོས་པ་དབེན་ཞིང་།
སྐུ་ཚེ་ཤིན་ཏུ་རིང་པོར་བཞུགས་པས་རྨུ་ཟ་སྐུ་རྒན་
མ་ཞེས་གྲགས།
ཕྱིས་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་མྱ་ངན་ལས་འདས་པའི་དགུང་གྲངས་གྱ་གཅིག་སྟེང་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་
སུ་བསྡུས་སོ། །
སྐུ་ཕྲེང་གསུམ་པ་སྐྱབས་མགོན་འཇམ་དཔལ་བློ་གྲོས་བསྟན་པའི་ཉི་མ་ནི།
རབ་བྱུང་བཅོ་ལྔ་( ཕྱི་ལོ་༡༩༡༧)སྐོར་ལ་ཡབ་ཨ་དྲག་ཚངས་པ་བཀྲ་ཤིས་
དང་ཡུམ་འབུ་སྒོང་གི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་སྐུ་བལྟམས།
ཆུང་ངུ་ནས་སྲིད་པའི་འབྱོར་བ་ལ་ཞེན་ལོག་དྲག་པོས་རྒྱུད་བསྐུལ་ཏེ། ཐར་
པའི་འཇུག་སྒོ་སོ་བྱང་སྔགས་གསུམ་གྱི་སྡོམ་པས་སུམ་ལྡན་རྡོ་རྗེ་འཛིན་པའི་སྐུར་བཞེངས།
དཔལ་ལྡན་འབྲས་དཀར་སྤུངས་པའི་གདན་སར་གཞུང་
བཀའ་པོད་ལྔ་ལ་བརྒལ་བརྟག་རིགས་པའི་ལམ་ལས་དྲངས་ཏེ་གསན་བཞེས་ཐོས་བསམ་རྒྱ་ཆེར་མཛད།
ཚོགས་ཆེན་སྤྲུལ་པའི་མིང་བཏགས་བཞེས།
དགུང་ལོ་བཅོ་བརྒྱད་ཐོག་དེར་སྐུ་མྱ་ངན་ལས་འདས་སོ། །
སྐུ་ཕྲེང་བཞི་པ་འཇམ་དཔལ་ཡེ་ཤེས་བསོད་ནམས་རྣམ་རྒྱལ་ནི།
ཡབ་ཨ་དྲག་པདྨ་རྒྱལ་པོ་དང་ཡུམ་སྐྱིད་དགའི་སྲས་སུ་( ཕྱི་ལོ་༡༩༣༥)ལོར་
འཁྲུངས།
མཁན་ཆེན་རྡོ་རྗེ་འཆང་འཇིགས་མེད་རབ་གསལ་སོགས་དགེ་བའི་བཤེས་གཉེན་དུ་མ་བསྟེན་ཏེ་ཐོས་བསམ་རྒྱ་ཆེར་མཛད་ནས་སྒྲུབ་སར་
མཁན་པོ་ལོ་གསུམ།
སྤྱོད་འཇུག་གྲྭ་ཚང་གི་མཁན་པོ་མཛད་པ་སོགས་བསྟན་པ་ལ་མཛད་རྗེས་ཆེ་བར་གསུངས།
༡༩༥༩ལོའི་ཟླ་༣པའི་ཚེས་༥ཉིན་བྱང་
གི་སྒྲི་ཧྲི་ཁ་ལ་བཀྲོངས།
སྐུ་ཕྲེང་ལྔ་པ་བསྟན་འཛིན་ངག་དབང་བློ་ལྡན་ནི།
འཕགས་ཡུལ་དུ་ཡབ་དབང་འདུས་དང་ཡུམ་གཡུ་སྒྲོན་གྱི་སྲས་སུ་(
ཕྱི་ལོ་༡༩༨༡)ལོར་འཁྲུངས།
རང་དགོན་དུ་(
ཕྱི་ལོ་༡༩༩༢)ལོའི་བོད་ཟླ་པའི་ཚེས་ཉེར་བདུན་ལ་ཕེབས་ཏེ་གོང་མའི་ཁྲི་ལ་མངའ་གསོལ།
སྔགས་པ་གྲྭ་ཚང་བཙུགས་མཛད་པ་སོགས་
བཀའ་དྲིན་ཚད་མེད་བསྐྱངས། ད་ལྟ་ཐོས་བསམ་ལ་གཞོལ་བཞིན་བཞུགས།
ཉི་སྤྲུལ་རིན་པོ་ཆེ་ནི།
ཇི་སྐད་དུ། པདྨའི་གདུང་ཚབ་གསང་བདག་སྒྱུ་འཕྲུལ་གར།
།གང་འདུལ་འགྲོ་བ་འདུལ་བའི་ཕྲིན་ལས་ཅན། །ཞེས་སོགས་
གསུངས་པ་ལྟར།
གསང་བདག་ཕྱག་ན་རྡོ་རྗེ་དང་སློབ་དཔོན་པདྨ་འབྱུང་གནས་སོགས་ཀྱི་རྣམ་འཕྲུལ་དུ་གྲགས་ཤིང་།
ཁམས་མགྱོགས་གདུང་རབས་
ལས་སྐུ་གཞོག་ཚང་ལ་སྲས་གསུམ་བཞུགས་པ་ལས་རྒྱལ་སྲས་ཉི་མ་ཚུལ་ཁྲིམས་(
སྐུ་ཕྲེང་དང་པོ་)ཞེས་དུས་རབས་བཅོ་བརྒྱད་པའི་དཀྱིལ་ཙམ་ལ་
དགོན་འདིར་ཕེབས་ཏེ་ཁྲི་པ་སོགས་མཛད།
དེ་རྗེས་རྒྱལ་སྲས་ཉི་མ་ཆོས་འཕེལ་ཞེས་པ་རབ་བྱུང་བཅུ་གསུམ་པའི་སྐོར་དུ་འཁྲུངས།
གྲུབ་དབང་བློ་
བཟང་ཐུབ་བསྟན་རྒྱ་མཚོ་མཆོག་གིས།
རྒྱལ་པཎ་གཉིས་དང་སོག་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་སོགས་ཀྱི་བཀའ་ཤོག་དང་ཐམ་ཀ་རྣམས་ཕུལ་ཏེ་ཆོས་
སྡེ་ཆེན་པོ་འདིའི་བདག་པོ་དང་ཁྲི་པར་མངའ་གསོལ།
སྐུ་ཚེ་སྨད་ལ་གསང་ཡུམ་བཞེས་པ་ལ་བརྟེན་ནས་ཁྲི་གཟུར་ཏེ་རྭ་ཉག་ལ་ཕེབས།
དེ་རྗེས་རྒྱལ་སྲས་ཉི་མ་ཆོས་འཕེལ་(
སྐུ་ཕྲེང་གཉིས་པ་)གྱིས་ཀྱང་མི་རིང་བར་གསང་ཡུམ་བཞེས་པས་ཁྲི་གཟུར།
སྐྱབས་མགོན་རིན་པོ་ཆེ་ཁྲི་ལ་
བཞག་ནས་དགོན་པའི་བསྟན་སྲིད་ཟུར་གཟིགས་གནང་སྟེ།
དམར་ཆེན་ཤོག་ཏུ་ཕོ་བྲང་ཁ་ཞེས་པར་གཟིམ་ཁང་བཞེངས་ནས་བསྟན་དོན་བསྒྲུབས།
སྐུ་ཕྲེང་གསུམ་པ་ཉི་མ་སྤྲུལ་སྐུ་པདྨ་ཀུན་བཟང་གི་མཛད་རྣམ་སོགས་གསལ་པོ་མ་རྙེད་ཀྱང་།
རྟེན་རབ་བྱུང་ཡིན་པ་དང་སྐུ་ཚེ་ཡུན་རིང་ཞིག་མ་
བཞུགས་པ་འདྲ།
དེ་རྗེས་རབ་བྱུང་བཅུ་བཞི་པའི་མཇུག་སྐོར་ཙམ་ལ་འབྲི་ཀླུང་ཆུ་ཉི་མར།
ནོར་གཡང་གྲོང་ལ་འཁྲུངས་པའི་སྐུ་ཕྲེང་བཞི་པ་ནི་སི་ཏུ་རིན་པོ་ཆེས་ཉི་
སྤྲུལ་གོང་མའི་ཡང་སྲིད་དུ་ཐུགས་ཐག་བཅད་ནས་དགོན་འདིའི་ཁམས་མགྱོགས་ཁྲི་ལ་མངའ་གསོལ།
ཀློག་འདོན་བྱང་ཆུབ་སྟེ་སྐུ་མཚམས་ལ་བཞུགས་
པ་སོགས་སྒྲུབ་པ་ཉམས་ལེན་ལ་གཞོལ་བས་མངོན་ཤེས་དང་གྲུབ་རྟགས་མཐའ་ཡས་པ་གླེང་།
རིག་མ་བརྟེན་པའི་དུས་ལ་བབས་ཏེ་གནས་ཆེན་པདྨ་
བཀོད་སོགས་སུ་ཕྱོགས་མེད་བྱ་བྲལ་སྤྱོད་པས་དཀའ་ཚེགས་ཀྱིས་གནས་བསྐོར་མཛད།
སྐུ་ཚེ་སྨད་ལ་རུ་གཉིས་ལ་ཁར་བཞུགས་ཏེ་གཏོ་དང་མདོས།
སྨན་དང་སྦྱིན་གཏོང་སོགས་ཀྱིས་སྡུག་བསྔལ་བའི་འགྲོ་བ་རྣམས་ཀྱི་དོན་མཛད་དེ་རབ་བྱུང་བཅུ་དྲུག་པའི་མེ་གླང་(
ཕྱི་ལོ་༡༩༣༧)ལོར་གཤེགས།
གདུང་རྫོགས་སོགས་སྲས་པོ་པདྨ་བཀོད་བཟང་གིས་བསྒྲུབས།
ཉི་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་ནི།
འབྲི་ཀླུང་རྒྱུད་དམ་ཆུ་བོ་གསེར་ལྡན་འབབ་པའི་གཡས་ཟུར།
སྒ་སྟོན་ངག་དབང་ལེགས་པ་དང་རྡོ་རྗེ་འཆང་
ནམ་མཁའ་རྒྱལ་མཚན་སོགས་སྐྱེས་བུ་དམ་པ་མང་པོ་འཁྲུངས་ཤིང་བྱིན་གྱིས་བརླབས་པའི་གནས་མཆོག་འཛིན་མདའ་གྲོང་སྡེ་རུ།
ཡབ་བློ་གྲོས་ཆོས་
རྒྱལ་དང་ཡུམ་བློ་གྲོས་སྒྲོལ་མའི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཤིང་བྱ་(
ཕྱི་ལོ་༡༩༤༥)ལོའི་དབྱར་ཟླ་དང་པོའི་ཚེས་ནང་འཇའ་འོད་ཀྱི་གུར་ཁྱིམ་
ཕུབ་པ་སོགས་ཤིན་ཏུ་ངོ་མཚར་བའི་ལྟས་དང་བཅས་སྐུ་བལྟམས།
དེ་སྐབས་ཀླུང་ལྡིང་མཁན་པོས་བྱིས་པ་འདི་ཉིད་བཙོག་སྒྲིབ་ཀྱིས་མ་གོས་པ་ལ་རེམ།
བདག་པོ་གཞན་གྱིས་བྱེད་པ་ཞིག་འོང་ཞེས་ལུང་བསྟན་དང་མཚན་བཀྲ་ཤིས་རབ་བརྟན་གནང་།
ཆུང་ངུ་ནས་ལྷ་དང་སྲུང་མའི་མཐོང་སྣང་སྣ་ཚོགས་
བྱུང་ཞིང་། མཚན་མོ་གཉིད་ཆུང་བ་དང་།
གྲོང་སྡེའི་མི་རྣམས་ཀྱི་སྤྱོད་ཚུལ་ལྐོག་གྱུར་རྣམས་ཀྱང་གསུང་མཛད་པ་སོགས་མངོན་ཤེས་ལ་ཐོགས་རྡུགས་
མི་མངའ་བ་ཞིག་བཞུགས།
སྐུ་འཁྲུངས་ཉིན་མཆོད་ཁང་དུ་རྒྱན་ཞུ་དང་སྟོད་འགག་སེར་པོ་ཞིག་སུས་བཞག་མེད་པ་ཐོལ་བྱུང་དུ་བྱུང་།
ཐར་ལམ་
དགོན་པའི་དབུ་མཛད་བསོད་ནམས་བཟང་པོ་ཞེས་རིམ་གྲོ་པ་དེས།
འདི་དཀོན་མཆོག་གིས་ང་ལ་གནང་བྱུང་གསུངས་ནས་མནབས་པས་ཕྱིས་སྐྱེས་བུ་
དམ་པ་འདི་ཉིད་འཇམ་མགོན་བླ་མའི་ལུགས་བཟང་འཛིན་པའི་ལྟས་སུ་ཡིན་པར་གོ་ནས་འགྱོད་སྐད།
དེ་རྗེས་རང་དགོན་ནས་རྗེ་ཀརྨ་པ་ལ་ཉི་སྤྲུལ་
ཡང་སྲིད་ངོས་འཛིན་ཞུས་པ་ལ།
ཡབ་ལྷུན་གྲུབ་དང་ཡུམ་བློ་གྲོས་སྒྲོལ་མ་གསུངས་ནས་ཞལ་ཅུང་ཟད་མ་གསལ་བ་ལ།
སི་ཏུ་རིན་པོ་ཆེ་ལ་ཞུས་པས་
ཡབ་ལྷུན་གྲུབ་ཀྱི་བུ་བློ་གྲོས་ཆོས་རྒྱལ་དང་། ཡུམ་བློ་གྲོས་སྒྲོལ་མ།
བུ་བྱ་ལོ་པ་མིང་བཀྲ་ཤིས་རབ་བརྟན་སོགས་ལུང་བསྟན་ཏེ་མཚན་རྒྱལ་སྲས་བློ་
བཟང་ངག་དབང་ཉི་མ་གསོལ།
དགུང་ལོ་ལྔའི་སྟེང་ནས་རྨུ་ཟ་སྐྱབས་མགོན་རིན་པོ་ཆེས་གཙུག་ཕུད་བཞེས་ཏེ་མཚན་ངག་དབང་བློ་བཟང་ཉི་མ་
གསོལ། ཁམས་མགྱོགས་ཀྱི་ཁྲི་ལ་བཀོད།
ཡོངས་འཛིན་དཀོན་མཆོག་བསྟན་འཛིན་སོགས་ལས་བསླབ་གཉེར་མཛད།
བཀའ་འགྱུར་བ་འཇམ་དབྱངས་
མཁས་མཆོག་ལས་ཡིག་བྲིས་ནས་བཟུང་དགོན་འདིའི་ཆོ་ག་ཕྱག་ལེན།
ཐིག་རྡུལ་ཚོན། གཏོར་བཟོ་མཆོད་བཤམ། འབུད་གཏོང་དཀྲོལ་གསུམ། རྩིས་
དཀར་ནག སུམ་རྟགས་དག་གསུམ་སོགས་བསླབས་པས་ཚེགས་མེད་དུ་མཁྱེན།
དགུང་ལོ་དགུའི་ཐོག་རོང་ཐ་ཆེ་ཚང་མདུན་ནས་དགེ་ཚུལ་གྱི་སྡོམ་པ་
བཞེས། མཚན་ངན་དབང་བློ་བཟང་ཐུབ་བསྟན་ཉི་མ་གསོལ།
འཇམ་དཔལ་རྡོ་རྗེ་འཇིགས་བྱེད་རིགས་གཉིས་དང་།
གསང་འདུས་སོགས་ཀྱི་དབང་ལུང་
ཁྲིད་མང་པོ་གསན། དེ་ནས་རྔ་རྡུང་ནང་དུ་བཅད་རྒྱར་བཞུགས།
འཇིགས་མེད་རིག་འཛིན་མདུན་ནས་གུ་རུ་ཞི་དྲག་དང་། དཀོན་ཅོག་སྤྱི་འདུས་
སོགས་ཀྱི་ཁྲིད་མན་ངག་བཅས་བུམ་པ་གང་བྱོའི་ཚུལ་དུ་གསན།
གུ་རུ་ཞི་དྲག་གཉིས་ཀྱི་ལྗགས་བསྙེན་འབུམ་ཕྲག་མང་པོ་བསྐྱལ་བས་རྟོགས་པ་ལ་
མངའ་བརྙེས།
ས་སྐྱ་གོང་མ་ངག་དབང་ཀུན་དགའ་བསོད་ནམས་ཀླུང་ཤོད་དགོན་འདིར་ཕེབས་སྐབས་དབང་དང་ཚེ་མདོ་སོགས་ཀྱི་ལུང་མནོས།
ར་
སྒྲ་བླ་མ་འཇམ་དབྱངས་བཤད་སྒྲུབ་བསྟན་འཛིན་རྒྱ་མཚོའི་མདུན་ནས་ཀུན་རིག་གི་དབང་སོགས་གསན་ཏེ་ཟབ་རྒྱས་དམ་པའི་ཆོས་ལ་ཐོས་བསམ་
མཛད། དགུང་ལོ་བཅུ་བཞིའི་སྟེང་བྲོས་བྱོལ་ལ་ཕེབས།
༡༩༦༢ལོར་སྲིད་ཇུས་གུ་ཡངས་སྐབས་རང་ཡུལ་དུ་ཕེབས་ཏེ་རུ་ཁག་ལ་ཞུགས།
ལོ་དེའི་ཕྱི་ཟླ་
དང་པོའི་ནང་ཁུལ་སྲིད་གྲོས་ཀྱི་ཁོངས་མིར་བསྐོས།
དགུ་པའི་ནང་དགོན་པ་སླར་གསོ་སྐབས་དགོན་འདིར་ཕེབས།
བླ་མ་རྣམ་དགའ་རྡོ་རྗེ་འཆང་གི་
མདུན་ནས་ལམ་རིམ་འཇམ་དཔལ་ཞལ་ལུང་དང་སྤྱོད་འཇུག་སོགས་གསན།
༡༩༦༥ལོར་རུ་ཁག་ལ་ཕེབས་ཏེ་ངལ་རྩོལ་མཛད། ༡༩༧༤ལོའི་ཟླ་བཅུ་
གཅིག་པའི་ཚེས་བདུན་ཉིན་ཁོང་གིས་སླར་ཡང་རྒྱལ་བསྟན་དར་བ་དང་།
བོད་ཟླ་བཞི་པའི་ཚེས་བཅོ་ལྔ་ལ་དགོན་པ་སླར་གསོ་ཡོང་བའི་ལུང་བསྟན་
གནང་བ་སོགས་གཞན་གྱིས་ཤེས་ཏེ་འཛིན་བཟུང་བྱས།
༡༩༧༦ལོའི་ཟླ་གཉིས་པའི་ཚེས་བཅུ་ཉིན་བཙོན་ལས་གྲོལ་བ་དང་ཞྭ་བསྐོན་ཏེ་ངལ་རྩོལ་སྒྱུར་
བཀོད་བྱས། ལོ་དེའི་ཟླ་གསུམ་པའི་ཚེས་སུམ་ཅུ་ལ་ཞྭ་ཕུད།
༡༩༨༠ལོའི་ཟླ་དང་པོའི་ནང་ནས་གཡུ་རྒྱལ་རུ་ཆེན་གྱི་སྨན་པ་མཛད་དེ་འགྲོ་བ་ཉམ་ཐག་
རྣམས་ལ་སྨན་སྦྱིན་དཔག་མེད་གནང་།
རྡོ་རྗེ་འཆང་འཇམ་དབྱངས་བློ་གྲོས་སོགས་ཀྱི་མདུན་ནས་འཇིགས་བྱེད་དཔའ་གཅིག་སོགས་ཀྱི་དབང་གསན།
དེའི་དགུན་ལ་དབུས་གཙང་དག་པའི་ཞིང་དུ་ཕེབས་ཏེ།
སེ་འབྲས་དགའ་གསུམ་སོགས་ལ་སྐུ་འགྱེད་དང་གྲོ་མར་སོགས་དྲངས་ཏེ་དགེ་འདུན་གྱི་སྡེ་
རྣམས་རྙེད་པ་དང་བཀུར་སྟིས་ཚིམ་པར་མཆོད།
བསྟན་འགྲོའི་དོན་ཆེན་འགྲུབ་པ་སོགས་ཀྱི་ཐུགས་སྨོན་རྒྱ་ཆེར་གནང་།
ཁྱད་པར་དགའ་ལྡན་དུ་བླ་
མཆོད་ཚར་གཅིག་