¡¡

༄༅། །རྒྱལ་བཟང་དགོན།

༄༅། །རྒྱལ་བཟང་དགོན་དགའ་ལྡན་བཤད་སྒྲུབ་ཆོས་འཕེལ་གླིང་།
རྒྱལ་བཟང་དགོན་དགའ་ལྡན་བཤད་སྒྲུབ་ཆོས་འཕེལ་གླིང་ནི། འབུམ་སྒང་དགོན་ལས་གྱེས་པ་ཞྭ་སེར་རིང་ལུགས་འཛིན་པའི་དགོན་སྡེ་ཞིག་ཡིན་ལ།
དེ་ཡང་རབ་བྱུང་བཅུ་དྲུག་པའི་མེ་ཁྱི་( ཕྱི་ལོ་༡༩༤༦)ལོའི་ཡས་མས་སུ་རྒྱལ་བཟང་བེ་ཅང་དང་ཨ་གཡང་བེ་ཅང་གཉིས་སྒུ་རུ་ལུང་པའི་དོན་དུ་ས་
རྩོད་ཆེན་པོ་བྱུང་སྟེ་འཐབ་ཅིང་འཁྲུགས་པའི་རྐྱེན་ལ་བརྟེན་ནས་ཡུལ་མི་ཕན་ཚུན་མ་འཆམས་པ་དང་དགོན་པ་ཡང་ཁག་གཉིས་སུ་གྱེས། ཕྱིས་དཔོན་
ཁག་གཞན་གྱིས་རྩོད་པ་བསྡུམས་ཏེ་འགྲིག་མཐུན་ཙམ་བྱུང་བས་དགོན་པ་ཡང་སྔར་མུས་བཞིན་གཞི་གཅིག་ཏུ་གནས་པའི་མོས་མཐུན་བྱུང་།
 ཡང་མེ་སྤྲེལ་( ཕྱི་ལོ་༡༩༥༦)ལོར་སྡེ་ཕན་ཚུན་འཁྲུག་རྐྱེན་བྱུང་བའི་དབང་གིས་དགོན་པ་ཡང་ས་གནས་ཀྱི་ཆགས་ཚུལ་དང་སྡེ་དམངས་ཀྱི་ཡིད་
མོས་རེ་འདུན་དང་བསྟུན་ཏེ་རྒྱལ་བཟང་སྡེ་པའི་གྲྭ་པ་རྣམས་ཁོ་མདའམ་སྟག་སྣ་ཞེས་པར་ནག་སྒར་དགོན་ཞེས་པའི་སྦྲ་དགོན་ཞིག་ཕྱག་བཏབ།
 རབ་བྱུང་བཅུ་དྲུག་པའི་ས་ཁྱི་( ཕྱི་ལོ་༡༩༥༨)ལོར་རྒྱལ་ཁམས་འཁྲུག་ཟིང་ཆེན་པོའི་སྐབས་རང་ཡལ་དུ་གྱུར། ཆུ་སྟག་ནས་མེ་རྟའི་བར་ཆོས་ཁྲི་ཁར་
དགོན་པའི་གཟུགས་བརྙན་ཙམ་ཆགས། དེ་རྗེས་རིག་གནས་གསར་བརྗེའི་མཇུག་རྫོགས་ཏེ་ཆོས་ལུགས་དད་མོས་ཀྱི་སྲིད་ཇུས་དོན་འབེབས་ལྟར་གོང་
རིམ་གྱིས་དགོན་པ་ཉམས་གསོ་བྱེད་རྒྱུ་དེ་ཉིད་རང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་སྒོ་ཀུན་ནས་ལག་བསྟར་བྱེད་པའི་ཞིབ་ཕྲའི་གནད་དོན་ཞིག་ལ་
བརྩིས་ནས་མགོ་ཁྲིད་དང་རོགས་སྐྱོར་གང་ཟབ་གནང་བ་གཞིར་བཅས། ཆུ་ཁྱི་ལོ་ནས་བཟུང་ཆོས་ཁྲི་ཁར་ཆོས་ལུགས་བྱ་འགུལ་སྤེལ་བ་དང་། རབ་བྱུང་
བཅུ་བདུན་པའི་ས་འབྲུག་( ཕྱི་ལོ་༡༩༨༨)ལོར་དཀར་མོ་ལུག་ཕུག་གི་གནས་སུ་སྤོས། དེ་སྐབས་བླ་མ་རྡོ་རྗེ་འཆང་བྱམས་པ་ཐུབ་བསྟན་དགེ་ལེགས་རྒྱ་
མཚོ་མཆོག་གིས་ས་བརྟག་རབ་གནས་ཤིས་བརྗོད་སོགས་དང་། བོད་ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་གསོ་སྦྱོང་མཛད་དེ་ཆོས་སྒོ་ཐོག་མར་ཕྱེས། དེ་
ནས་བཟུང་གསོ་སྦྱོང་ཆག་མེད་བྱས། དེ་རྗེས་བླ་མ་རྡོ་རྗེ་འཆང་བྱམས་པ་ཐུབ་བསྟན་དགེ་ལེགས་རྒྱ་མཚོ་མཆོག་ཉིད་དབུ་བཞུགས་མཛད་པའི་རྒན་བློ་
བཟང་ཐུབ་བསྟན་དང་ངག་དབང་སོགས་གྲྭ་བགྲེས་གཞོན་རྣམས་དང་ཆོས་དད་མི་དམངས་རྣམས་ཀྱི་ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཏེ་འདུ་ཁང་སྒོ་
འཁྱོར་དང་བཅས་ལ་ཀ་བ་༤༢ དེ་ལ་ཇ་ཁང་ཀ་བ་༦ཅན། མགོན་ཁང་ཀ་བ་༦ཅན། འདུ་ཁང་སྟེང་ལ་བླ་མ་རྡོ་རྗེ་འཆང་གི་གཟིམ་ཁང་། བར་འཁྱམ་
ཇ་ཁང་དང་བཅས་བཞེངས། ད་དུང་མཛོད་ཁང་ཀ་བ་༩ མགྲོན་ཁང་ཀ་གཅིག་མ། ཚོང་ཁང་བཅས་ལེགས་པར་གྲུབ། ནང་དུ་བཞུགས་སུ་གསོལ་བའི་
རྟེན་ཡང་། འདུ་ཁང་གི་གཙང་ཁང་དུ་དྲ་མིག་རིམ་གསུམ་ཡོད་པའི་དང་པོར་རྗེ་ཡབ་སྲས་གསུམ་གྱི་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པ་མི་ཚད་ལྷག་ཙམ།
དེའི་གཡས་སུ་སྟོན་པ་གཙོ་འཁོར་གསུམ་མི་ཚད་ཕྱེད་གཉིས། དེ་མཚམས་རྗེ་ཚེ་འཛིན་མའི་སྐུ་མི་ཚད་ཙམ། དེ་ནས་གུ་རུ་པདྨ་སཾ་བྷ་ཝ་དང་རྡོ་རྗེ་
སེམས་དཔའ། མར་མེ་མཛད་བཅས་དང་། དེའི་གཡོན་དུ་རྗེ་བཙུན་བྱམས་པ་མགོན་པོ་མི་ཚད་གཅིག་ལྷག དེ་ནས་སྤྱན་རས་གཟིགས་ཞལ་གཅིག་ཕྱག་
བཞི། རྗེ་བཙུན་འཇམ་དབྱངས་མི་ཚད་ཅན། རྒྱལ་བ་སེང་གེའི་ང་རོ། བླ་མ་ཡིད་དགའ་ཤེས་རབ་ཀྱི་གསེར་གདུང་རིན་ཆེན་ཕྲ་རྒྱན་ཅན་བཅས་ཚང་མ་
གསེར་ཟངས་ལས་གྲུབ་པའོ། །
 དྲ་མིག་བར་པ་ལ་བལ་ཡུལ་ནས་གདན་དྲངས་པའི་སྟོན་པ་གཙོ་འཁོར་གསུམ། དེའི་གཡས་གཡོན་དུ་གནས་བརྟན་བཅུ་དྲུག་འདོམ་ཕྱེད་རེ་ཅན་
དང་རྒྱལ་ཆེན་སྡེ་བཞི། འོད་དཔག་མེད། ཚེ་དཔག་མེད། རྒྱལ་པོ་ཧྭ་ཤང་བཅས་སྐུ་རྒྱུ་གོང་དང་འདྲ། དྲ་མིག་གསུམ་པ་ལ་གཙོ་བོ་རྒྱལ་བ་རྡོ་རྗེ་འཆང་།
དེའི་གཡས་གཡོན་དུ་ཐུབ་སྐུ་༨ རྗེ་ཙོང་ཁ་པའི་སྐུ་བརྙན་༨ མི་འཁྲུགས་པའི་༡༠ དེ་དག་ཚང་མ་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པ་ཁྲུ་གང་རེ་ཙམ་ཡོད་
དོ། །
 འདུ་ཁང་ཕུགས་སུ་བླ་མ་རྡོ་རྗེ་འཆང་གི་ཁྲི་རྒྱབ་ལ་མཆོག་ཉིད་ཀྱི་རས་བྲིས་སྐུ་བརྙན་བྱིན་ཅན་བཞུགས། གཙོ་ཁང་གི་གཡས་སུ་གསང་བ་འདུས་པ་
དང་འཁོར་ལོ་བདེ་མཆོག གཡོན་དུ་རྡོ་རྗེ་འཇིགས་བྱེད་དང་དུས་འཁོར་གྱི་ལྡེབས་རིས་ཚང་མ་ཁང་རྩེག་རེ་དང་། འདུ་ཁང་སྒོ་འགྲམ་གཡས་ལ་དམ་
ཅན་ཆོས་རྒྱལ་དང་མགོན་པོ་ཕྱག་དྲུག་སོགས། གཡོན་ལ་དཔལ་ལྡན་ལྷ་མོ་དང་རྣམ་སྲས། ཁྱབ་འཇུག་བཅས་ཀྱི་བྲིས་ཐང་བཞུགས། སྒོ་ཁྱམས་སུ་རྒྱལ་
ཆེན་སྡེ་བཞི། སྒ་སྟོད་ཇོ་བོ། རྨ་རྒྱལ་སྦོམ་ར། སྲིད་པའི་འཁོར་ལོ་སོགས་ཀྱི་ལྡེབས་བྲིས་དག་མཆིས་ཤིང་། བླ་མའི་གཟིམ་ཁང་དུ་རྗེ་ཚེ་འཛིན་མའི་སྐུ་རིན་
ཆེན་ཕྱེ་མ་དང་སྨན་འཇིམ་ལས་བཟོས་པ་མི་ཚད་ཙམ་ལ་གོས་བཟང་གི་ན་བཟའ་གསོལ་བ། མགོན་ཁང་དུ་མགོན་ཆོས་སྡེ་བཞི། རྒྱལ་ཆེན་བཅས་ཀྱི་སྐུ་
རྒྱུ་སྨན་འདག་ལས་གྲུབ་པ་མི་ཚད་ཅན། སྨན་བླ་མཆེད་བརྒྱད་ཀྱི་སྐུ་༡༨ གཞན་ཡང་གསེར་ཟངས་ལས་གྲུབ་པའི་ཐུབ་སྐུ་སོགས་བགྲང་ལས་འདས་པ་
ཡོད་དོ། །
 གསུང་རྟེན་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཚར་༤དང་། བསྟན་འགྱུར་ཚར་གཅིག་གིས་དྲངས་པའི་འདུ་ཁང་གི་འགྲམ་གཉིས་ཀྱི་དྲ་མིག་
ཡོངས་སུ་གང་བར་བཞུགས་པར་མ་ཟད། ད་དུང་རྟེན་གསུམ་དང་མཆོད་ཆས་མཚོན་པའི་གཞན་དངོས་ཡོད་དོ་ཅོག་བྲི་བར་མ་ནུས་སོ། །