¡¡

༄༅། །སྒ་གཞུང་དགོན།

༄༅། །ཟུར་དགོན་བདེ་ལྡན་ངེས་དོན་དམ་ཆོས་གླིང་།
དགོན་འདིའི་མཚན་གཞན་སྒ་གཞུང་དགོན་ཡང་ཞུ། དེ་ཡང་རྒྱལ་བའི་དབང་པོ་ཀརྨ་པ་རང་བྱུང་རྡོ་རྗེ་ཞེས་མཚན་སྙན་བ་དན་སྲིད་གསུམ་དུ་
བསྒྲེངས་པ་དེ་ཉིད་ཀྱི་བཀའ་ལུང་ལས། སྒ་པ་རིན་ཆེན་ཚོ་དྲུག་གི་གཞུང་དཀྱིལ་དུ་ས་ཡི་ཁྱད་པར་ལ། རི་བོ་གཏེར་གྱི་བུམ་པ་འདྲ་བའི་མདུན་ངོས་སུ།
བྲག་སེངྒེ་དཀར་མོ་གནམ་ལ་མཆོང་འདྲ། ལྗོན་ཤིང་གཡག་རྔ་འདྲ་བ། ཆུ་བོ་ཆེན་པོ་ཡོན་ཆབ་ཕུལ་འདྲ། ཐང་ཆེན་པོ་དཀྱིལ་འཁོར་བཤམས་འདྲ། ཕུན་
སུམ་ཚོགས་པའི་གནས་དེར་སྐྱེ་འགྲོ་སེམས་ཅན་སྤྱི་དང་། ཁྱད་པར་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་དར་བའི་ལུང་བསྟན་གནང་བ་
ལྟར། བསྟན་པ་རྡོ་རྗེ་གྲགས་ལྡན་སེར་སྐྱ་གསུམ་རྗེ་སྒམ་པོ་པའི་གདན་ས་ནས་ནང་རྟེན་ཁྱད་པར་འཕགས་པ་མང་པོ་བཅས་བླ་མས་ལུང་བསྟན་པའི་
དགོན་གནས་དེར་ཐོས་བསམ་གྱི་འཆད་ཉན་མཛད། དེ་ཡི་གཅུང་རྟོགས་ལྡན་གྲགས་པ་འབུམ་དཔོན་སློབ་རྣམས་བདེ་ལྡན་ཁར་སྒྲུབ་པའི་རྒྱལ་མཚན་
བཙུགས་ཏེ་གྲུབ་པའི་མངོན་རྟགས་མང་དུ་བྱུང་ཞིང་། སེམས་ཅན་མང་པོ་ཐར་ལམ་ལ་བཀོད་ནས་ཆོས་བཤད་སྒྲུབ་ཀྱི་བསྟན་པ་དར་བར་མཛད། མ་
འོངས་པ་ན་ཕུ་ལ་དགེ་འདུན་གྱི་སྡེ་ཚུགས། ཐང་དུ་གཙུག་ལག་ཁང་བཞེངས། བར་ན་ལུགས་གཉིས་འཛིན་སྐྱོང་སྤེལ་གསུམ་བྱས་ན་ཆོས་སྲིད་མངའ་
ཐང་དར་ཞིང་རྒྱས་པ་འབྱུང་ཞེས་ལུང་བསྟན་མཛད། དབོན་རྒྱུད་ནང་སོ་རྒྱལ་བས་ཕྱི་ནང་གི་རིག་གནས་སྤྱི་དང་ཁྱད་པར་མདོ་རྒྱུད་བསྟན་བཅོས་
མན་ངག་ཐམས་ཅད་ལ་ཐོས་བསམ། ནཱ་རོ་ཆོས་དྲུག་དང་ཕྱག་རྒྱ་ཆེན་པོའི་ཉམས་བཞེས་མཐར་ཕྱིན་པར་མཛད། དབོན་རྒྱུན་ནང་སོ་མཁན་གྱིས་རྒྱལ་
དབང་ཀརྨ་པ་བཞི་པ་རོལ་པའི་རྡོ་རྗེ་ལས་དབང་ལུང་མན་ངག་སོགས་གསན་ཏེ་ཡང་དབེན་བདེ་ལྡན་ཁར་རིམ་གཉིས་སྒོམ་སྒྲུབ་ཀྱི་རྒྱལ་མཚན་
བཙུགས་པས་གྲུབ་པའི་གོ་འཕང་མཐོན་པོར་ཕེབས། དེའི་དབོན་རྒྱུད་བཀའ་བཞི་རིན་ཆེན་དཔལ་དེ་ཉིད་ཤེས་བྱ་མཐའ་དག་ཚེགས་མེད་དུ་མཁྱེན་
པའི་རྩལ་རྒྱས་པས་ཀརྨ་པ་ལྔ་པ་དེ་བཞིན་གཤེགས་པའི་ཐུགས་སྲས་ཀྱི་གཙོ་བོར་གྱུར། མཉྫུ་གོང་མས་པེ་ཅིང་དུ་གདན་དྲངས་ཏེ་དབུ་བླར་མངའ་
གསོལ། གསེར་དངུལ་དར་གོས་སོགས་ཟང་ཟིང་གི་འབུལ་ཆེན་གྱ་ནོམ་པ་དང་གོ་ཤྲི་ཆེན་པོའི་གསེར་ཡིག་ཐམ་ཀ་བཅས་ཕུལ་བས་གོ་ཤྲི་རིན་ཆེན་
དཔལ་ཞེས་གྲགས་ཤིང་སྒ་ཡུལ་གྱི་མངའ་བདག་ཏུ་གྱུར། ཟུར་དགོན་གཙུག་ལག་ཁང་དུ་ཐོས་བསམ་སྒོམ་གསུམ་གྱི་མཛད་པ་རླབས་ཆེན་སྐྱོང་བས་
གདན་ས་ཆེན་པོ་འདིར་རབ་བྱུང་ངུར་སྨྲིག་ཅན་གྱི་སྡེ་དང་། ནང་སོའི་རྒྱུད་པ་གོས་དཀར་ལྕང་ལོ་ཅན་གྱི་སྡེ་བཙུགས། གདན་ས་འདི་མ་དགོན་མཛད་
ནས་འབྲི་ཆུའི་ཕ་རོལ་དུ། སྒོམ་ཟེར་དགོན་པ་དང་། མུ་ཕྱུག་ཟུར་དགོན། ཏེ་ཆུ་རྒྱུད་ཟུར་དགོན་བཅས་དགོན་ལག་གསུམ་ཆགས་པ་ལ་ཟེར་མུག་ཟུར་
གསུམ་ཞེས་གྲགས། ཀརྨ་པ་དེ་བཞིན་གཤེགས་པ་གདན་དྲངས་ཏེ་དགོན་པའི་གཡོན་ངོས་སུ་ཆོས་ཁྲི་མཐོན་པོ་ལ་བཞུགས་སུ་གསོལ། ཁོང་གིས་བླ་སློབ་
རྣམས་ལ་དབང་གདམས་ངག་རྒྱ་ཆེར་བསྩལ་བ་དང་ཟུར་དགོན་བདེ་ལྡན་ངེས་དོན་དམ་ཆོས་གླིང་ཞེས་དགོན་མིང་གནང་། སླར་གཡུ་ལག་སུམ་མདོ་
བར་ཕེབས་སྐྱེལ་ཞུས། དེ་སྐབས་ཆོས་རྗེ་ཀརྨ་པ་ལ་ཡེ་ཤེས་མགོན་པོ་བེར་ཅན་གྱི་ཞལ་གཟིགས། བཀའ་བཞི་རིན་ཆེན་དཔལ་གྱིས། སྔོན་རྟོགས་ལྡན་
གྲགས་པ་འབུམ་གྱི་ལུང་བསྟན་ལྟར་ཕུ་ན་དགེ་འདུན་གྱི་སྡེ་ཚུགས། ད་ཐང་དུ་གཙུག་ལག་ཁང་བཞེང་ན་འགྲུབ་བམ་ཞུས་པ་ལ། ཆོས་རྗེ་ཀརྨ་པས། རྟེན་
འབྲེལ་ལེགས། ས་བཅུད་ཡུལ་རྒྱན་དུ་གཙུག་ལག་ཁང་འགྲུབ་ནས་འོང་། ས་འདུལ་རབ་གནས་མཐུན་རྐྱེན་བསྒྲུབ་ཆོག་གསུངས་ནས་ཕྱག་གིས་མེ་ཏོག་
གཏོར་བ་ལྷ་ཁང་བཞེང་སར་ནས་དཔྱིད་འདེབས་ཀྱི་ས་བོན་ཙམ་བབས་པ་དང་གཡུ་ལག་སུམ་མདོ་དང་ཐང་དཀར་ལྷ་ཁང་བར་ཉིན་ལམ་གཅིག་ལ་
རབ་གནས་ཟང་ཐལ་དུ་མཛད། དེ་ནས་བཀའ་བཞི་རིན་ཆེན་དཔལ་ལྷ་ཁང་གི་ས་དམིགས་སུ་ཕེབས་ཏེ། ཁ་སང་ཀརྨ་པས་རྫུ་འཕྲུལ་གྱིས་རབ་གནས་
མཛད། དེ་རིང་ཁོ་བོས་བསྐྱར་གསུངས་ནས་ཏིང་ངེ་འཛིན་ལ་བཞུགས། སྔོན་སྒམ་པོ་པའི་གདན་ས་ནས་བསྣམས་པའི་རྡོ་རྗེ་ཕ་ལམ་བྲེ་གང་ཡོད་པ་དེ་
ནམ་མཁའ་ལ་གཏོར་བས་སྐོར་ལམ་ཚུན་ཆད་ཁྱབ། ཏིང་ངེ་འཛིན་ལས་བཞེངས་ཏེ། འདི་རུ་ཀ་བ་ཚུགས་ཞེས་ལན་གྲངས་དུ་མ་གསུངས་ནས་ས་གཞི་
འདུལ་སྦྱོང་མཛད། གཙུག་ལག་ཁང་ཀ་བ་སོ་དྲུག་ཅན་བཞེངས་པ་དཀྱིལ་ཀ་གཡས་པར་ཙནྡན་སྦྲུལ་སྙིང་དང་ཡིད་བཞིན་ནོར་བུ་ནང་བཞུགས་
གནང་། གཡོན་པར་སྐུ་རྒྱབ་བརྟེན་ནས་ཏིང་ངེ་འཛིན་ལ་བཞུགས་ཏེ་བྱིན་རླབས་མཛད། ཡེ་ཤེས་ཀྱི་མཁའ་འགྲོ་མས་དངོས་སུ་བྱིན་རླབས་མཛད་པའི་
བརྡ་ལ་རྒོད་ཐང་དཀར་ཞིག་གིས་ལྷ་ཁང་ལ་གཡས་སྐོར་ལན་གསུམ་བྱས་ནས་སྟེང་དུ་བབས་པས་སྒ་ཐང་དཀར་ལྷ་ཁང་ཞེས་མཚན་གསོལ། ཀ་རྒྱན་ལ་
གླིང་རྗེ་གེ་སར་རྒྱལ་པོའི་ཆིབས་པ་རྐྱང་རྒོད་ཀྱི་རྔོག་རྒྱན་སྟག་གཟིག་ལྤགས་པ། འབྲུག་མོའི་རྒྱན་མུ་མེན་དང་མུ་ཏིག་གིས་བརྒྱན་པ་སོགས་བཏགས།
ནང་རྟེན་དུ་སྔོན་དྭགས་པོ་རིན་པོ་ཆེའི་དངོས་སློབ་གྲུབ་ཐོབ་རྣམས་ཀྱིས་གླིང་བཞི་གླིང་ཕྲན་བརྒྱད་ཀྱི་ས་སྣ་ཆུ་སྣ་གཞིར་མཛད་ནས་སྤྲུལ་པའི་བཟོ་བ་
ལ་མཉམ་མེད་དྭགས་པོ་རིན་པོ་ཆེ་དང་། ཙནྡན་སྦྲུལ་སྙིང་ལས་གྲུབ་པའི་རྟ་མགྲིན་གྱི་སྐུ་བཅས་བཞེངས་སུ་བཅུག་པས་སྐད་ཅིག་ཉིད་ལ་གྲུབ་སྟེ་སྤྲུལ་
པའི་བཟོ་བོ་ཡང་དྭགས་པོ་རིན་པོ་ཆེའི་སྐུ་ལ་ཐིམ་པར་གྲགས། ནང་བཞུགས་སུ་ནཱ་རོའི་ཕྱག་ཕྲེང་། རྗེ་མར་པའི་དབུ་ཀླད། མི་ལའི་སྒོམ་ཐག དྭགས་
པོའི་སྨན་གལ། གཡུ་ཐོག་ཡོན་ཏན་མགོན་པོ་ལ་ཨ་རུ་ར་རློན་པ་བདུན་གྱི་ཆར་བབས་པ་ལས་གཅིག སངས་རྒྱས་བྱང་སེམས་ཀྱི་རིང་བསྲེལ་སོགས་
བཞུགས་སུ་གསོལ། ཕྱིས་རྒྱལ་དབང་ཀརྨ་པ་ཆོས་གྲགས་རྒྱ་མཚོ་སོགས་ཀྱིས་བྱིན་རླབས་རབ་གནས་མཛད། དཔལ་མཉམ་མེད་དྭགས་པོ་རིན་པོ་ཆེའི་སྐུ་
བརྙན་འདིས་ལས་ཅན་གྱི་སྐྱེས་བུ་འགའ་ལ་གསུང་དངོས་སུ་བྱོན་པས་དྭགས་པོ་ཞལ་གྲག་ཞུ། སྐབས་ཤིག་ལ་མི་ཞིག་གིས་ར་བརྐུས་པའི་ཤ་རང་གིས་
ཟོས་ཏེ་ཚིལ་རྣམས་བཞུས་ནས་སྐུ་མདུན་དུ་དཀར་མེར་ཕུལ། ར་བདག་གིས་རྩད་ཆོད་ནས་རྐུན་མ་དེ་ཁྲིམས་ལ་སྦྱར་བ་ན། རྐུ་མཁན་ཁོ་རང་ཡིན་ཀྱང་
ཟ་མཁན་ངེད་གཉིས་ཀ་ཡིན་གསུངས་པའི་ལོ་རྒྱུས་སོགས་ཡོད། སྤྱིར། སྒ་ཐང་དཀར་ལྷ་ཁང་དུ་སྤྲུལ་པའི་བཟོ་བོས་བཞེངས་པའི་དྭགས་པོ་ཞལ་གྲག
སྟག་མགོའི་གནས་མཆོག་ཏུ་རྒྱ་གར་གྱི་ཨ་ཙ་རས་གདན་དྲངས་པའི་མཉམ་མེད་ཐུབ་པའི་དབང་པོའི་རིང་བསྲེལ། གཅུང་རྡོ་རྗེ་གྲགས་པའི་གདན་ས་
བཀྲ་ཤིས་དགོན་དུ་ཀརྨ་པཀྴིས་རྒྱ་ནག་ནས་གདན་དྲངས་པའི་གདུང་རྟེན་བཀྲ་ཤིས་འོད་འབར། ཁྲི་འདུ་སྐལ་བཟང་དགོན་དུ་སྒ་ཨ་གཉན་དམ་པས་
རྒྱ་ནག་ནས་གདན་དྲངས་པའི་ཇོ་བོ་ཤཱཀྱ་མུ་ནེ། སྐྱེ་རྒུ་དོན་གྲུབ་གླིང་དུ་རྗེ་མི་ལ་རས་པའི་སྐུ་བརྙན་དབུ་སྐྲ་རང་འཁྲུངས་མ། སྒ་ཇོ་བོའི་ཉེ་འདབས་
ཟེལ་དཀར་དགོན་དུ་ས་པཎ་གྱི་གདུང་རུས་ལས་འཁྲུངས་པའི་ཐུབ་པ་བཅས་ལ་སྒ་པ་རིན་ཆེན་ཚོ་དྲུག་གི་རྟེན་ཁྱད་པར་ཅན་དྲུག་ཏུ་གྲགས། འདུ་
ཁང་དུ་དུས་གསུམ་སངས་རྒྱས་དང་གནས་བརྟན་བཅུ་དྲུག་སོགས་ཀྱི་སྨན་སྐུ། ལྡེབས་ངོས་སུ་རྒྱལ་བ་རིགས་ལྔ་དང་། རྒྱུད་སྡེ་བཞིའི་ལྷ་ཚོགས། ཆོས་
སྐྱོང་སྲུང་མ་སོགས་ཀྱི་བྲིས་སྐུ་དཔག་ཏུ་མེད་པ་བཞུགས། དུས་ཕྱིས་ཆབ་མདོའི་བླ་མ་ངག་དབང་བློ་ལྡན་གྱིས་སྒ་ཁམས་སྤྲུལ་ཀརྨ་འཇིགས་མེད་ཆོས་ཀྱི་
སེང་གེ་དེ་ཉིད་ཟུར་དགོན་བཀའ་བཞི་རིན་ཆེན་དཔལ་གྱི་ཡང་སྲིད་དུ་མངའ་གསོལ། དགེ་སྐུལ་གྱིས་རྟེན་རྩ་བསྡུས་ནས་དངུལ་རྡེལ་ཚད་བཅུ་གཉིས་
བྱུང་བས་ལྷ་ཁང་གསར་བཞེངས་དང་། སྟོན་པ་གཙོ་འཁོར་གསུམ། ཁྲུ་གང་ཅན་གྱི་སྤྱན་རས་གཟིགས་སྤར་སྐུ་ཆིག་སྟོང་བཅས་བཞེངས་པས་ཕྱིས་ཆབ་
མདོའི་ལྷ་ཁང་ཞེས་མིང་ཆགས། དེ་རྗེས་བསྟན་པ་འཕེལ་འགྲིབ་ཀྱང་བྱུང་། སྒ་ཁམས་སྤྲུལ་འཇིགས་མེད་ཆོས་ཀྱི་སེང་གེའི་ཡང་སྲིད་བླ་མ་ལྷུན་གྲུབ་རྒྱ་
མཚོས་དཔལ་སྤུངས་ནས་གསན་སྦྱོང་མཛད་པས་འཆད་རྩོད་རྩོམ་ལ་མཁས་པར་གྱུར་པས་ཟུར་དགོན་སྐུ་སྐྱེ་ཞེས་གྲགས། སི་ཏུ་རིན་པོ་ཆེས་རྗེ་མར་མི་
དྭགས་གསུམ་གྱི་ཞལ་ཐང་མཐོང་གྲོལ་ཆེན་མོ་དང་། བདེ་དགྱེས་གསང་གསུམ་གྱི་སྐུ་བརྙན་ལི་མ། སྒྲ་སྦུག སིལ་སྙན་སོགས་གནང་ནས་བཀས་བསྐུལ་བ་
ལྟར་འདུ་ཁང་དང་། དུས་གསུམ་སངས་རྒྱས། མ་མགོན་མགར་གསུམ་གྱི་སྐུ་བརྙན་སོགས་བཞེངས། སྟོད་དགོན་ཁག་གསུམ་ཞེས་སྒ་གཞུང་དང་། ལྷ་རྩེ།
གནས་བཟང་བླ་སྤྲུལ་རྣམས་དེ་སྐབས་དགོན་འདིར་བཞུགས། སྒ་ཀརྨ་འཇམ་དབྱངས་ཞེས་པ་དེའི་གདུང་རྟེན་དང་། གནས་བཟང་དམ་ཚིག་སྤྲུལ་སྐུ་
བཞུགས་པའི་ཕོ་བྲང་གི་གནས་བཅས་ཡོད། བདེ་ལྡན་རི་འགུལ་གཡོན་ཕྱོགས་ཕོ་རོག་ཚང་བྲག་སྐྱིབས་སུ་དུལ་མོ་ཆོས་རྗེ་སྒྲུབ་པར་བཞུགས་ནས་ཆོས་
སྐུ་མངོན་དུ་མཛད། ཟུར་དགོན་གྱི་བསྟན་པར་ཉམས་འགྲིབ་བྱུང་སྐབས་བཀའ་བཞི་རིན་ཆེན་དཔལ་གྱི་གདུང་ལ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་
བྱོན་པ་དེ་གདན་དྲངས་ནས་ཐག་ཕུར་གཤེགས་པས་རྟེན་དེ་ཐར་ལམ་དགོན་དུ་བཞུགས། བཀའ་བཞི་རིན་ཆེན་དཔལ་སྐུ་ཕྲེང་བཅུ་གཉིས་པ་ཀརྨ་
འཇིགས་མེད་ཆོས་ཀྱི་སེང་གེ་གུ་ཚ་དཔོན་ཚང་དུ་འཁྲུངས། སྒ་ཐང་དཀར་ལྷ་ཁང་དུ་གནས་བརྟན་བྲག་རི་དང་། གནས་བརྟན་བཅུ་དྲུག་གི་རྟོགས་
བརྗོད། གནས་བཟང་དགེ་འདུན་ལ་བཞེངས་སུ་བཅུག་པའི་རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེ། མཐོང་བ་དོན་ལྡན་ལ་ཐུན་བཞི་མཁའ་འགྲོས་བསྐོར་བ།
བཀའ་བཞི་རིན་ཆེན་དཔལ། ཆོས་རྒྱལ་འགྲོ་མགོན་འཕགས་པ་དང་རྗེ་ཀརྨ་པཀྴི་རྣམས་རྒྱ་ནག་ཏུ་ཕེབས་ནས་ངོ་མཚར་བའི་མཛད་བཀོད་རྣམས་ཀྱི་
སྨན་སྐུ་ཆོས་པུ་ཏི་རྣམས་ལ་གདོང་དར། གླེགས་ཤིང་། ཆོས་ཁྲི་བཅས་བཞེངས། བདེ་ལྡན་ཁར་སྒྲུབ་ཁང་ཡར་ཚུར་གཉིས། རྗེ་མར་མི་དྭགས་གསུམ། མ་
མགོན་མགར་གསུམ་སོགས་ཀྱི་སྨན་སྐུ། མགོན་ཁང་གསར་བཞེངས་སུ་མ་མགོན་གཉིས་དང་། རྣམ་སྲས། དམ་ཅན། ཞིང་སྐྱོང་སྟེ་གཙོ་འཁོར་ལྔ། བླ་བྲང་
གཞུང་ལ་མ་མགོན་གཉིས། དྭགས་པོ་གསུང་འབྱོན་གཡས་གཡོན་དུ་མར་མི་གཉིས་ཀྱི་སྨན་སྐུ་སོགས་རྟེན་དང་བརྟེན་པ་དཔག་ཏུ་མེད་པ་བཞེངས་
ཤིང་། སྐུ་ཚེའི་སྨད་ལ་དབེན་རི་བདེ་ལྡན་དུ་ཟབ་ལམ་ནཱ་རོ་ཆོས་དྲུག་སོགས་ཀྱི་སྒྲུབ་པར་བཞུགས་པས་མཆོག་གི་དངོས་གྲུབ་བརྙེས་སོ། །སྐུ་ཕྲེང་བཅུ་
གསུམ་པ་སྒ་ཀརྨ་བཤད་སྒྲུབ་འཇིགས་མེད་ཆོས་ཀྱི་སེང་གེ་ཉིད་རབ་རྒྱལ་ལྕགས་འབྲུག་( ༡༩༤༠)ལ་འཁྲུངས་ཤིང་རྒྱལ་དབང་ཀརྨ་པ་རང་བྱུང་རིག་
པའི་རྡོ་རྗེས་ངོས་འཛིན་གནང་བ་ད་ལྟ་བསྟན་འགྲོའི་དོན་དུ་འཚོ་ཞིང་བཞེས་པའོ། །
 ༡༩༥༨ལོའི་དུས་ཟིང་གིས་བསྟན་པ་ལ་ཉམས་ཆག་ཆེན་པོ་བྱུང་བའི་ཡར་སྔོན་དུ་བླ་མ་གསུམ་དང་གྲྭ་པ་༥༠( ཡིག་ཚགས་ལྟར) འདུ་ཁང་བརྒྱད་ལ་
ཀ་བ་༦༥ ལྷ་ཁང་གཉིས་ལ་ཀ་བ་༣༠ ཇ་ཁང་དང་མཛོད་ཁང་ཀ་བ་༦ གྲྭ་ཤག་༡༥ བཅས་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༣༠༧༠ ཟངས་གསེར་
ལས་གྲུབ་པའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་སྤྱི་ཁྲུ་གཉིས་ལྷག་ཅན་དང་། མར་མི་དྭགས་གསུམ། ཨོ་རྒྱན། ཀརྨ་པ། སྒྲོལ་དཀར་སོགས་སྐུ་འདྲ་༣༨༧༠ལྷག
རྒྱལ་བ་རྒྱ་མཚོ་དང་། བདེ་མཆོག ཕག་མོ། བདེ་ཆེན་ཞིང་བཀོད། རྡོ་རྗེ་སེམས་དཔའ། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་། ཟངས་མདོག་དཔལ་རི་
སོགས་ཞལ་ཐང་༥༠༠ལྷག འབུམ་དང་། གཟུངས་འདུས་སོགས་གསུང་རབ་པོད་༥༠༠༠ལྷག ཏིང་དང་། མཆོད་ཀོང་། ཚེ་འབར། མཎྜལ། བུམ་པ། ཐོད་
པ། རྔ། སིལ་རོལ་སོགས་མཆོད་ཆས་སྣ་གྲངས་༣༣༠༠ལྷག ཞིང་ཁལ་༣༠༠ལྷག རྟེ་དྲེལ་༦༠ལྷག ཚེ་སྒྲུབ་སོགས་ལོ་རེར་རྒྱུན་ཚོགས་ཉིན་༧༤བཅས་ཡོད།
 སྐབས་བཅུ་གཅིག་པ་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཀྱི་ཚུན་དུ་མི་རིགས་ཆོས་ལུགས་དད་མོས་ཀྱི་སྲིད་ཇུས་སོགས་རིམ་བཞིན་དོན་
འབབ་བྱུང་བ་དང་བསྟུན་ཏེ། ༡༩༨༨ལོའི་ཟླ་གསུམ་པའི་ཚེས་བརྒྱད་ཉིན་ཆོས་སྒོ་དབྱེ་བའི་ཆོག་མཆན་ཐོབ་པ་ལ་གཏན་ཚད་བླ་གྲྭ་༢༠ཡིན། སྤྲུལ་སྐུ་
ཀརྨ་བཤད་སྒྲུབ་སོགས་སྡེ་དགོན་ཐུན་མོང་གིས་ཉམས་གསོ་ཞུས་པ་ལ་འདུ་ཁང་དང་མགོན་ཁང་ལ་ཀ་བ་༧༢ ཇ་ཁང་སོགས་གསུམ་ལ་ཀ་བ་༡༦ གྲྭ་
ཤག་༢༥བཅས་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༢༧༦༠ སྐུ་འདྲ་༨༢ གསུང་རབ་པོད་༥༠༠ ཞལ་ཐང་༡༠༣ མཆོད་ཆས་སྣ་གྲངས་༡༠༠ཙམ། ནོར་༢༥ ལོ་རེར་ཚེ་སྒྲུབ་སོགས་ཉིན་ཚོགས་༢༠བཅས་ཡོད།