กก

༄༅། །ཐར་ལམ་དགོན།

༄༅། །ཐར་ལམ་ས་བཟང་རྣམ་རྒྱལ་གླིང་།
དགོན་འདི་ཆགས་པའི་གནས་ནི་ཁམས་ཀྱི་སྒ་སྟོད། དམར་གསུམ་སྡེ་བརྒྱད་དུ་གྲགས་པའི་ནང་ཚན་ཏེ། འཛམ་གླིང་ས་ཡི་ལྟེ་བ། །རྒྱ་གར་རྡོ་རྗེ་གདན་
གྱི། །བྱང་ཕྱོགས་བོད་ཀྱི་རྒྱལ་ཁམས། །སྒ་སྟོད་ནོར་བུ་གླིང་གི །ས་བཟང་རྣམ་རྒྱལ་གླིང་པ། །ཞེས་པ་ལྟར། གནམ་འཁོར་ལོ་རྩིབས་བརྒྱད་གདུགས་ལྟར་
འཁྱིལ་བའི་མར་གཤམ། ས་པདྨ་འདབ་བརྒྱད་གདན་ལྟར་བཏིངས་པའི་ཡང་སྟེང་། བར་བཀྲ་ཤིས་རྟགས་བརྒྱད་ཀྱི་ར་བས་བསྐོར་བའི་ནང་རོལ། ཡར་
གླིང་རྣམ་རྒྱལ་སྒང་དང་། མར་གླིང་སེང་གེ་སྒང་། བར་གླིང་བཀྲ་ཤིས་གླིང་དང་བཅས་གླིང་གསུམ་དུ་གྲགས་པ་དང་། ཤར་གླིང་མཎྜལ་འབུལ་འདྲ་
ལ། །གསེར་དངུལ་ཕྲ་ཚོམ་བརྒྱན་འདྲ་ཡོད། །ནུབ་གླིང་རིན་ཆེན་རཱ་གའི་མདོག །རྣམ་རྒྱལ་མཆོད་རྟེན་བཞེངས་འདྲ་ཡོད། །བར་གླིང་དཀྱིལ་འཁོར་
བཞེངས་འདྲ་ལ། །བདེ་གཤེགས་ཞིང་ཁམས་མཇལ་འདྲ་ཡོད། །ཅེས་པའོ། །
དགོན་ས་འདི་ཐོག་མར་འདེབས་མཁན་ནི། རྒྱ་བོད་མཁས་གྲུབ་ཀུན་གྱི་གཙུག་རྒྱན་ཇོ་བོ་སྨྲྀ་ཏི་ཛྙཱ་ན་སྟེ། ཁོང་གིས་འབའ་རས་རུ་བའི་ར་འཚོ་རྒྱུ་
དང་། དུང་འཁོར་རུ་བའི་སད་འགོག་རྒྱུ། ཐར་ལམ་དགོན་པའི་ཧུབ་ལྷག་གཙང་མ་བཟོ་རྒྱུ་སོགས་དུས་གཅིག་ལ་རྫུ་འཕྲུལ་གྱིས་མཛད་པ་ཡུལ་མིའི་
ངག་རྒྱུན་དུ་གྲགས་ཤིང་། དྲུང་ཆོས་རྗེ་ཀུན་དགའ་རིན་ཆེན་གྱིས་ཐོག་མར་མགོན་ཁང་བཞེངས་ནས་སྒ་རབ་འབྱམས་པ་ཀུན་དགའ་ཡེ་ཤེས་ཀྱིས་རྒྱ་
བསྐྱེད་པའི་ལོ་རྒྱུས་དངོས་བཅས་ལ་དཔགས་ན་སྔ་མར་དགོན་སྡེ་ཞིག་ཡོད་པར་མངོན་མོད། གྲུབ་མཐའ་སོགས་འདི་ཡིན་གྱི་ལོ་རྒྱུས་ཁ་གསལ་ཁུངས་
ཐུབ་ཅིག་ད་སྔ་མ་མཇལ་བས་རེ་ཞིག་ཚོད་སྨྲ་མི་བྱའོ། །
དཔལ་ས་སྐྱ་པའི་གྲུབ་མཐར་གྱུར་ནས་དགོན་སྡེ་དར་སྤེལ་བཏང་ཚུལ་ནི། རབ་བྱུང་བདུན་པའི་ཤིང་རྟ་( ཕྱི་ལོ༡༤༡༤)ལོར། ངོར་ཆེན་རྡོ་རྗེ་འཆང་
ཀུན་དགའ་བཟང་པོའི་ཐུགས་སྲས་དྲུང་ཆོས་རྗེ་ཀུན་དགའ་རིན་ཆེན་གྱིས་ཐོག་མར་མགོན་ཁང་བཞེངས་ཤིང་། ཡང་ངོར་ཆེན་ཀུན་དགའ་བཟང་པོ་
དང་། རྗེ་ཙོང་ཁ་པ། བྱང་སེམས་རྭ་སྒྲེང་བ་ཤཱཀྱ་བསོད་ནམས་སོགས་ཀྱི་དངོས་སློབ། སྒ་རབ་འབྱམས་པ་ཀུན་དགའ་ཡེ་ཤེས་ཀྱིས་རབ་བྱུང་བདུན་པའི་
ས་ལུག་( ༡༤༣༩)ལོར་རྒྱ་བསྐྱེད་ནས་དགོན་བདག་མཛད་པས་དར་ཞིང་རྒྱས་པར་གྱུར། དེ་སྐབས་ཤར་གླིང་མཎྜལ་སྒང་གི་གཙུག་ལག་ཁང་གི་རྟེན་གྱི་
གཙོ་བོར། གསེར་ལས་གྲུབ་པའི་གུར་མགོན་གྱི་སྐུ་ཁྲུ་ཚད་ཅན་དང་། རབ་འབྱམས་པ་ཉིད་ཀྱི་གསུང་དང་བཀའ་ཤོག་སོགས་གསུང་རབ། རྭ་ལོ་རྡོ་རྗེ་
གྲགས་པའི་དགང་གཟར་བླུགས་གཙོས་སྐུ་གསུང་ཐུགས་རྟེན་མང་དུ་བཞུགས་ཤིང་དགེ་འདུན་བཅུ་ཕྲག་འགའ་འདུས།
དེ་རྗེས་ཆེན་པོ་སངས་རྒྱས་བློ་གྲོས་ཀྱིས་གདན་ས་བསྐྱངས། ཡང་གྲུབ་ཆེན་ཀུན་དགའ་རྣམ་རྒྱལ་གྱིས་གདན་ས་བསྐྱངས་པ་དང་། སྡེ་གཞུང་ཧོར་ཁོག་
ནས་རོ་ལངས་བཏུལ་བ་སོགས་སྙན་གྲགས་ཀྱིས་གདུལ་བྱ་དཔག་མེད་འབྱོར། དགེ་འདུན་ཡང་བརྒྱ་རྩ་བརྒྱད་ཙམ་འཕེལ། རབ་བྱུང་བཅུ་གཉིས་པའི་
མེ་རྟ་( ཕྱི་ལོ༡༧༢༦)ལ་ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་ཐར་ལམ་དགོན་དུ་ཕེབས་པའི་གདན་ཞུ་ཕུལ་བ་ལྟར་ས་སྤྲེལ་( ཕྱི་ལོ༡༧༢༨)ལོའི་
དབྱར་ཀར་ཕེབས་པས་དམར་གསུམ་སྡེ་བརྒྱད་ཀྱིས་དེ་ཤོད་མདའ་ནས་རྟ་བསུ་ཇ་འདྲེན། དགོན་ནང་ནས་ཆོས་རྗེ་ཀུན་དགའ་རྣམ་རྒྱལ་དང་བན་
དཔོན་དཀོན་མཆོག་རྒྱལ་མཚན་སོགས་ཀྱིས་ཞབས་ཏོག་ལེགས་པར་ཞུས། ཆུ་བྱི་( ཕྱི་ལོ༡༧༣༢)ལོའི་བོད་ཟླ་གསུམ་པ་ལ་སླར་ཕེབས། ཡོན་བདག་ཁུ་
ཐོག་དང་ཤེ་པ་ཕ་བུ་བཅས་ཀྱིས་ཞབས་ཏོག་ཞུས། ཟླ་བཞི་ཚེས་ཉི་ཤུ་སྐོར་གྱི་གཟའ་སྐར་བཟང་བའི་ཉིན་ཞིག་ལ། བསང་དང་། མགོན་ཁང་དུ་བསྐང་བ་
འཕྲིན་བཅོལ་ཕུལ། སྒར་ཕབ་ཉིན་ཇ་ཁུག་དང་ལྕགས་རྫ། མགོན་ཁང་དུ་ཕྱག་ཕྲེང་སོགས་ལུས་པས། རྒྱབ་སོར་སླར་ཕེབས་དགོས་པ་ཡིན་ནམ་སྙམ་
གསུངས། ཞག་གསུམ་བཞི་ནས་སྒར་བཏེག སྡེ་དགོན་གཉིས་ཀས་རྒྱ་རོང་སྒང་བར་དང་། གྲྭ་མང་དང་ཡོན་བདག་ཆེ་ཁག་ཚོས་དེ་ཤོད་མདའ་བར་
བསྐྱལ། ལྕགས་སྤྲེལ་( ཕྱི་ལོ༡༧༤༠)ལ་སླར་ཕེབས་ནས་ཞག་གསུམ་བཞུགས། དམར་གསུམ་སྡེ་བརྒྱད་ཀྱིས་ཞུས་པ་ལྟར་ཐག་ལབ་མདོ་ནས་དབང་བུམ་
གཏེར་མཛད། ལྕགས་བྱ་( ཕྱི་ལོ༡༧༤༡)ལ་ཆོས་རྗེ་ཀུན་དགའ་རྣམ་རྒྱལ་ངོར་དུ་ཕེབས། དགུན་ཁར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་ཕེབས་པ་ལ་
དབོན་རིན་པོ་ཆེ་བསོད་ནམས་དཔལ་གྲུབ་དང་། དྭའུ་སྤྲུལ་སྐུ་བྱམས་པ་ཡེ་ཤེས་མཆོག་གྲུབ། དམར་གསུམ་སྡེ་བརྒྱད་བཅས་ཀྱིས་ཇོ་ཚེ་འཕྲང་མགོ་ནས་
བསུ་བ་ཞུས། དབོན་བསོད་ནམས་དཔལ་གྲུབ་ཀྱི་ཤག་ཏུ་བཞུགས། ཐག་མགྲོན་དང་། འཛིན་མདའི་སྦྱིན་བདག འཛིན་ཕུར་དུང་འབུད་བླ་མ་བསོད་
ནམས་མཆོག་ལྡན་ཞིང་ཕེབས་ཀྱི་ཞལ་ཆེམས་ལྟར་གཟིམ་ཁང་བཅས་སུ་ཕེབས། ཆུ་ཕག་( ཕྱི་ལོ༡༧༤༣)གི་ལོ་སར་ལ་ཆོས་རྗེ་ཀུན་དགའ་རྣམ་རྒྱལ་
དགོན་ཆེན་དུ་ཕེབས་ཏེ་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་ལས་དབང་བཀའ་བྱིན་རླབས་ཞུས། མེ་སྟག་( ཕྱི་ལོ༡༧༤༦)ལོའི་བོད་ཟླ་གསུམ་པར་དབོན་
རིན་ཆེན་དཔལ་གྲུབ་སྐྱེ་རྒུ་དོན་གྲུབ་གླིང་དུ་ཕེབས་ཏེ་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་ལས་དབང་བྱིན་རླབས་སོགས་ཞུས། ཆོས་རྗེ་ཀུན་དགའ་རྣམ་
རྒྱལ་གྱིས་བར་གླིང་བཀྲ་ཤིས་གླིང་དུ་གཙུག་ལག་ཁང་ཀ་བ་བཅུ་དྲུག་ཅན་བཞེངས་པ་ས་འབྲུག་( ཕྱི་ལོ༡༧༤༨)ལོའི་ཟླ་དགུ་པར་གྲུབ། ས་སྦྲུལ་( ཕྱི་
ལོ༡༧༤༩)ལོའི་ས་ག་ཟླ་བར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་ཕེབས་ཏེ་ལྷ་ཁང་གསར་པ་ལས་དབང་རབ་གནས་མཛད་ཅིང་། ལྕགས་རྟ་( ཕྱི་
ལོ༡༧༥༠)ལ་སླར་ཆོས་རྗེ་ཀུན་དགའ་རྣམ་རྒྱལ་དང་དབོན་དཔལ་གྲུབ། རིན་ཆེན་མཆོག་གྲུབ་བཅས་ཀྱིས་གདན་དྲངས། ལོ་འདིའི་མཇུག་གམ་ལྕགས་
ལུག་གི་ལོ་མགོར་ཆོས་རྗེ་ཀུན་དགའ་རྣམ་རྒྱལ་གཤེགས། ཆུ་སྤྲེལ་( ཕྱི་ལོ༡༧༥༢)ལ་གཉེར་པ་བསྟན་འཛིན་བཟང་པོས་མཁན་ཆེན་དཔལ་ལྡན་ཆོས་
སྐྱོང་ལ་ཆོས་རྗེ་ཀུན་དགའ་རྣམ་རྒྱལ་གྱི་སྤྲུལ་སྐུ་འབྱོར་མིན་བརྟག་པ་ཞུས། ཆུ་བྱ་( ཕྱི་ལོ༡༧༥༣)ལ་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་ཕེབས་ཏེ་གཙུག་
ལག་ཁང་ནས་ཁྲུས་གསོལ་གནང་ཞིང་ཐག་མགྲོན་བར་དུ་ཟླ་གཅིག་ཙམ་བཞུགས།
དེ་ནས་མཁས་གྲུབ་རབ་དཀར་ལྷུན་གྲུབ་ཀྱིས་བདག་ཁྲི་མཛད་ནས་མདོ་སྔགས་ཀྱི་གཞུང་རྒྱ་ཆེར་སྤེལ། དེ་ནས་བླ་མ་བཀྲ་ཤིས་ཆོས་འཕེལ་གྱིས་
གདན་ས་ཅུང་བསྐྱངས་ཤིང་། རྣམ་རྒྱལ་སྒྲུབ་ཁང་རྩེར་སྒྲུབ་པ་ལ་བཞུགས།
དེ་ནས་ཡང་དག་དོན་གྱི་གྲགས་སྙན་ཕྱོགས་བརྒྱར་འབར་བ། སྒ་སྟོན་རྡོ་རྗེ་འཆང་འཇམ་མགོན་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་
ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོས་གདན་ས་བསྐྱངས་ཏེ། ཁོང་ནི་ཁམས་སྟོད་སྒ་སྨད་འཛིན་མདར། ཡབ་ཀུན་དགའ་གྲགས་པ་དང་ཡུམ་ལྷ་མོ་སྒྲོན་
གྱི་སྲས་སུ་རབ་ཡིད་ཤིང་བྱི་( ༡༨༦༤)ལ་འཁྲུངས། ཡབ་ཡུམ་གཉིས་ལ་སྲས་དང་སྲས་མོ་བདུན་ཡོད་པའི་ཆེ་བ་ཡིན། ཁོང་གིས་ང་སྐྱེས་ནས་ཟླ་བ་མང་
པོ་མ་ལོན་ཀྱང་། དཔལ་ཆུང་དཔལ་རྒྱས་ཚང་གི་བག་མ་བག་རོགས་རྣམས་གྲལ་བསྒྲིགས་ནས་བསྡད་པ་ད་ལྟ་ངས་གསལ་བར་དྲན་འདུག་གསུངས།
དགུང་ལོ་བདུན་བཞེས་སྐབས་མཁན་ཆེན་ཀུན་དགའ་བློ་གྲོས་ཀྱི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་ནོད། དགུང་ལོ་བཅུ་སྐབས་གྲུབ་མཆོག་ངག་དབང་
བཤད་སྒྲུབ་ཀྱི་མདུན་ནས། མཁའ་སྤྱོད་མའི་བྱིན་རླབས་ཁྲིད་བཅས་ཚང་མ་ཐོབ། བཅོ་ལྔའི་དུས་སྒ་ཐར་ལམ་དགོན་གྱི་ཚོགས་སྒྲིག་ལ་ཕེབས། བཅུ་དྲུག་
སྐབས་གྲུབ་མཆོག་འཇམ་དཔལ་བསྟན་འཛིན་གྱི་མདུན་ནས་ཆོས་མང་དུ་ཐོབ། མགོན་པོའི་བསྙེན་མཚམས་སྐབས་ཕྲིན་ལས་རྣམ་བཞི་འགྲུབ་པའི་
རྟགས་མང་དུ་བྱུང་། དེ་ནས་ལོ་གཉིས་གསུམ་བར་དཔེ་ཆ་འབྲི་བ་དང་། བསྙེན་སྒྲུབ་གང་འོས་མཛད། དགུང་ལོ་བཅོ་བརྒྱད་བཞེས་སྐབས་དཔལ་ཨེ་ཝཾ་
ཆོས་ལྡན་དུ་ཕེབས། ངོར་པའི་གདན་རབས་ང་བརྒྱད་པ་ལྕེ་བཙུན་ངག་དབང་བློ་གྲོས་སྙིང་པོའི་དྲུང་ནས། འབྱུང་འདུལ། རྣམ་རྒྱལ་མ། རི་ཁྲོད་མའི་
རྗེས་གནང་གསུམ་སྔོན་དུ་འགྲོ་བའི་སྒོ་ནས་ལམ་འབྲས་ཚོགས་བཤད་ཀྱི་སྨིན་གྲོལ་ཡོངས་རྫོགས་དང་། ཀྱེེ་རྡོར་བཀའ་བབས་ཕྱི་མ་གསུམ་གྱི་དབང་།
པོད་དམར་སེར་གྱི་ལུང་། ཐར་རྩེ་པཎ་ཆེན་གྱིས་བསྒྲིགས་པའི་ཆོས་སྤྱོད་པོ་ཏིའི་ལུང་། དཔལ་མགོན་ཞལ་བསྙེན་དུས་ཀྱི་རྗེས་གནང་རྣམས་ཐོབ་ཅིང་།
ཚིགས་གསུམ་རིམ་ནོད་ཀྱིས་བསྙེན་པར་རྫོགས། དེ་ནས་ས་སྐྱ་གོང་དང་མར་ལམ་ལྷ་ས་ལ་ཇོ་བོ་མཇལ་བར་ཕེབས། དགུང་ལོ་ཉེར་གཅིག་ལ་བར་
ཁམས་སྡེ་དགེར་བྱོན། ཐུབ་དབང་གཉིས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་དཀྱིལ་མཇལ། རྗེ་ཉིད་ཀྱི་དྲུང་ནས་སྔ་ཕྱིར་དབུ་མ་ལུགས་
ཀྱི་སེམས་བསྐྱེད་ལན་གཉིས། བྱམས་སྨོན་བཤད་ལུང་ལན་གཉིས། མཁའ་སྤྱོད་མའི་བྱིན་རླབས་དང་། ཁྲིད་ལུང་ཡོངས་རྫོགས་ཚར་གསུམ། ཐུགས་རྗེ་
ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་གི་རྗེས་གནང་ཁྲིད་བཅས་ལན་གསུམ། འཇམ་དབྱངས་གང་བློ་མའི་རིག་གཏད། ཨ་ར་པ་ཙའི་རྗེས་གནང་། ས་
འཇམ་སྦག་སྒྲུབ་ཀྱི་བྱིན་རླབས་སོགས་མང་པོ་ཐོབ། ཡང་དགུང་ལོ་ཉེར་ལྔ་བཞེས་སྐབས་སླར་ཡང་སྡེ་དགེར་ཕེབས། དགུང་ལོ་ཉེར་བདུན་སྐབས། དོན་
གྲུབ་གླིང་དུ། ཐར་རྩེ་རྡོ་རྗེ་འཆང་འཇམ་དབྱངས་རིན་ཆེན་རྡོ་རྗེའི་ཞལ་སྔ་ནས། རི་ཁྲོད་མའི་རྗེས་གནང་སྔོན་དུ་འགྲོ་བའི་སྒོ་ནས་ལམ་འབྲས་སློབ་
བཤད་སྨིན་གྲོལ་ཆ་ལག་ཡོངས་རྫོགས་ལུང་བཅས་ཞིབ་པར་ཐོབ། དེ་ནས་རེ་ཞིག་གི་བར་བསྙེན་སྒྲུབ་དང་། བླ་མ་དེ་ཉིད་ཀྱི་དྲུང་ནས་ཚུར་ཞུས་པ།
ཕར་ཆོས་ཕྲན་ཚེགས་འཆད་པ་མང་དུ་མཛད། དགུང་ལོ་སོ་བདུན་པ་ཟླ་དང་པོའི་ཚེས་གསུམ་ལ་སྒོ་འདག་སྦྱར་བགྱིས་ནས་མཚམས་ལ་བཞུགས།
མཚམས་ཐོག་མར་བསྡམས་ནས་མཐར་མ་གྲོལ་གྱི་བར་མི་ལོ་བཅུ་དྲུག་ལ། གསོལ་མར་དང་བསྔོ་རྟེན་ཕྲན་བུ་བྱུང་བ་རྣམས་ཀྱིས་མར་མེ་མང་པོ་དང་།
བདུན་ཚར་ཆ་བདུན་ཡོད་པ་ཉིན་རེར་ལན་གསུམ་རེ་ཕུལ་བས་འབུམ་ཕྲག་བརྒྱད། འཇམ་དབྱངས་བླ་མའི་བསྟོད་པ་སྤྱི་དང་ཁྱད་པར་ཤེས་བྱ་མ་
འདོན་བཞིན་པའི་ངང་ནས་ཕྱག་འཚལ་བ་སྔ་ཕྱི་ཀུན་བསྡོམས་པས་འབུམ་ཐེར་ཞེ་གསུམ་སོང་། མི་ལོ་བཅུ་དྲུག་ལ་སྒྲུབ་པའི་དམ་བཅའ་རྫོགས་ནས།
སོ་སོའི་མོས་པ་དང་འཚམས་པར་ཆོས་འཆད་ཉན་མང་དུ་མཛད་པ་ནི། ལམ་འབྲས་སློབ་བཤད་ཡོངས་རྫོགས་ཚར་དགུ། མཁའ་སྤྱོད་མའི་བྱིན་རླབས་
ཁྲིད་ཡོངས་རྫོགས་ཚར་བཅུ་གཉིས། མགོན་པོ་བྲག་རྫོང་ཕྱི་མའི་རྗེས་གནང་ཁྲིད་བཅས་ཚར་བཅུ། མགོན་པོའི་དཀྱིལ་འཁོར་ལྔའི་དབང་བཀའ་ཚར་
གསུམ། རྡོ་རྗེ་འཇིགས་བྱེད་རྭ་ལུགས་ལྷ་དགུའི་དབང་དང་། རྭ་རྩེ་སེམས་འཛིན་གྱི་ཁྲིད་བཅས་ཚར་བརྒྱད། ཚར་ལུགས་འཇིགས་བྱེད་ལྷ་བཅུ་གསུམ་
མའི་དབང་ཁྲིད་བཅས་ཚར་གསུམ། སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་ཀྱི་རྗེས་གནང་ཁྲིད་བཅས་ཚར་བརྒྱད། སྒྲུབ་ཐབས་ཀུན་བཏུས་ཚར་གཅིག་
བཅས་གནང་། སྔོན་རབ་འབྱམས་པས་བཞེངས་པའི་ལྷ་ཁང་རྒྱ་བསྐྱེད་དགོས་གསུངས་ནས་གཙུག་ལག་ཁང་ཀ་བ་༡༠༨ཅན་ཞིག་བཞེངས། སྟེང་དུ་
རྒྱལ་མཚན་དང་། སྤེན་རྒྱན་དུ་ཉེ་སྲས་བརྒྱད་སོགས་གསེར་གྱི་རང་བཞིན་ཅན། ནང་རྟེན་དུ་ཟངས་གསེར་ལས་གྲུབ་པའི་སྟོན་མཆོག་ཐུབ་པའི་སྐུ་ཁང་
རྩེག་གསུམ་ཅན། དེའི་གཡས་སུ་རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། གཡོན་དུ་ཆོས་རྗེ་ས་སྐྱ་པཎ་ཆེན་རྣམ་གཉིས་ཐོག་རྩེག་གཉིས་རེ་བཞེངས་
པ་ལ་གསེར་སྲང་༢༡༠བཏང་། ཡང་མགོན་ཁང་ཀ་བ་༢ཅན་དང་། བཀའ་འགྱུར་ལྷ་ཁང་ཀ་བ་༢༠ཅན། སྟེང་ཤོད་ཀུན་ཏུ་ཁང་མིག་མང་པོ་བཅས་
བཞེངས། བཀའ་བསྟན་འགྱུར་ཚར་༨ ལམ་འབྲས་དང་། སྒྲུབ་ཐབས། རྒྱུད་སྡེ། ཨེ་ཝྃ་བཀའ་འབུམ་སོགས་གསུང་རབ་གྲངས་མང་བཞུགས་སུ་གསོལ་བ་
དང་གཙུག་ལག་ཁང་དེ་ལས་ལམ་འབྲས་སོགས་སྨིན་བྱེད་ཀྱི་དབང་དང་། རྒྱབ་རྟེན་གྱི་ལུང་། གྲོལ་བྱེད་ཀྱི་ཁྲིད་སོགས་སྐལ་ལྡན་གདུལ་བྱ་མཐའ་ཡས་
པ་ལ་བསྩལ་ནས་སྨིན་གྲོལ་དུ་བཀོད། དགུང་ལོ་དོན་བརྒྱད་པའི་ལྕགས་སྦྲུལ་( ༡༩༤༡)ཧོར་ཟླ་གཉིས་པའི་ནང་སྐུ་ཁམས་ཅུང་ཟད་འཁྲུགས་ཚུལ་
བསྟན་ནས། ཟླ་གསུམ་པའི་ཚེས་གཅིག་ལ་སྔར་གསུངས་ལྟར་ཐར་ལམ་དགོན་དུ་གདན་དྲངས། ཁང་གསར་མཁན་ཆེན་དང་། དྭའུ་དཔོན་བླ་བསྟན་
འཛིན་རྒྱལ་མཚན་ལ་ཞལ་བཀོད་མཛད། ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན་དགོངས་པ་ཆོས་ཀྱི་དབྱིངས་སུ་མཉམ་པར་བཞག་པའི་ཚུལ་བསྟན།
སྤྲུལ་སྐུ་དཀོན་མཆོག་ལྷུན་གྲུབ་ནི། རབ་བྱུང་བཅོ་ལྔ་པའི་ཤིང་སྦྲུལ་( ༡༩༠༥)ལ་ཡབ་རབ་འོག་གྱང་ཁང་ཚང་གི་བུ་རྣམ་རྒྱལ་མགོན་པོ་དང་ཡུམ་
ཁང་སར་པདྨ་ཆོས་འཛོམ་གྱི་སྲས་སུ་འཁྲུངས། དགུང་ལོ་གསུམ་བཞེས་པའི་མེ་ལུག་ལོར་འཇམ་མགོན་རྡོ་རྗེ་འཆང་ངག་དབང་ལེགས་པས་སྡེ་གཞུང་
སྤྲུལ་སྐུ་ལུང་རིགས་ཉི་མའི་ཡང་སྲིད་དུ་ཐུགས་ཐག་བཅད་པ་འཇམ་དབྱངས་སྐུ་འབུམ་དགོན་ནས་རང་དགོན་དུ་གདན་དྲངས་ཤིང་ཁྲིར་མངའ་
གསོལ། དེ་ནས་སློབ་གཉེར་གྱི་ཕྱི་མོ་འབྲི་ཀློག་ནས་དབུ་བཙུགས་པའི་འདོན་ཆོག་མཐར་ཕྱིན། སྒྲུབ་པའི་ཐོག་མ་ཐོས་བསམ་ཡིན་པར་དགོངས་ནས་སྡེ་
དགེའི་བཤད་གྲྭར་ཕེབས་ཏེ་ཤེས་བྱ་རིག་པའི་གནས་སྤྱི་དང་ཁྱད་པར་སྒྲ་རིག་པ་ལ་ཕུལ་དུ་སོན་པ་སྦྱངས་ཤིང་། ངོར་ཨེ་ཝཾ་ཆོས་ལྡན་དུ་ཕེབས་ཏེ་ཁང་
གསར་མཁན་པོ་ངག་དབང་མཁྱེན་བརྩེ་ཐུབ་བསྟན་སྙིང་པོ་ལས་སྡོམ་གསུམ་སོགས་བཀའ་ཆོས་མང་དུ་གསན། དཔལ་ས་སྐྱའི་སྒྲོལ་མ་ཕོ་བྲང་གི་ངག་
དབང་ཀུན་དགའ་རིན་ཆེན་ལ་སྲས་འགའ་འཁྲུངས་ཀྱང་སྐུ་ཚེ་མ་བརྟན་པར་དེ་སྐབས་ངག་དབང་ཐེག་ཆེན་དཔལ་འབར་ལྷུམས་སུ་བཞུགས་པ་ལ་སྐུ་
ཁྲུས་དང་བགེགས་བསྐྲད་མཛད། སླར་རང་དགོན་དུ་ཕེབས་ནས་སྒྲུབ་ཐབས་ཀུན་བཏུས་དང་སྒྲུབ་ཐབས་བརྒྱ་རྩ་སོགས་ཀྱི་དབང་ལུང་མང་དུ་མཛད་
པས་དགོན་གསར་མ་འདས་སྤྲུལ་སྐུ་དང་འབམ་ལེ་སྤྲུལ་སྐུ་སོགས་ཞལ་སློབ་མང་པོ་བྱུང་། ས་ཁྱི་ལོའི་དུས་འགྱུར་སྐབས་རྒྱ་གར་དུ་ཕེབས། དགུང་ལོ་གྱ་
གསུམ་པ་མེ་ཡོས་( ༡༩༨༧)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།
ས་ཁྱིའི་དུས་ཟིང་ཡར་སྔོན་དུ་བླ་གྲྭ་༡༨༡( ཡིག་ཚགས་ལྟར)དང་། འདུ་ཁང་ཁག་ལ་ཀ་བ་༡༡༢ ལྷ་ཁང་གཉིས་ལ་ཀ་བ་༡༨ ཇ་ཁང་སོགས་ཁག་
གསུམ་ལ་ཀ་བ་༢༥ གྲྭ་ཤག་༦༠བཅས་ལ་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༥༠༦༠ ནང་རྟེན་ལ་གསེར་ལས་གྲུབ་པའི་མགོན་པོའི་སྐུ་སོགས་སྐུ་
འདྲ་༧༠༠ལྷག བཀའ་བསྟན་འགྱུར་ལས་གཞན་པའི་གསུང་འབུམ་སོགས་པོད་༤༥༠ལྷག ཞལ་ཐང་༥༦༠ལྷག གཞན་དག་མཆོད་ཆས་སྣ་གྲངས་
༢༣༥༠ཙམ། དགོན་གཞུང་གི་སྤྱི་རྩ་ལ་ས་ཞིང་ཁལ་༧༠༠ཙམ་དང་། ནོར་༢༠༠ལྷག རྟ་དྲེལ་༣༠ལྷག དགུ་ཆེན་སོགས་ལོ་རེར་རྒྱུན་ཚོགས་ཉིན་༢༡༨ཡོད།
སྐབས་བཅུ་གཅིག་པ་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཀྱི་ཚུན་དུ་མི་རིགས་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་སོགས་རིམ་
བཞིན་དོན་འབབ་བྱུང་བ་དང་བསྟུན་ཏེ། ༡༩༨༥ལོའི་ཟླ་༡༡ཚེས་༢༩ཉིན་ཆོས་སྒོ་འབྱེད་པའི་ཆོག་མཆན་ཐོབ་པ་ལ་གཏན་ཚད་གྲྭ་པ་༣༠ཡིན། བླ་མ་
འཇམ་དབྱངས་ཉི་མ་དང་། རྒན་ཀུན་བཟང་བསྟན་འཛིན། མཁན་པོ་འཇམ་དབྱངས་ཤེས་རབ། རྒན་དམ་ཆོས་སོགས་སེར་སྐྱ་རྒན་དར་གཞོན་གསུམ་
གྱིས་ཉམས་གསོ་ཞུས་པས་འདུ་ཁང་གཉིས་ལ་ཀ་བ་༡༠༤ ཇ་ཁང་དང་མཛོད་ཁང་ཀ་བ་༨ གཞན་དག་འཆམ་ར་སོགས་ཁག་གསུམ་ལ་ཀ་བ་༢༤ གྲྭ་
ཤག་༥༦བཅས་ལ་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༤༩༦༠ ནང་རྟེན་དུ་བདེ་མཆོག་ལི་སྐུ་སོགས་སྐུ་འདྲ་༣༡༠ ས་པཎ་གསུང་འབྱོན་སོགས་ཞལ་
ཐང་༦༣ གསུང་རབ་པོད་༤༣༦ མཆོད་ཆས་སྣ་གྲངས་༧༠༠སྐོར། ཚོང་ཁང་༢ ནོར་༦༢ རྟ་༣ སྡོང་ནགས་ཁལ་༡༥ དགུ་ཆེན་སོགས་ལོ་རེར་རྒྱུན་
ཚོགས་ཉིན་༡༢༤བཅས་ཡོད།