༄༅། །མགར་དགོན་བདེ་ཆེན་རྣམ་རྒྱལ་གླིང་།
དཔལ་རི་བོ་དགེ་ལུགས་པའི་གྲུབ་མཐའ་འཛིན་པའི་དགོན་པ་འདི་ཁམས་ཀྱི་ལྡན་སྟོད་ལྷ་སྒྲར་བཞུགས།
དེ་ལ་འགར་དགོན་དང་། འགའ་ར་དགོན།
མགར་དགོན་ཞེས་ཅི་རིགས་བྲིས་སྣང་ཞིང་།
མགར་བ་ལུང་པའི་གཞི་བདག་སྟེ་དམ་ཅན་མགར་བ་ནག་པོ་དེ་མགར་རའི་བྲག་ལྕོག་ལ་གནས་པས་ལུང་
པ་དང་དགོན་པ་གཉིས་ཀ་ལ་མཚན་དེ་ཐོགས་ཞེས་ཁྲག་འཐུང་འབར་བའི་རྡོ་རྗེས་གསུངས།
རབ་བྱུང་གསུམ་པའི་བཅུ་སྐོར་དང་པོ་ཙམ་ལ་གླིང་ཆེ་
རྒྱུད་དང་ཆུང་རྒྱུད་ཀྱི་དབུ་བླ་བཀའ་གདམས་པའི་དགེ་བཤེས་སྒ་རབ་བརྟན་ཆོས་ཀྱི་ཉི་མས་དེའུ་དཔོན་མ་དའི་གོང་དུ་བཀའ་གདམས་པའི་དགོན་
པ་ཞིག་ཕྱག་བཏབ།
སྐུ་ཡི་རྟེན་དུ་ལི་ཁྲ་ལས་གྲུབ་པའི་རྒྱལ་བ་བྱམས་པ་མགོན་པོའི་སྐུ།
གསུང་རྟེན་དུ་གསེར་འབུམ་སྨུག་པོ། ཐུགས་རྟེན་དུ་ལི་ཡི་
གདུང་རྟེན་བཀྲ་ཤིས་འོད་འབར་རྣམས་བཞུགས་སུ་གསོལ།
སྔོན་རྒྱ་གར་ནཱ་ལེནྡྲའི་གཙུག་ལག་ཁང་གི་ནང་རྟེན་ལི་གསེར་གྱི་སྐུ་གདུང་བརྒྱད་ཨ་ཙ་
རས་སྤྱན་དྲངས་པ་ལས།
དུས་གསུམ་སངས་རྒྱས་ཀྱི་རིང་བསྲེལ་གྱིས་ཕྱུར་བུར་གཏམས་པའི་གསལ་བྱང་ཆེན་པོའི་མཆོད་རྟེན་དེ་ཉིད་ཨ་ཙ་རས་
དགོན་འདིར་གནང་།
ཕྱིས་སུ་དགོན་ས་སྤར་བས་རྨང་ཤུལ་དང་གྱོ་མོག་གི་ཝ་ད་ལྟ་མཇལ་དུ་ཡོད།
སྔོན་རྒྱ་གར་གྱི་པཎྜི་ཏ་སུ་ཝརྨས་རྒྱ་གར་ནས་
གདན་དྲངས་པའི་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྐུ་བྱིས་པ་ལོ་བརྒྱད་ཙམ་གྱི་ཚད་ཅན་དེ་ཉིད་ཐོག་མར་རྒྱ་ནག་དང་དེ་ནས་ཧོར་
ཡུལ་དུ་གདན་དྲངས།
རབ་བྱུང་བཞི་པའི་ནང་དུ་ཆོས་རྒྱལ་འགྲོ་མགོན་འཕགས་པ་དང་། ཀརྨ་པཀྴི།
སྒ་ཨ་གཉན་དམ་པ་ཀུན་དགའ་གྲགས་པ། ཁམས་
མགྱོགས་རྡོ་རྗེ་སྙིང་པོ་སོགས་ཧོར་ཡུལ་དུ་ཕེབས་སྐབས་བོད་དུ་གདན་དྲངས་ཤིང་།
ཁམས་མགྱོགས་རྡོ་རྗེ་སྙིང་པོས་ཁྲི་འདུའི་ཁམས་མགྱོགས་ལྷ་ཁང་
དུ་བཞུགས་སུ་གསོལ་ནས་མི་རབས་དྲུག་བདུན་ཙམ་སོང་བ་ན།
ཁམས་མགྱོགས་ཀྱི་གདུང་རྒྱུད་མཁར་སྐྱ་བོའི་བདག་པོ་བླ་མ་མཁར་པ་བསོད་ནམས་
རྒྱལ་མཚན་དེ་ཉིད་སྦལ་གུར་མཁར་པ་ཚང་དུ།
རབ་བྱུང་དྲུག་པར་ཡབ་ཁམས་མགྱོགས་བསོད་ནམས་གྲགས་པ་དང་ཡུམ་ཇོ་མོ་ཌཱ་ཀཱི་དཱི་པམ་གྱི་སྲས་
སུ་འཁྲུངས།
གཞོན་ནུའི་སྐབས་འབྲི་གུང་དུ་ཕེབས་ཏེ་རྗེ་ཉེར་གཉིས་པ་ཆེན་པོ་ལས་ཟབ་རྒྱས་ཀྱི་ཆོས་ཚུལ་མཐའ་ཡས་གསན་ནས་རབ་ཏུ་བྱུང་།
སླར་
ཕེབས་ཏེ་དགུང་གྲངས་སོ་ལྔ་པ་ལ་དགོན་སྡེ་ཆེན་པོ་ཞིག་འདེབས་དགོངས་ཏེ་ས་དཔྱད་བརྟགས་པས།
མགར་ར་ལུང་པ་ཞེས་དགེ་བཅུ་ཚང་བའི་
གནས་ཁྱད་པར་འཕགས་པ་གཡས་གཡོན་མདུན་གསུམ་དུ་འཕགས་པ་རིགས་གསུམ་མགོན་པོའི་གནས།
ཤར་ནས་དཀར་ཕྱོགས་ཀྱི་ལྷས་མཆོད་པ་
འབུལ་འདྲ། ལྷོ་ཕྱོགས་སུ་རྒྱལ་པོ་ཆེན་པོས་ནོར་སྤུངས་པ་འདྲ་བ།
ནུབ་ནས་བླ་མ་དགེ་བའི་བཤེས་གཉེན་གྱིས་ཆོས་འཆད་པའི་ཕྱག་རྒྱ་མཛད་འདྲ།
བྱང་ཕྱོགས་སུ་གནོད་སྦྱིན་མགར་བ་ནག་པོས་དགྲ་དཔུང་གཞོམ་པའི་རྫུ་འཕྲུལ་གྱི་སྟོབས་སྐྱེད་པ་འདྲ་བ།
ཤར་ལྷོ་ནས་དགེ་མཚན་དང་ལྡན་པའི་ཆུ་
རྒྱུན་དལ་གྱིས་འབབ་པ།
ལྷོ་ནུབ་ནས་ཟོ་དོར་གཉེན་པོས་ལས་བཞིའི་ཕྲིན་ལས་གཡེལ་མེད་དུ་སྒྲུབ་ཅིང་ནུབ་བྱང་ནས་དཔའ་བོ་མཁའ་འགྲོས་ཚོགས་
ཀྱི་འཁོར་ལོ་ལ་ལོངས་སུ་སྤྱོད་ཅིང་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ངོམ་པ་འདྲ་བ།
བྱང་ཤར་དུ་མི་སྡེ་ལོངས་སྤྱོད་རྒྱས་ཤིང་ལོ་ཐོག་གི་འབྲས་བཟང་གཡུར་དུ་
དུད་པ།
ཁྱད་པར་གནས་རི་སེངྒེའི་གཟུགས་དང་འདྲ་བ་ཤིན་ཏུ་ལེགས་པར་གཟིགས་ཏེ་མཚོ་ཆུང་ཞིག་ཡོད་པ་བསྲུབས་ནས་ས་འདུལ་མཛད་སྐབས།
ས་ལྷའི་གཏོར་མ་བྱ་རོག་གིས་ཁྱེར་ནས་ལུང་པའི་གཡོན་ངོས་བྲག་སེངྒེ་འདྲ་བའི་མཁལ་ཁུང་ཐད་དུ་རྡོ་སྨུག་པོ་ཁྲི་འདྲ་བ་གྲུ་བཞི་ཞིག་གི་སྟེང་དུ་
བཞག་པ་ན།
ཆོས་སྐྱོང་གི་ལུང་བསྟན་དུ་གཟིགས་པའི་རྟེན་འབྲེལ་ཤིན་ཏུ་བཟང་པོ་བྱུང་བས་རྡོ་ཁྲི་དེ་ལ་གཞི་བྱས་ནས་གཙུག་ལག་ཁང་གི་རྨང་
བཏིང་།
བཀའ་གདམས་པའི་དགོན་པ་དེའང་དེར་སྤོས་ནས་རྒྱལ་བ་འབྲི་གུང་པའི་ལུགས་སྲོལ་རྨ་མེད་པ་འཛིན་པའི་སྡེ་བཙུགས།
དེ་ནས་རིམ་བཞིན་
གཟིམ་སྤྱིལ་ཟུར་མཁར་སོགས་བསམ་གཏན་པའི་སྤང་ཁང་དུ་མ་དང་།
གཙུག་ལག་ཁང་དུ་སྐུ་རྟེན་གྱི་གཙོ་བོར། བཀའ་གཉེན་སུམ་འབྲུམ་སྟག་རྩེས་
ཟངས་དང་ས་ཡི་ལྷ་མོས་རིན་པོ་ཆེ་ཟི་ན་དུང་དཀར་ཙམ་ཞིག་ཕུལ་བར་གྲགས་པ་དང་།
གཞན་ཡང་རིན་པོ་ཆེའི་བྱེ་བྲག་དུ་མ་ཞིག་ལ་རྒྱུ་མཛད་དེ།
སྤྲུལ་པའི་བཟོ་བོ་བསམ་པ་དང་འགྲུབ་པ་ཞེས་མིང་བཀྲ་ལེགས་པ་གཉིས་ཀྱིས་སྐུ་གཟུགས་ཐིག་ཚད་དང་ལྡན་ལ་བཟོ་དབྱིབས་ཤིན་ཏུ་ལེགས་པ་གྲུབ་
པས་བཟོ་བོའི་མིང་དང་བསྟུན་ཏེ་མཚན་ཇོ་བོ་ཡིད་བཞིན་བསམ་འགྲུབ་ཅེས་གསོལ།
ནང་བཞུགས་སུ་སངས་རྒྱས་བྱང་སེམས་ཀྱི་འཕེལ་གདུང་བསམ་
ལས་འདས་པ་བཞུགས། གསུང་རྟེན་ལ་མདོ་སྡེའི་སྡེ་སྣོད་པུ་ཏི་གྲངས་མང་།
ཐུགས་རྟེན་ལ་ལི་གདུང་ཁྱད་འཕགས་གསུམ་སོགས་བཞེངས། ཁམས་
མགྱོགས་རྡོ་རྗེ་སྙིང་པོས་ཁྲི་འདུ་ཁམས་མགྱོགས་ལྷ་ཁང་དུ་བཞུགས་སུ་གསོལ་བའི་ས་ལུགས་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྐུ་དང་།
སྐྱོབ་པ་
རིན་པོ་ཆེའི་སྐུ་གཉིས། ཇོ་བོ་མེ་ཐུབ་མ། ཐུབ་པ་རྒྱ་ནག་ཆུ་གཟིགས་མ།
འགུ་རྫོང་མཆོད་རྟེན་ལེགས་པར་གྲུབ་ཟིན་པའི་དུས་སུ་རྒྱ་གར་དུར་ཁྲོད་
བསིལ་བ་ཚལ་ནས་འཕུར་བར་གྲགས་པའི་རྡོ་རྗེ་ཕག་མོའི་སྐུ།
འབྲི་གུང་སྤྱན་སྔ་བའི་ཐུགས་དམ་གྱི་རྟེན་ཨ་ཕྱི་མཆེད་གསུམ།
སྐྱོབ་པ་འཇིག་རྟེན་
མགོན་པོས་ཁམས་མགྱོགས་རྡོ་རྗེ་སྙིང་པོ་ལ་གནང་བའི་ཨ་ཕྱིའི་ཞལ་འབག
གྲུབ་ཐོབ་དངོས་གྲུབ་ཀྱི་གཏེར་མ་གནམ་ལྕགས་ཀྱི་རྡོ་རྗེ། ཕ་དམ་པའི་
ཐུགས་དམ་གྱི་རྟེན་གསེར་དམར་ལས་གྲུབ་པའི་སྒྲོལ་སྔོན་གྱི་སྐུ་སོགས་གདན་དྲངས།
རྟེན་འདི་དག་ནང་སོ་བྱ་ར་བ་ཆོས་སྐྱོང་རྣམ་རྒྱལ་གྱིས་གདན་
དྲངས་པའི་ལོ་རྒྱུས་ཀྱང་ཡོད།
དགུང་ལོ་ལྔ་བཅུའི་སྐོར་ཏེ་རབ་བྱུང་བདུན་པའི་མགོར།
སྔར་སྒ་ཨ་གཉན་དམ་པས་བཞེངས་པའི་འགུ་རྫོང་མཆོད་རྟེན་
དེ་ལ་ཕྱུག་འབྱོར་བཙན་གྲགས་ཅན་ཅི་ངེའི་བརྒྱ་དཔོན་གྱིས་སྦྱིན་བདག་ཞུས་ཏེ་ལམ་མགྲོན་དང་བཅས་པ་ལས་ཁྲལ་ལ་བསྐུལ་ནས་རྒྱ་བསྐྱེད་དེ་
བཞེངས།
སྐབས་དེར་བཀའ་གདམས་པའི་དགེ་བཤེས་ལབ་མཁན་ཆེན་ཡོན་ཏན་དཔལ་ཞེས་རྗེ་བདག་ཉིད་ཆེན་པོ་ཙོང་ཁ་པའི་སློབ་མར་གྱུར་པ་དེ་
ལྷ་སྒྲར་བསོད་སྙོམས་སུ་ཕེབས་པའང་ལས་ཁྲལ་ལ་བསྐུལ་ཅིང་ཆོས་གོས་དང་རྗེ་བླ་མས་གནང་བའི་འབྲལ་སྤངས་རྡོ་ག་མ་སོགས་འཕྲོག་པས།
མཁར་
པ་རིན་པོ་ཆེ་བསོད་ནམས་རྒྱལ་མཚན་གྱི་ཞབས་གྲས་ནང་མ་ཞིག་ལ།
ཆོས་གོས་བརྒྱ་དཔོན་གྱིས་འཕྲོག་པ་དང་། བསླབ་གཞི་འཛིན་པའི་དགེ་སློང་
རྣམས་ལ་དེ་ཉིད་མེད་དུ་མི་རུང་ཞིང་།
ཞག་གིས་བཅད་ན་ལྟུང་བས་གོས་པའི་རྒྱུ་མཚན་བཅས་ཞིབ་ཏུ་གསུངས་པ་བཞིན་དེས་མཁར་པ་རིན་པོ་ཆེའི་
སྙན་དུ་གསོལ། མཁར་པ་རིན་པོ་ཆེས།
མདང་ང་ཡི་རྨི་ལམ་གྱི་མཚན་ལྟས་ཤིན་ཏུ་བཟང་བས་བླ་མ་དེ་ཁྱད་པར་འཕགས་པའི་སྐྱེས་བུ་དམ་པ་ཞིག་ཡིན་
པ་གོར་མ་ཆག་གསུངས་ནས་ཆོས་གོས་ཕྱག་ཏུ་འཕྲོད་ཐབས་དང་མཇལ་འཕྲད་མཛད།
འབྲལ་སྤང་གི་ལྟུང་བ་འབྱུང་ཚུལ་ལས་འཕྲོས་པའི་གཞི་ཚུལ་
ཁྲིམས་ཀྱི་བསླབ་པ་གཞི་རྩར་གྱུར་པའི་སོ་སོར་ཐར་པའི་དོན་རྣམས་ཕྱིན་ཅི་མ་ལོག་པར་གསུང་འཕྲོས་མཛད་པར་མཁར་པ་རིན་པོ་ཆེ་ཤིན་ཏུ་དགྱེས་
ཤིང་མི་ཕྱེད་པའི་དད་པ་འཁྲུངས།
སྔར་མཁན་ཆེན་ཡོན་ཏན་དཔལ་ཉིད་མདོ་སྨད་ཀྱི་ལྗོངས་སུ་རྒྱལ་བ་གཉིས་པའི་བསྟན་པ་སྤེལ་བའི་ཕྱིར་ཞབས་
སོར་སྐྱོད་པའི་ཚེ་རྗེ་ཙོང་ཁ་པ་ཆེན་པོས།
ཁམས་སུ་ཁྱོད་ལ་ང་ཡི་བསྟན་པ་འཛིན་པའི་གང་ཟག་རྒྱལ་མཚན་ཞེས་འབོད་པ་ཞིག་འོང་བས།
དེ་ལ་སྐུ་
བརྙན་ང་འདྲ་མ་( རྗེ་ཉིད་དང་བྱིན་རླབས་ཁྱད་པར་མེད་པ་)འདི་འཕྲོད་པར་གྱིས།
ཞེས་ལུང་བསྟན་པའི་སྐྱེས་བུ་དམ་པ་དེ་རྗེ་མཁར་པ་རིན་པོ་ཆེ་
ཡིན་པར་མཁྱེན་ནས་རྗེའི་བཀའ་ལྟར།
སྐུ་ང་འདྲ་མ་ཕུལ་ནས་རྗེ་བླ་མས་ལུང་བསྟན་གནང་ཚུལ་ཐམས་ཅད་ཞུས།
མཁར་པ་རིན་པོ་ཆེ་ཡང་ཐུགས་
ཤིན་ཏུ་མཉེས་ཏེ་དེ་ཕྱིན་ནས་རི་བོ་དགེ་ལུགས་པའི་ལུགས་སྲོལ་བཟང་པོ་འདི་ཉིད་བསྐྱངས།
དེ་ནས་མི་རབས་གཅིག་གཉིས་ཙམ་སོང་བ་ན་སོག་པོ་
ཨོ་རོད་རྒྱལ་པོའི་དམག་སུམ་སྟོང་ཁམས་སུ་སླེབས་པ་སོག་པོ་རྟ་ཁྲབ་ཅན་ཞེས་སོག་དམག་གི་འུར་ཟིང་ཆེ་བ་བྱུང་བ་ན།
དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་
རྟེན་མཆོག་འཕྲོག་པར་དོགས་ཏེ་ཤར་ཆེན་རྫ་གསེབ་ཏུ་སྦས་པས་དགོན་པ་ལ་ཡང་ཉམས་ཆག་སོགས་མི་དགེ་བའི་མཚན་ལྟས་དུ་མ་ཞིག་བྱུང་།
ཕྱིས་
སུ་བཙལ་ཀྱང་མ་རྙེད་སྐབས།
རྒྱུད་སྨད་གྲྭ་ཚང་གི་བླ་མ་ཆོས་སྐྱོང་དཔལ་ལྡན་མདོ་སྨད་དུ་ཕེབས་པའི་ལམ་ནས་ཞབས་སྙུན་ཚུལ་ཞིག་གིས་རྐྱེན་བྱས་
ཏེ་རེ་ཞིག་དགོན་འདིར་བཞུགས།
བླ་མ་འདིའི་མཚན་ལ་ངག་དབང་མཁྱེན་གཟིགས་ཞེས་ཁམས་ལྷ་ཐོག་གི་སྐྱོར་དཔོན་གྱི་རིགས་ལ་འཁྲུངས་ཡུལ་རྒྱལ་
མོ་ཚ་བ་རོང་ནས་ཡིན་ཅེས་པའང་ཡོད།
དེ་ལྟར་བླ་མ་དེ་དགོན་འདིར་བཞུགས་སྐབས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་རྫ་གསེབ་ཏུ་སྦས་ནས་མ་རྙེད་
པའི་ལོ་རྒྱུས་ཞུས་པས།
གང་དུ་བཞུགས་པའི་རྒྱུས་ཨི་ཡོད་གསུངས་ཀྱང་ངེས་ངེས་ཞུ་རྒྱུ་མ་རྙེད།
དེ་ནས་ཁོང་གིས་ཡི་དམ་གྱི་རྣལ་འབྱོར་ལ་འབད་པ་
མཛད་ནས་འཚོལ་དུ་ཕེབས་པས་འཇའ་ཤར་བ་དང་ཨ་ར་པ་ཙའི་སྒྲ་སོགས་ལྟས་བཟང་པོ་བྱུང་བས་ཤར་ཆེན་རྫ་རྒྱུད་དུ་བཞུགས།
དེ་ནུབ་ཁ་བ་
བབས་པ་ལ་ཟངས་ཤིན་ཏུ་ཆེ་བ་ཞིག་གི་རྒྱ་ཁྱོན་ཙམ་དུ་ཁ་བ་མ་ཆགས་པ་ལས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་རྙེད།
གཟའ་སྐར་དགེ་བའི་ཉིན་སྦལ་
གུར་གྱི་གྱད་རིགས་བོན་མགོ་བདུད་འདུལ་དབང་གྲགས་ཀྱིས་སྐུ་དེ་ཟུར་མཁར་དུ་སྤྱན་དྲངས་པས་བཞུགས་ཡུལ་དུ་བདེ་སྐྱིད་འཕེལ་ཞིང་བླ་སློབ་
ཐམས་ཅད་སྐུ་ཚེ་དང་ཕྲིན་ལས་རྒྱས་པ་བྱུང་།
དེ་ནས་བླ་མ་ཆོས་སྐྱོང་དཔལ་ལྡན་གྱིས་དགོན་འདིར་འཇིགས་བྱེད་ཀྱི་བདག་འཇུག་དང་།
ཆོས་སྲུང་
ནག་པོ་སྐོར་གསུམ་གཏོར་ཆོག་སོགས་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་ཕྱག་ལེན་ཕྲ་ཞིང་ཞིབ་པ་འཛུགས་པར་གནང་སྟེ།
བདག་དགོན་གནས་བདེ་བ་
ཆེན་པོའི་གླིང་འདིར་བཞུགས་པར་སྤྲོ་གསུངས་པས་དགོན་མིང་བདེ་ཆེན་གླིང་ཞེས་གྲགས།
བླ་མ་གཤེགས་ཁར་སློབ་མ་དང་སྙུང་གཡོག་རྣམས་ལ། ང་
ཡི་སྤུར་འདི་བཞུས་ནས་གདུང་རུས་ཇི་ཡོད་དེ་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཆེན་པོ་ཤ་ར་བའི་གདུང་ཡོད་པའི་མཆོད་རྟེན་དེང་སང་
ཤ་བ་འབུམ་པ་ཞེས་གྲགས་པ་དེར་སྐྱེལ་ཐབས་གྱིས།
དབུ་ཐོད་ལ་ལྷ་འདྲ་བྱོན་འདུག་ན་གནས་འདིར་ཞོག་གསུངས་པ་ལྟར་མཛད་པས་དབུ་ཐོད་རིང་
བསྲེལ་ད་ལྟའང་འགྲོ་བའི་བསོད་ནམས་ཀྱི་རྟེན་སྐལ་དུ་བཞུགས་བཞིན་པའོ། །
དེ་རྗེས་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་རྣམ་སྤྲུལ་སྐུ་མདུན་ཆོས་སྐྱོང་རྣམ་
རྒྱལ་གྱིས་རྭ་ཉག་ཕུན་ཚོགས་ཐེག་ཆེན་གླིང་བཏབ་སྟེ་དགོན་མ་བུ་ཟུང་འབྲེལ་དུ་ལུགས་གཉིས་ཀྱིས་བསྐྱངས།
དགོན་འདིར་སྔགས་ཁང་གསར་སྐྲུན་
དང་། དཔལ་རྡོ་རྗེ་འཇིགས་བྱེད། མགོན་པོ། ཆོས་རྒྱལ། ལྷ་མོ། རྣམ་སྲས།
ཨ་ཕྱི་སོགས་ཀྱི་སྨན་སྐུ་རྣམས་བཞེངས་ཏེ་རབ་ཏུ་གནས་པར་མཛད། དེ་ལྟར་
ཆོས་སྡེ་ཆེན་པོ་འདི་ལ་བླ་མ་ཆོས་སྐྱོང་དཔལ་ལྡན་གྱི་སྐུ་ཕྲེང་ལ་རྒྱུད་པ་བླ་མ་ཞུ་ཞིང་།
དེའི་ཡང་སྲིད་ཚ་བ་དཔའ་ཤོད་དུ་འཁྲུངས་པའི་ངག་དབང་
མཆོག་ལྡན་ནི། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ཤིང་།
སྦྱངས་བརྩོན་གྱི་གོ་ཆ་བརྟན་པས་རིག་པའི་གནས་ཀུན་ལ་མཁས་ཤིང་དཔལ་ལྡན་སྨད་
རྒྱུད་ཀྱི་ཕྱག་ལེན་ཐུགས་སུ་བཞེས་ནས་མཐར་ཆོས་ཀྱི་དགའ་བས་བླ་མ་ཆོས་སྐྱོང་དཔལ་ལྡན་གྱི་ཡང་སྲིད་དུ་ངོས་འཛིན་གནང་ནས་མགར་དགོན་དུ་
གདན་དྲངས།
གསེར་ཁྲི་ལ་མངའ་གསོལ་ནས་རྒྱུད་པའི་ཕྱག་ལེན་མ་ནོར་བ་དགོན་གནས་འདི་ལ་ཉམས་གསོ་མཛད་ཅིང་།
རབ་བྱུང་བཅུ་དྲུག་པའི་
ཤིང་ལུག་( ༡༩༥༥ལོར་)ཡུལ་ཤུལ་དགོན་གསར་དགོན་དུ་སྐུ་གཤེགས།
བྱ་མགྲིན་སྔོན་ཟླ་བའི་རྣམ་སྤྲུལ་དུ་གྲགས་པ་ལ་ཆོས་ཀྱི་དགའ་བའི་སྐུ་ཕྲེང་།
བྷ་
རོའི་རྣམ་སྤྲུལ་དུ་གྲགས་པའི་སྐུ་ཕྲེང་ལ་ཆ་དཀར་བླ་མ་སྟེ་སྤྲུལ་སྐུ་གསུམ་གྱིས་བསྟན་པ་བསྐྱངས།
རབ་ཉི་ས་སྟག་( ༡༦༩༨)ལ་ལྡན་མ་ཤ་ཁྲི་པས་སྐྱོང་
ཞིང་དགེ་འདུན་དྲུག་ཅུ་སྐོར་བཞུགས།
གྲྭ་རྒྱུན་འབྲས་སྤུངས་བློ་གསལ་གླིང་དུ་འགྲོ།
ཞེས་སྡེ་སྲིད་ཀྱིས་བཻ་སེར་དུ་གསུངས། འབར་བའི་རྡོ་རྗེས་ཞབས་
ཀྱིས་བཅགས་ཤིང་དཀར་ཆག་མཛད། རབ་ཚེས་ལྕགས་སྟག་(
༡༨༩༠)ལ་རོང་ཐ་བློ་བཟང་ཆོས་འབྱོར་ལྷུན་གྲུབ་ཀྱིས་དཀར་ཆག་རིན་ཆེན་དོ་ཤལ་
མཛད། རབ་བྱུང་བཅུ་བཞི་པའི་ལྕགས་བྱི་(
༡༨༤༠)ཙམ་ལ་ཆོས་ཀྱི་དགའ་བ་སྡེ་རིང་ལུང་པའི་མདའ་རུ་དབུལ་པོ་ཞིག་གི་ཁྱིམ་དུ་འཁྲུངས།
འོ་རྫོང་
པཎྜི་ཏ་བློ་བཟང་སྦྱིན་པས་བྱ་མགྲིན་སྔོན་ཟླ་བའི་ཡང་སྲིད་དུ་ངོས་འཛིན་མཛད་ནས་མགར་དགོན་གྱི་སྤྲུལ་སྐུའི་ཁྲི་ལ་བཀོད།
ཁོང་ཆུང་ངུ་ནས་ཐུགས་
རིག་གི་རལ་གྲི་རྣོ་ཞིང་།
སྦྱངས་བརྩོན་གྱི་གོ་ཆ་བརྟན་པས་རིག་པའི་གནས་ཀུན་ལ་མཁས་པའི་གྲགས་པ་རབ་ཏུ་འབར་བ་བྱུང་།
བསམ་འགྲུབ་དགོན་
གྱི་ལྷུན་གྲུབ་དཔལ་འབྱོར་དང་སྐལ་བཟང་དགོན་གྱི་སྤྱང་ཕྲུག་སོགས་སློབ་ཚོགས་མང་པོ་བྱུང་ཞིང་།
ཕྱག་རྩོམ་པོད་འགའ་མཛད་ཀྱང་དམ་པའི་ཆོས་
ལ་བསྐུལ་བའི་སྙིང་གཏམ་བརྒྱ་པ་སོགས་ཁ་ཤས་ཙམ་ལས་ཕལ་ཆེ་བ་ད་ལྟ་མི་བཞུགས།
རྒྱུན་དུ་སྨྱུང་གནས་ཁྲི་ཕྲག་ལས་བརྒལ་བ་བཞེས་པ་དང་།
གདན་ས་ཆེན་པོ་བཞི་དང་གསང་ཆེན་རྒྱུད་གྲྭ་རྣམ་གཉིས་གཙོས་དགེ་འདུན་གྱི་སྡེ་རྣམས་ལ་སྐུ་འགྱེད་མང་ཇ་སོགས་བསྙེན་བཀུར་གྱིས་མཆོད་ཅིང་།
མར་ངན་སློང་ཉམས་ཐག་པའི་འགྲོ་བ་ལ་ཆོས་དང་ཟང་ཟིང་གིས་དབུགས་དབྱུང་།
འགུ་རྫོང་མདའི་མཆོད་རྟེན་ཉམས་གསོ་བཏང་བ་སོགས་དཀར་
པོའི་མཛད་ཕྲིན་གྱིས་དུས་འདའ་བའི་ངང་རབ་བྱུང་བཅུ་དྲུག་པའི་ལྕགས་རྟ་(
༡༩༣༠)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ། འཇིག་རྟེན་འདིར་
བཞག་པའི་དབུ་ཐོད་དང་གདུང་རུས་སོགས་སུ་རིང་བསྲེལ་གྱིས་བྱུར་བུར་གཏམས་ཤིང་།
སྤྱན་རས་གཟིགས་ཀྱི་སྐུ་དང་མ་ཎི་རང་བྱོན་སོགས་ངོ་
མཚར་ལ་ཡོན་ཏན་དུ་མས་སྤུད་པ་དག་གསེར་ཟངས་ལས་གྲུབ་པའི་གདུང་རྟེན་ཞིག་ཏུ་བཞུགས་སུ་གསོལ།
དེའི་སྐུ་ཕྲེང་གཉིས་པ་བློ་བཟང་ཚུལ་
ཁྲིམས་རྒྱ་མཚོ་ནི།
ཡབ་འཇམ་དབྱངས་དཔལ་འཛིན་དང་ཡུམ་ཡེ་ཤེས་མཚོ་རྒྱལ་གྱི་སྲས་སུ་ཆུ་སྤྲེལ་(
༡༩༣༢)ལ་ལེ་ཁེབ་ཏུ་འཁྲུངས། ཀུན་གཟིགས་པཎ་
ཆེན་རིན་པོ་ཆེ་ཆོས་ཀྱི་ཉི་མས་ངོས་འཛིན་གནང་སྟེ་གསེར་ཁྲི་མཐོན་པོར་ཞབས་སེན་མངོན་པར་བཀོད།
དགུང་ལོ་ཉི་ཤུ་ཐོག་ལྷ་སར་ཕེབས་ཏེ་སྐྱབས་
རྗེ་ཁྲི་བྱང་རིན་པོ་ཆེ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་སྐུ་འགྱེད་མང་ཇ་དང་ལྷ་ལྡན་ཇོ་བོ།
དགའ་ལྡན་
གསེར་གདུང་ཆེན་མོ། ཇོ་བོ་མི་བསྐྱོད་རྡོ་རྗེ།
ཇོ་བོ་ལོ་ཀི་ཤྭ་ར་སོགས་ལ་ཞལ་གསེར་དང་སྟོང་མཆོད་འབུལ་བ།
ཁྱི་སྤྲང་ལ་སྦྱིན་པ་གཏོང་བ་དང་སྨྱུང་
གནས་ལ་བཞུགས་ཤིང་མ་ཎི་དུང་ཕྱུར་མང་པོའི་དབུ་བླ་མཛད་པ་སོགས་བསྟན་འགྲོ་དོན་རླབས་པོ་ཆེ་མཛད།
ཕྱིས་སྔགས་འཆང་གི་རྟུལ་ཞུགས་
བསྐྱངས་པས་སྲས་ངག་དབང་ཆོས་གྲགས་འཁྲུངས།
མཐར་དགུང་གྲངས་ཉེར་དྲུག་པ་ས་ཁྱི་(
༡༩༥༨)ལོར་འཛིན་བཟུང་བྱས་ནས་བཙོན་དུ་འདས། སྐུ་
ཕྲེང་གསུམ་པ་བློ་བཟང་རྣམ་རྒྱལ་མཆོག་ནི་ཁམས་ཏྲེ་ཧོ་དཀར་མཛེས་ས་ཆའི་ལྷོ་པ་ཚང་དུ་ཡབ་ཤེས་རབ་འོད་ཆེན་དང་ཡུམ་ལྷ་ཕྲུག་སྒྲོལ་མ་གཉིས་
ཀྱི་སྲས་སུ་རབ་རྒྱན་ལྕགས་འབྲུག་( ༢༠༠༠)ལོར་སྐུ་འཁྲུངས།
༧གོང་ས་ཆེན་པོས་འཁྲུལ་བྲལ་དུ་ངོས་འཛིན་མཛད་ཅིང་དགུང་ལོ་བདུན་པའི་མེ་ཁྱི་
(
༢༠༠༧)ལ་མགར་དགོན་བདེ་ཆེན་རྣམ་རྒྱལ་གླིང་གི་གསེར་ཁྲིར་མངའ་གསོལ་མཛད་ཅིང་སློབ་གཉེར་ལ་འབད་བཞིན་བཞུགས།
བྷ་རོའི་རྣམ་སྤྲུལ་
དུ་གྲགས་པའི་ཆ་སྒར་བླ་མའི་སྐུ་ཕྲེང་དང་པོ་སྐད་ཚང་ནས་ཆད་པའི་བཀའ་བཅུ་དོན་ལྡན་གྲགས་པ་ནི།
གཞུང་བཀའ་པོད་ལྔ་ལ་མཐར་ཕྱིན་པས་
མཚན་སྙན་ཡོངས་སུ་གྲགས་ཤིང་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་རྒྱ་ཆེན་པོ་མཛད་ནས་གཤེགས།
དེའི་སྐུ་ཕྲེང་གཉིས་པ་སྐལ་བཟང་ཉི་མ་
རྒྱལ་མཚན་མཆོག་ནི་མདོ་ཐང་གཞུང་མཁན་ཚོང་ལ་སྐུ་འཁྲུངས།
མགར་དགོན་གྱི་ཁྲི་ལ་ཕེབས་ནས་ལམ་བསླབ་པ་གསུམ་ཉམས་བཞེས་ཀྱིས་དགོན་པ་
ལ་གཟིགས་སྐྱོང་ཤིན་ཏུ་ཆེན་པོ་མཛད་ནས་གཤེགས།
སྐུ་ཕྲེང་གསུམ་པ་ཡབ་རིན་ཆེན་རྒྱལ་མཚན་དང་ཡུམ་ཞི་སྲི་ཆོས་མཚོ་གཉིས་ཀྱི་སྲས་སུ་ལྕགས་བྱ་
(
༡༩༢༡)ལ་འགུ་རྫོང་མདའ་རུ་འཁྲུངས་པ་ཀུན་གཟིགས་པཎ་ཆེན་ཆོས་ཀྱི་ཉི་མས་ངོས་འཛིན་གནང་ནས་མཚན་ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་
མཚན་གསོལ། གྲྭ་ས་སེ་འབྲས་སུ་ཕེབས་ནས་མང་ཇ་དང་བསྙེན་བཀུར་མཛད།
ཚུར་ཕེབས་ནས་རང་དགོན་དུ་སྔོན་འགྲོ་འབུམ་བཞི་དང་ཡི་དམ་རྡོ་རྗེ་
འཇིགས་བྱེད་ཀྱི་བསྙེན་མཚམས་ལོ་བདུན་བཅས་བཞུགས་ཤིང་དགུང་ལོ་སོ་བདུན་པའི་མེ་བྱ་(
༡༩༥༧)ལ་གཤེགས། སྐུ་ཕྲེང་བཞི་པ་བསྟན་འཛིན་དོན་
ལྡན་མཆོག་ནི།
རྒྱ་གར་འཕགས་ཡུལ་ལྷོ་ཕྱོགས་འབེ་ལོ་གཞིས་ཆགས་སུ་ཡབ་བྱམས་པ་དབང་ཕྱུག་དང་ཡུམ་བདེ་ཆེན་ཀུན་བཟང་གཉིས་ཀྱི་སྲས་སུ་
བོད་རབ་བྱུང་བཅུ་དྲུག་པའི་ཆུ་གླང་( ༡༩༧༣)ལོར་སྐུ་འཁྲུངས།
༧གོང་ས་ཐམས་ཅད་མཁྱེན་པས་ཆ་སྒར་ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་
མཆོག་གི་ཡང་སྲིད་དུ་ངོས་འཛིན་གནང་།
ཕྱི་ལུགས་༡༩༩༥ལོར་མགར་དགོན་དུ་གདན་དྲངས་ཤིང་བདེན་བཞིའི་ཆོས་འཁོར་སྐོར་བའི་དུས་བཟང་ལ་
གསེར་ཁྲིར་མངའ་གསོལ།
ད་སྐབས་སེ་ར་ཐེག་ཆེན་གླིང་སེར་བྱེད་ལྡན་མ་ཁང་ཚན་དུ་བཞུགས་པ་ལགས་སོ། །
༡༩༥༨ལོའི་དུས་ཟིང་གིས་བསྟན་པ་
ཉམས་མགོ་ཚུགས་པའི་ཡར་སྔོན་དུ་བླ་གྲྭ་༢༥༩( ཡིག་ཚགས་ལྟར)དང་།
འདུ་ཁང་ཀ་བ་༣༦ ལྷ་ཁང་ཁག་དྲུག་ལ་ཀ་བ་༦༥ ཇ་ཁང་ཀ་བ་༡༥ གྲྭ་ཤག་
༧༣བཅས་ལ་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༥༩༧༠
དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ་དང་། ཇོ་བོ་ཡིད་བཞིན་བསམ་འགྲུབ།
བྱམས་མགོན་ལི་ཁྲ་སོགས་སྐུ་འདྲ་༣༣༠༠ཙམ།
གསེར་འབུམ་སྨུག་པོ་སོགས་གསུང་རབ་པོད་༧༥༠ལྷག ཞལ་ཐང་༣༨༠ཙམ།
མཆོད་ཆས་སྣ་གྲངས་
༥༣༠༠ལྷག ཐབ་ཆབ་ཆ་ཚང་། ཞིང་ཁལ་༣༠༠ལྷག རྟ་དྲེལ་༢༠ ནོར་༣༠༥༠ལྷག
དགའ་ལྡན་ལྔ་མཆོད་སོགས་ལོ་རེར་རྒྱུན་ཚོགས་ཉིན་༢༢༣ཡོད།
སྐབས་བཅུ་གཅིག་པ་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཀྱི་ཚུན་དུ་མི་རིགས་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་སོགས་རིམ་
བཞིན་དོན་འབབ་བྱུང་བ་དང་བསྟུན་ཏེ།
རབ་བྱུང་བཅུ་དྲུག་པའི་ཆུ་ཕག་སྟེ་ཕྱི་ལུགས་༡༩༨༣ལོའི་ཟླ་༡༢ཚེས་༡༠ཉིན་ཆོས་སྒོ་འབྱེད་པའི་ཆོག་མཆན་
ཐོབ་པ་ལ་གཏན་ཚད་བླ་གྲྭ་༣༠ཡིན། དགེ་འདུན་རྒྱ་མཚོ་དང་།
ཞེ་ཀེའི་ཟླ་བ་བཟང་པོ། ཟླ་བ་རྒྱལ་མཚན། བློ་བཟང་ཚེ་སྐྱབས།
ཚ་ཁྲོད་ཚེ་རིང་རྒྱལ་
མཚན་བཅས་དབུར་བཞུགས་པའི་སེར་སྐྱ་ཐུན་མོང་གིས་མཆོག་སྤྲུལ་ནམ་མཁའ་རྒྱལ་མཚན་གྱི་ཞལ་བཀོད་བཞིན་སྔོན་གྱི་དགོན་གནས་དེ་སྡེ་རིང་
ངམ་ཆོས་ལུང་མདའ་ལ་སྤོས་ཏེ་ཉམས་གསོ་ཞུས་པས། འདུ་ཁང་གཉིས་ལ་ཀ་བ་༣༥
ཇ་ཁང་ཀ་བ་༦ གྲྭ་ཤག་༤༣བཅས་ལ་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་
གྲུ་བཞི་མ་༡༩༩༠ཡོད། དེའི་དུས་སུ་འགུ་རྫོང་མཆོད་རྟེན་ཡང་ཞིག་གསོ་མཛད།
དཔལ་རྡོ་རྗེ་འཇིགས་བྱེད་དང་བྱམས་མགོན་ལི་ཁྲ་གཙོས་སྐུ་འདྲ་
༣༦༠ སྐྱེས་རབས་དཔག་བསམ་འཁྲི་ཤིང་གཙོས་ཞལ་ཐང་༡༢༠
རྗེ་ཡི་གསུང་འབུམ་གཙོས་གསུང་རབ་པོད་༥༡༦ གཞན་དག་མཆོད་ཆས་སྣ་གྲངས་
༣༡༡༠ ཚོང་ཁང་༡ ཐབ་ཆས་ཆ་ཚང་། ནོར་༣༦
དགའ་ལྡན་ལྔ་མཆོད་སོགས་ལོ་རེར་རྒྱུན་ཚོགས་ཉིན་༡༨༨བཅས་ཡོད།