༄༅།
།དར་རྒྱས་དགོན།
|
༄༅། །སྒ་ཨ་ཁྲོ་བཤད་སྒྲུབ་དར་རྒྱས་དགོན།
དགོན་སྡེ་འདི་རབ་བྱུང་བཞི་པའི་ལྕགས་སྤྲེལ་(
ཕྱི་ལོ་༡༢༦༠)ལ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་བཀའ་ལུང་བཞིན་སྒ་ཨ་གཉན་དམ་པས་ཕྱག་
ནས་མཛད་ཅིང་། གི་ཏམ་ནམ་མཁའ་ལེགས་པས་དགོན་ས་བཏབ།
དེ་ཡང་མཁར་ཕུག་བསམ་བསྟན་གླིང་དང་། དཀར་རོང་གསང་སྔགས་གླིང་། བྲག་
དམར་དབེན་གནས་གླིང་ཞེས་དགོན་གནས་ཆུང་ངུ་རེ་ཡོད་པར་གྲགས་ཤིང་།
སྒ་ཨ་གཉན་དམ་པ་དགོན་ཆུང་གདོང་དུ་ཕེབས་ཏེ། གསེར་མདའི་མཚོ་
ལས་གཏེར་དུ་བཞེས་པར་གྲགས་པའི་ཚོགས་ཟངས་དཀར་མོ་དངུལ་མཚོ་དང་།
མཆོད་ཀོང་བསོད་ནམས་འདན་མོ་( ཁམས་སྟོད་ལོ་རྒྱུས་ཐོར་བསྡུས་
ཀྱི་སྟོད་ཆར་སྐྱོགས་ཞེས་པ་ནོར)། མགར་ཊ་ཞེས་མཆོད་རྫེའུ།
མིང་འདོགས་མི་ཤེས་པའི་ཁྱད་མཚར་ཞིག་བཅས་ནམ་མཁའ་ལེགས་པ་ལ་གནང་སྟེ།
བྲག་དམར་རྟ་མཆོག་ཁྲོས་འདྲའི་མར་གཤམ། རྒྱལ་མཚན་དགུང་དུ་རེག་འདྲའི་མདུན་རོལ།
དུང་དཀར་གཡས་སུ་འཁྱིལ་འདྲའི་གཡོན་ཟུར། བྲག་རི་
གླེགས་བམ་བརྩེགས་འདྲའི་གཡས་ཕྱོགས། ལྷུང་བཟེད་དར་གྱིས་བརྒྱན་འདྲའི་ཡར་གཤམ།
གསེར་ལྡན་དགའ་འཁྱིལ་དབྱིབས་མཚུངས་ངོགས་དེར་
དགོན་པ་ཞིག་བཏབ་ན།
བཤད་སྒྲུབ་དར་ཞིང་རྒྱས་པའི་དགོན་ཆེན་ཞིག་འབྱུང་ཞེས་ལུང་བསྟན་དང་ཕྱག་ནས་མཛད་པས་བཤད་སྒྲུབ་དར་རྒྱས་གླིང་
ཞེས་པའི་མིང་རྒྱུན་ཆགས་སུ་གྲགས།
གཙུག་ལག་ཁང་ཀ་བ་དྲུག་ཅན་ཞིག་བཞེངས་ཤིང་གྲྭ་པ་ཡང་དྲུག་བཞུགས་པས་གྲྭ་དྲུག་ཀ་དྲུག་ཅེས་གྲགས་
གཡེར་བྱུང་། རིམ་མུར་མཁའ་ཕུག་བསམ་གཏན་གླིང་དང་།
དཀར་རོང་གསང་སྔགས་གླིང་གཉིས་དེར་སྤོས་ནས་གཅིག་ཏུ་བྱས། གི་ཏམ་ནམ་མཁའ་
ལེགས་པས་སྒྲུབ་པའི་རྒྱལ་མཚན་འཛིན་ནས་གྲུབ་པར་བརྙེས་པས་རྡོ་ལ་བཞག་པའི་ཞབས་ཕྱག་གི་རྗེས་ད་ལྟའང་བཞུགས།
བ་ཧའི་རྗེས་འཛིན་སོགས་གྲུབ་བརྙེས་མང་དུ་བྱོན་ཀྱང་དྲུང་ཆོས་རྗེའི་གོང་དུ་ཕེབས་པ་འདྲ་ཞེས་རྒྱུས་ཡོད་ཀྱི་མཁས་པ་དུ་མས་བཞེད་པ་ལས་ལོ་
རྒྱུས་དངོས་མ་མཇལ་བས་གསལ་ཁ་མ་བྱུང་།
བ་ཧའི་རྗེས་འཛིན་གྱིས་སྔོན་གྱི་གཙུག་ལག་ཁང་གི་གཡས་སུ་ཀ་བ་བརྒྱད་ཅན་ནང་རྟེན་དུ་གཤིན་རྗེ་
དགྲ་ནག་དང་། གཤིན་རྗེ་གཤེད་དམར།
འཇིགས་བྱེད་ཀྱི་སྐུ་བཅས་བཞེངས་པ་སྤུས་ལྡན་ཞིག་མ་མཐོང་ཡང་བྱིན་རླབས་ཤིན་ཏུ་ཆེ་བར་གྲགས་སོ།
།
གྲུབ་བརྙེས་ཀུན་རྒྱལ་གྱིས་ལམ་འབྲས་ཁང་དང་དེའི་ནང་དུ་ལམ་འབྲས་བླ་བརྒྱུད་ངོར་ཆེན་གོང་དུ་བཞུགས་པ་གསེར་བྲིས་ཁོ་ན་ཡིན་པ་བཞེངས་
བཀོད་ཀྱང་ཕྱིས་སུ་ཁྱད་མཚར་དུ་འཛིན།
དྲུང་ཆོས་རྗེའི་ཞལ་བཀོད་ལམ་འབྲས་ཁང་དུ་ངོར་ཆེན་ཐང་སྐུ་མི་ཚད་ཙམ་བཞེངས་པ་ཕྱིས་སུ་ངོར་ཆེན་
ཞལ་གྲགས་ཞེས་སྐྱེ་རྒུའི་དད་པའི་ཞིང་ས་མཆོག་ཏུ་གྱུར།
བཞེངས་མཁན་ཀུན་དགའ་ཚུལ་ཁྲིམས་ཞེས་མཁས་གྲུབ་གཉིས་ལྡན་ཞིག་སྣང་ཞིང་གསུང་
མགུར་དང་གཏམ་ཚོགས། གནས་བསྟོད་སྐོར་ཅི་རིགས་མཆིས།
གསེར་བྲིས་ཀྱི་རྒྱལ་བའི་བཀའ་འགྱུར་དང་གསུང་རབ་དུ་མ་མཆིས་པ་རྣམས་འདི་པའི་
དུས་བཞེངས་ཞེས་གྲགས། དེ་ནས་གདན་ས་ཇེ་རྒྱས་སུ་སོང་།
ཁྱད་པར་ཤར་ཆེན་མི་འགྱུར་རྒྱལ་མཚན་ཡུན་རིང་བཞུགས་ཤིང་ཀླུ་ལྡིང་གི་གཞིས་ཀ་
དང་ཕོ་བྲང་བཞེངས།
ནང་དུ་ཤར་ཆེན་མི་འགྱུར་རྒྱལ་མཚན་དང་དམག་ཟོར་ཕྲིན་ལས་མྱུར་བ་གྲགས་པའི་སྐུ་བརྙན་སོགས་བཞུགས།
ཨ་ཁྲོ་བླ་རྒན་ཀུན་དགའ་རྒྱལ་མཚན་ཞེས་སྒ་སྨད་གླིང་བླ་བློ་གྲོས་ཀྱི་ཡང་སྲིད་དུ་གྲགས་ཤིང་ཨ་ཁྲོ་དཔོན་ཚང་གི་སྲས་ཡིན་པས་གཅུང་སྐུ་ན་ཕྲ་
སྐབས་དཔོན་ཐོབ་བཞེས།
དགུང་ལོ་ཉེར་ལྔའི་སྟེང་གདན་སའི་མཐིལ་དུ་གཙུག་ལག་ཁང་བསམ་གྲུབ་རྒྱ་མཚོ་ཀ་བ་༣༦ཅན་བཀོད་ལེགས་རབ་ཡིད་
ལྕགས་གླང་ཕྱི་ལོ་༡༨༤༡ལ་གྲུབ།
ནང་བསྟན་དུ་ཐུབ་དབང་གཙོ་འཁོར་གསུམ་གཙོས་ཟངས་གསེར་ཀྱིས་བསྐྲུན།
གཞན་ཡང་དར་རྒྱས་དགོན་འདིར་
སྒྲིག་འཛུགས་སོགས་སྔར་ལས་ལྷག་པར་མཛད།
ཀྱེེ་རྡོར་གཙོས་པའི་སྒྲུབ་མཆོད་ཉིན་བརྒྱ་ཕྲག་ལས་བརྒལ་བ་བཙུགས།
མ་ཚད་སྒ་ཡུལ་སྤྱི་ལ་སྐུ་དྲིན་
ཤིན་ཏུ་ཆེ་ཞིང་དགུང་ལོ་དོན་གཉིས་པ་ལ་གཤེགས།
ཀླུ་ལྡིང་འཇམ་དབྱངས་ཐུབ་བསྟན་ལུང་རྟོགས་རྒྱལ་མཚན་དགུང་ལོ་བདུན་ནས་གདན་ས་འདིར་གདན་དྲངས།
མཁས་པའི་དབང་པོ་ཁྲམ་ཐར་
འདུས་པ་དང་བློ་དགའ་བསྟན་འཛིན་སོགས་ཡོངས་འཛིན་དུ་མ་བསྐོས།
མདོ་སྔགས་རིག་གཞུང་ཀུན་དཔྱིས་ཕྱིན་པར་མཛད་ཅིང་ལྡིང་ཅན་ཕོ་བྲང་
ཡང་རབ་རྒྱལ་ས་སྦྲུལ་( ༡༩༢༩)ལ་གསར་དུ་བཞེངས།
གཙུག་ལག་ཁང་གི་གསེར་འཕྲུ་རྒྱལ་མཚན་ཟངས་གསེར་གྱིས་བསྐྲུན།
སྐུ་གསུང་ཐུགས་རྟེན་
གསར་བཞེངས་དང་ཆོས་འཆད་ཉན་སོགས་བསམ་ཡུལ་ལས་འདས་པ་མཛད་ཅིང་དགུང་ལོ་ང་དགུའི་སྟེང་ལྡིང་ཅན་ཕོ་བྲང་དུ་གཤེགས།
དགོན་འདིའི་སྤྲུལ་སྐུ་སྐུ་ཕྲེང་དང་པོ་འཇམ་དཔལ་ཀུན་དགའ་བསྟན་འཛིན་ནི།
ཨ་ཁྲོ་འཛོམ་དེལ་གྲོང་གི་གྲུབ་པ་ཚང་ལ་རབ་བྱུང་བཅུ་གསུམ་པའི་
ཤིང་ཡོས་ཕྱི་ལོ་༡༧༩༥ལོར།
ཡབ་བཀྲ་ཤིས་བསམ་གྲུབ་དང་ཡུམ་བསོད་ནམས་ཆོས་སྐྱིད་ཀྱི་སྲས་སུ་བལྟམས།
དགུང་ལོ་ཆུང་ངུའི་དུས་སུ་རང་དགོན་གྱི་
ཚོགས་གྲལ་དུ་ཞུགས་ཤིང་འབྲི་ཀློག་ནས་བཟུང་སྟེ་ཆོ་ག་ཆོས་སྤྱོད་ཀྱི་རིམ་པ་རྣམས་སྦྱངས་པ་ཕུལ་དུ་སོན་པར་མཛད།
དགུང་ལོ་བཅུ་དྲུག་པའི་དུས་
སུ་དཔལ་ས་སྐྱའི་ཁྲི་ཆེན་རིན་པོ་ཆེས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པའི་སྐྱེས་བུ་ཆེན་པོ་ཞིག་འབྱུང་བ་ལུང་གིས་བསྔགས།
དགུང་ལོ་ཉི་ཤུ་
ཐོག་ངོར་ཨེ་ཝཾ་ཆོས་ལྡན་དུ་ཕེབས་ནས་བསྙེན་རྫོགས་ཞུས་ཤིང་།
ལམ་འབྲས་བུ་དང་བཅས་པའི་ཆོས་སྐོར་ཀུན་དང་དབང་ལུང་མན་ངག་སོགས་
གསན་བསམ་རྒྱ་ཆེར་མཛད། དེ་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཚར་དུ་མ་དང་།
བསྟན་འགྱུར། རྒྱུད་སྡེ། ལམ་འབྲས་ཀྱི་ཆོས་སྐོར་ཆ་ལག་དང་
བཅས་པ། སྒྲུབ་ཐབས་སོགས་གསུང་རབ་ཤིན་ཏུ་མང་པོ་རང་དགོན་དུ་གདན་དྲངས་ཤིང་།
སྐུ་རྟེན་དང་ཐུགས་རྟེན། ལམ་འབྲས་ཁང་བཞེངས་པ་
སོགས་མཛད་ཕྲིན་ཁོང་ལས་ཆེ་བ་མ་བྱུང་།
སྐུ་ཚེའི་སྨད་ལ་ཆོས་འཆད་པ་དང་ཐོས་དོན་ལ་རྩེ་གཅིག་ཏུ་གཞོལ་བའི་སྒོ་ནས་ལུང་རྟོགས་ཀྱི་བསྟན་པ་
ཡ་མ་བྲལ་བར་ཡུན་རིང་དུ་བསྐྱངས་ཏེ་མཐར་རབ་བྱུང་བཅུ་བཞི་པའི་ཤིང་གླང་(
༡༨༦༥)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་
ཏོ། །
སྐུ་ཕྲེང་གཉིས་པ་མཁས་པའི་དབང་པོ་འཇམ་དཔལ་བློ་གྲོས་བསྟན་འཛིན་ནི།
རབ་བྱུང་བཅོ་ལྔ་པའི་མེ་ཁྱི་( ༡༨༨༦)ལོར་ངོ་མཚར་བའི་ལྟས་དང་
བཅས་ཨ་ཁྲོ་གཡུ་མདའ་གྲོང་དུ་འཁྲུངས།
དགུང་ལོ་ཆུང་ངུ་ནས་ཐུགས་རིག་ཤིན་ཏུ་བཀྲ་ཞིང་རྣམ་དཔྱོད་ཀྱི་རྩལ་རྫོགས་པ།
བྱམས་དང་སྙིང་རྗེས་
རྒྱུད་བརླན་པས་འགྲོ་ལ་ཁྱད་མེད་བུ་གཅིག་པུའི་མ་ལྟར་བྱམས་ཀྱིས་སྐྱོང་བ།
འབྲི་ཀློག་དང་སྒྲིག་འདོན། དབྱངས་རྟ་རོལ་མོ། ཐིག་རྡུལ་ཚོན། གཏོར་
བཟོ་མཆོད་བཤམས་སོགས་ཚེགས་མེད་དུ་མཁྱེན།
བར་སྐབས་ཤིག་ལ་ངོར་ཨེ་ཝཾ་ཆོས་ལྡན་དུ་ཕེབས་ཏེ་བསྙེན་རྫོགས་ཞུས།
འཇམ་དབྱངས་ཆོས་ཀྱི་བློ་
གྲོས་དང་རྫོགས་ཆེན་གཞན་དགའ་རིན་པོ་ཆེ་སོགས་ཀྱི་ཞབས་རྡུལ་སྤྱི་བོར་བླངས་ཏེ་མི་ལོ་ཉེར་གཅིག་ལྷག་ལ་ཐོས་བསམ་མཛད་ནས་སླར་ཕེབས།
འཇམ་དཔལ་ཀུན་དགའ་བསྟན་འཛིན་གྱི་ཡང་སྲིད་དུ་མངའ་གསོལ།
བཤད་གྲྭ་བཙུགས་ཏེ་འཆད་ཉན་རྒྱ་ཆེར་སྤེལ། སྒ་ཡུལ་གྱི་མཁས་དབང་རྣམས་
ཀྱིས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་ཞེས་བསྔགས་པའི་མེ་ཏོག་ཐོར་ཞིང་གྲགས་སྙན་ཀུན་ཏུ་ཁྱབ།
སློབ་བུ་ཡང་ཕྱོགས་ཀུན་ནས་འདུས་
ཤིང་། འཆད་མཁས་འཇམ་དབྱངས་ལྷུན་གྲུབ། རྩོད་མཁས་དངུལ་ལུང་ཟླ་བ།
རྩོམ་མཁས་འཇམ་དབྱངས་ཡོན་ཏན། གཞན་ཡང་གསེར་སྤྲུལ་ལུང་
རྟོགས་རྒྱལ་མཚན། སྒ་སྟོད་ཀརྨ་འཇམ་དབྱངས། མཆོག་སྤྲུལ་ཀརྨ་མགོན་པོ།
གནས་བཟང་མཆོག་སྤྲུལ་ཀརྨ་བསྟན་འཛིན། ཨ་ཁྲོ་འཇིགས་དགའ་སོགས་
རྒྱལ་བསྟན་གསལ་བར་མཛད་ནུས་པ་མང་དུ་བྱུང་།
བཤད་གྲྭའི་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་གསར་བཞེངས་མཛད་པ་སོགས་མཛད་པ་
ཆེ་ཞིང་ཉིན་མཚན་ཁོར་མོ་ཡུག་ཏུ་ཉམས་ལེན་དང་འཆད་ཉན་གྱིས་དུས་འདའ་བར་དགུང་གྲངས་དོན་བཞི་པའི་ས་ཕག་(
༡༩༥༩)ལ་དགོངས་པ་
བསྡུས། འདི་པའི་ཡང་སྲིད་ད་ལྟ་རྫོང་སར་བཤད་གྲྭར་བཞུགས།
ཀླུ་ལྡིང་མཁན་རིན་པོ་ཆེ་འཇམ་དབྱངས་བསྟན་པའི་ཉི་མ་དགུང་ལོ་ལྔ་པ་ནས་ཉེར་ལྔའི་བར་གདན་ས་འདིར་བཞུགས་ཏེ་མདོ་སྔགས་རིག་གཞུང་
ཀུན་ལ་མཐར་སོན་པ་སྦྱངས་ཤིང་དཔལ་ཨེ་ཝྃ་ཆོས་ལྡན་གྱི་ཁྲི་འཛིན་དང་ཤར་ནུབ་རྒྱལ་ཁབ་དུ་མ་ལ་ཆོས་ཆར་ཕབ།
དུས་ཟིང་གི་ཡར་སྔོན་དུ། གྲྭ་པ་༡༡༥( ཡིག་ཚགས་ལྟར) འདུ་ཁང་ལྔ་ལ་ཀ་བ་༨༠
ལྷ་ཁང་ཀ་བ་༤ ཇ་ཁང་སོགས་ཁག་གསུམ་ལ་ཀ་བ་༡༢ གྲྭ་ཤག་
༤༤སྟེ་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༣༠༧༠ལྷག
རྒྱལ་བ་བྱམས་པའི་སྐུ་སོགས་སྐུ་དང་ཐུགས་ཀྱི་རྟེན་༡༠༠༠ལྷག
བཀའ་བསྟན་འགྱུར་གཙོས་
གསུང་རྟེན་པོད་༡༨༠༠ལྷག ཞལ་ཐང་༥༠༠ལྷག མཆོད་ཆས་གཞན་དག་སྣ་གྲངས་༢༠༠༠ལྷག
ཞིང་ཁལ་༧༠༠ རྟ་དྲེལ་༧༠ ནོར་༡༥༠ཙམ། མ་ཎི་བུམ་
སྒྲུབ་སོགས་ལོ་རེར་རྒྱུན་ཚོགས་ཉིན་༢༢༨བཅས་ཡོད།
དེ་ནས་དུས་འགྱུར་སྐབས། གཙུག་ལག་ཁང་རྣམས་ས་ཡི་ཕུང་པོར་བསྒྱུར།
གསུང་རབ་རྣམས་འཇའ་ལུས་སུ་གཤེགས། སྐུ་རྟེན་ཆེ་ཤོས་རྣམས་ཕྲིན་
ལས་ཀྱི་འཇུག་བསྡུ་བ་བྱས་ཀྱང་མི་རིང་བར་སྐབས་བཅུ་གཅིག་པ་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ནས་མགོ་ཚུགས་ཏེ་མི་རིགས་ཆོས་
ལུགས་སྲིད་ཇུས་སོགས་དོན་འབབ་ཀྱིས་རྒྱལ་བསྟན་བསྐྱར་དར་བྱུང་བས་༡༩༨༥ལོའི་ཟླ་༤ཚེས་༨ཉིན་ཆོས་སྒོ་དབྱེ་བའི་ཆོག་མཆན་ཐོབ་པ་ལ་གཏན་
ཚད་གྲྭ་པ་༣༠ཡིན།
རང་དགོན་གྱི་རྒྱལ་བསྟན་གསོ་བའི་སྐྱེས་མཆོག་རིག་འཛིན་ཆོས་འཕེལ་དང་ཀླུ་ལྡིང་མཁན་རིན་པོ་ཆེ་སོགས་བླ་གྲྭ་ཐུན་མོང་དང་
དགོན་སྡེ་ཟུང་གིས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་དུ་གཏོང་མགོ་ཚུགས།
ཀླུ་ལྡིང་མཁན་རིན་པོ་ཆེ་ལན་གཉིས་ཕེབས་པའི་ཐོག་མར་
དབང་ལུང་ཁྲིད་མན་ངག་དང་རབ་བྱུང་གི་སྡོམ་པ་བསྩལ་བ་སོགས་ཇོ་བོ་ཨ་ཏི་ཤ་གངས་ལྗོངས་སུ་ཆིབས་བསྒྱུར་བ་ལྟར་གནང་།
རྗེས་མའི་ཚེ་གདན་
ས་འདི་ན་ཟླ་བཞིའི་རིང་དུ་ལམ་འབྲས་སློབ་བཤད་གཙོས་བཀའ་ཆོས་ཇི་སྙེད་དང་།
ཀླུ་ལྡིང་ཞབས་དྲུང་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་གྱིས་སྒྲུབ་
ཐབས་ཀུན་བཏུས་ཀྱི་དབང་།
ཐར་རྩེ་ཞབས་དྲུང་ངག་དབང་བསོད་ནམས་མཆོག་ལྡན་གྱིས་ངོར་ཆེན་གསུང་འབུམ་གྱི་ལུང་སོགས་ཡུལ་གྲུ་ཀུན་ནས་
ཕེབས་པའི་བླ་སྤྲུལ་དང་དགེ་འདུན་རྣམས་ལ་གནང་།
གཙུག་ལག་ཁང་བསམ་གྲུབ་རྒྱ་མཚོ་བཞེངས་སྐབས།
ཀླུ་ལྡིང་མཁན་རིན་པོ་ཆེ་དང་ཡོ་རའི་དབུ་རྒན་རིག་འཛིན་ཆོས་འཕེལ་སོགས་དགོན་སྡེ་ཐུན་
མོང་གིས་འགྲོ་གྲོན་སོགས་དང་།
འཇམ་དབྱངས་ཀུན་དགའ་དང་བསྟན་པའི་རྒྱལ་མཚན་གྱིས་ལས་བཀོད་ཀྱི་འགན་གཙོ་བོ་བཞེས་པས།
སྔོན་གྱི་
གཙུག་ལག་ཁང་དེ་རྒྱ་བསྐྱེད་ནས་ཀ་བ་༦༠
སྤེན་པད་གསེར་འཕྲུ་དང་བཅས་པ་རབ་རྒྱན་ས་སྦྲུལ་( ༡༩༨༩)ལ་གྲུབ།
ནང་རྟེན་དུ་ཐུབ་དབང་གཙོ་
འཁོར་གསུམ་དང་། གནས་བརྟན་བཅུ་དྲུག རྒྱལ་ཆེན་བཞི། ས་སྐྱ་གོང་མ་རྣམ་ལྔ།
ས་ངོར་ཚར་གསུམ། ཤར་ཆེན་འཇམ་དབྱངས་ལུང་རྟོགས་རྒྱལ་
མཚན་གྱི་སྐུ་བརྙན་བཅས་བཞུགས་པ་དེ་ལས་ཀླུ་ལྡིང་མཁན་ཞབས་དྲུང་རྣམས་ཀྱིས་ལམ་འབྲས་སོགས་བཀའ་ཆོས་གནང་།
བཤད་གྲྭའི་གཙུག་ལག་ཁང་དེ་སྔོན་གྱི་གྱང་རྙིང་ལ་གཞིར་བྱས་ཏེ་ཡོ་རའི་དབུ་རྒན་རིག་འཛིན་ཆོས་འཕེལ་གཙོས་ཐུན་མོང་གིས་བཞེངས།
ནང་
རྟེན་དུ་ས་ངོར་ཚར་གསུམ་དང་།
ཁྱད་པར་ཤར་ཆེན་ཀླུ་ལྡིང་མཁན་རིན་པོ་ཆེ་འཇམ་དབྱངས་བསྟན་པའི་ཉི་མའི་སྐུ་བརྙན་ཉིད་ཀྱིས་ཕྱག་ནས་མཛད་
པ་བཅས་བཞུགས། བཤད་གྲྭའི་གྲྭ་ཤག་༣༠དང་།
མཁན་པོ་གཉིས་ཀྱི་གཟིམ་ཆུང་ཕྱི་ནང་ཀུན་ལ་ཀ་བ་༨
ཇ་ཁང་ཀ་བ་༦བཅས་རབ་རྒྱན་མེ་གླང་ཕྱི་ཟླ་
༥པ་ནས་མགོ་བཙུགས་པ་ཕྱི་ཟླ་༡༠པའི་ཚེས་༣ཉིན་གྲུབ་པའི་འགྲོ་གྲོན་དང་ཐུགས་བཀོད་སོགས་འཇམ་དབྱངས་ཀུན་དགས་མཛད།
དྲུག་ཅུ་ལྷ་ཁང་དེ་རབ་རྒྱན་ཆུ་སྤྲེལ་( ༡༩༩༢)ནས་མགོ་བརྩམས་ཏེ།
སྔར་གྱི་ལམ་འབྲས་ཁང་དང་དྲུག་ཅུ་ཁང་གཅིག་ཏུ་གྱུར་པ་གཙུག་ལག་ཁང་ཀ་
བ་༢༠ ཕྱི་ནང་སྟེང་ཤོད་ཚང་མ་བསྡོམས་པས་ཀ་བ་༡༠༤སྟེ། གཞལ་ཡས་ཁང་། མགོན་ཁང་།
གསང་བའི་མགོན་ཁང་། སྔགས་རྒྱུན་ཁང་། རྒྱུན་བཞུགས་
ཁང་། སྔགས་རྒྱུན་མཚམས་ཁང་། ཇ་ཁང་། བླ་མའི་གཟིམ་ཤག སྤྱི་གཉེར་ཁང་།
མཛོད་ཁང་བཅས་ཤར་ཆེན་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་ཉི་
མའི་ཞལ་བཀོད་བཞིན་བསྟན་པའི་རྒྱན་མཚན་གྱིས་འགྲོ་གྲོན་དང་ལས་བཀོད་མཛད།
ནང་རྟེན་དུ་འབྱུང་འདུལ་དང་དཔལ་མགོན་གྱི་སྨན་སྐུ་མི་ཚད་
ཙམ་རེ། གུར་ལྷ་བརྒྱད། དཔལ་མགོན་བྲམ་གཟུགས། དམག་ཟོར།
རྣམ་སྲས་བཅས་ཀྱི་སྨན་སྐུ་རྣམས་དགོན་གཞུང་གིས་བཞེངས་པ་ལེགས་པར་གྲུབ།
དེ་ལྟར་འདུ་ཁང་གསུམ་ལ་རྒྱ་ཁྱོན་ཀ་བ་༨༢ ལྷ་ཁང་ཀ་བ་༤ ཇ་ཁང་སོགས་གསུམ་ལ་ཀ་བ་༡༦
གྲྭ་ཤག་༤༨བཅས་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་
བཞི་མ་༤༦༤༠ སྒྲོལ་སྐུ་སོགས་སྐུ་དང་ཐུགས་ཀྱི་རྟེན་༥༥༦ ཆོས་པོད་༢༣༠༠ལྷག
ཞལ་ཐང་༡༡༥ མཆོད་ཆས་གཞན་དག་སྣ་གྲངས་༡༢༤༡ ཚོང་ཁང་
༩ རླངས་འཁོར་༡ ནོར་༢༡༤ དགུ་ཆེན་སོགས་ལོ་རེར་རྒྱུན་ཚོགས་ཉིན་༩༦བཅས་ཡོད།
|
|