¡¡

༄༅། །རྒྱ་ནག་མ་ཎི།

༄༅། །གནས་མཆོག་རྒྱ་ནག་མ་ཎིའི་དཀར་ཆག
གནས་མཆོག་རྒྱ་ནག་མ་ཎི་གང་དུ་བཞུགས་པའི་ཡུལ་ནི་རྩལ་ཤིས་རྒྱ་གར་ལུང་པ་སྟེ། ཕུ་དར་དཀར་གྱི་ཡོལ་བ་ཕྱེས་པ་དང་། མདའ་རིན་ཆེན་སྡེར་ལ་
བསྒྲིགས་པ་འདྲ་བ། གཡས་རི་འཕགས་པ་རིགས་གསུམ་མགོན་པོའི་གནས་མཆོག གཡོན་རི་དགེ་བསྙེན་ཤུག་པ་གཡུང་ཕྱུག་གི་ཕོ་བྲང་། སྟོད་ལ་སྤྱན་
རས་གཟིགས་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་བཞུགས་པ་གནས་ཀྱི་མགོ་བོ་གནས་མགོ་ཐང་། མདུན་ན་སྤྱན་རས་གཟིགས་གསང་བ་འདུས་པའི་དཀྱིལ་
འཁོར་བཞུགས་པ་ལྷ་འཛང་ལུང་པ། གཡས་ནས་ཆུ་ཆེན་པོའི་སྒྲ་སྐད་དྲག་སྔགས་འབྲུག་ལྟར་དུ་འབྱིན་པ་དང་། གཡོན་ནས་འབབ་ཆུ་ལྷུང་ལྷུང་བཞུར་
བའི་སྒྲ་ལ་རིགས་གསུམ་སྔགས་ཀྱི་དབྱངས་སྙན་པ། ཆུ་གཉིས་ཆབ་མ་གདབ་འདྲའི་གཡས་ཕྱོགས་སྤྱན་རས་གཟིགས་འཁོར་བ་དོངས་སྤྲུག་གི་དཀྱིལ་
འཁོར་བཞུགས་པའི་དབུས་ཀྱི་ལྟེ་བ་ལ། མ་ཎི་ཐོག་མར་བཞེངས་པ་པོ་ནི། རྒྱ་ནག་བྱང་ཆུབ་འཕགས་དབང་སྐུ་ཕྲེང་དང་པོ་བསྟན་འགྲོ་ཉི་ཤར་ཞེས་
ཆབ་མདོ་ངམ་ཐང་གི་ཡུལ་དུ་འཁྲུངས་པ་དེས། ཐོག་མར་རྒྱ་ནག་ལྕགས་ལ་རྒྱལ་པོའི་དབུ་བླ་མཛད་ནས་ནམ་ཞིག་ཡི་དམ་ལྷའི་ལུང་བསྟན་ལྟར་ཆུ་བོ་
གསེར་ལྡན་འབབ་པའི་གཡས་ཟུར་མདོ་སྟོད་སྐྱུ་རའི་གནས་སུ་ཕེབས། མཚམས་ལ་ལོ་མང་བཞུགས་མཐར་ཕྱི་རབས་སེམས་ཅན་རྣམས་ཀྱི་བསོད་
ནམས་གསོག་པའི་རྟེན་དུ་ཤིང་ལུག་( ༡༧༡༥)ལོ་ཉི་མ་མེ་བཞིའི་འགྲུབ་སྦྱོར་ལྡན་པའི་དུས་ཚེས་དགེ་བ་ཞིག་ལ་མ་ཎི་བཞེངས་པའི་དབུ་བཙུགས།
སྦྱིན་བདག་གདོང་སྣའི་སྐལ་བཟང་འབུམ་གྱིས་ཞུས་ནས་ཕ་རི་ལྷ་འཛང་ལུང་པ་ནས་རྡོ་གཏེར་བཞེས། འགའ་ཞིག་གིས་ལོ་རེ་ལ་རྡོ་བརྐོས་མ་ཎི་འབུམ་
ཕྲག་བརྒྱ་རེ་བཞེངས་ཀྱང་ཟེར། ཚེ་མཚམས་ཆོས་དར་གྱི་དཀར་ཆག་ལས་ལོ་རེ་ལ་འབྲུ་དྲུག་རྡོ་དྲུག་འབུམ་ཕྲག་བརྒྱད་ལས་མི་ཉུང་ཟེར། གཞན་ཡི་གེ་
བརྒྱ་པ་བྱེ་བ་ཕྲག་གཅིག་དང་ས་ཡ་བཞི་ལྷག ཚེ་གཟུངས་ས་ཡ་བཞི་དང་འབུམ་ཕྲག་གསུམ་ལྷག སྟོང་ཕྲག་བརྒྱ་པ་ཚར་གཉིས། བསྐལ་བཟང་། མདོ་
ཏིང་འཛིན་རྒྱལ་པོ། འཇམ་དཔལ་མཚན་བརྗོད། བཟང་སྤྱོད། ཐར་མདོ་སོགས་གྲངས་གང་མང་ལོ་ལྟར་དུ་བཞེངས་པས། རབ་བྱུང་བཅུ་དྲུག་པའི་ཤིང་
ལུག་བར་གྱི་ལོ་ཉིས་བརྒྱ་ཐམ་པ་ལ། ཤར་ནས་ནུབ་བར་དུ་སྤྱི་ཁྲུ་༤༥༠ཙམ། ལྷོ་ནས་བྱང་བར་དུ་༡༠༠ཙམ། དཔངས་ཚད་ལ་ཁང་རྩེག་གསུམ་ཙམ་སྟེ།
ཕྱག་བསྐོར་མཆོད་པའི་ཕན་ཡོན་ནི་བསྐལ་པ་སྟོང་གི་སྡིག་སྒྲིབ་ཀྱང་མྱུར་དུ་འདག་པར་གསུངས། འོན་ཏེ་གཞན་འཕྲུལ་དབང་བྱེད་ཀྱི་ཁ་རླངས་ཕྱུར་
བུར་འཐུལ་བས་རྒྱལ་བསྟན་གྱི་ཉིན་བྱེད་ཀུན་ནས་བསྒྲིབས་ཏེ། ས་ཕོ་ཁྱིའི་ལོར་མ་ཎི་རྣམས་ཁང་པའི་རྨང་རྡོ་དང་ལམ་གདན་སོགས་སུ་ཁྱེར་ནས་མིང་
གི་ལྷག་མར་གྱུར། མེ་སྟག་( ༡༩༨༦)ལོར་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་སྙིང་པོའི་ཕྲིན་ལས་སླར་ཡང་རྒྱས་པའི་དབུ་ཚུགས་ནས་ལོ་དེའི་ཆོ་
འཕྲུལ་ཟླ་བའི་ཚེས་བཅུ་ལ་དངོས་སུ་མ་ཎི་བཞེངས་པའི་མཛད་སྒོ་སྤེལ། རྒྱ་སྤྲུལ་བདུན་པ་ཀུན་དགའི་མཚན་ཅན་གྱིས་གཙོས་དད་ལྡན་སྦྱིན་བདག་
རྣམས་ཀྱིས་ཐོར་ཞིག་སོང་བའི་མ་ཎི་རྣམས་བསྡུ་རུབ་གནང་བས། ད་ལྟའི་ཞེང་ཚད་ལ་ཤར་ནུབ་ཀྱི་རིང་ཚད་སྤྱི་ཁྲུ་༢༨༢ ཞེང་ཚད་སྤྱི་ཁྲུ་༧༠ལྷག་ཙམ་
བཞུགས། མཐོ་ཚད་ནི་ལོ་རེ་བཞིན་དུ་གོང་འཕེལ་འགྲོ་བཞིན་པའོ། །( རྒྱ་ནག་མ་ཎིའི་དཀར་ཆག་གསར་རྙིང་ལས་བཤུས།)